༸རྒྱལ་བའི་གསུང་འབུམ་ཕྱོགས་སྒྲིག་སྡེ་ཚན་གྱི་འགན་འཛིན་ཡང་སྟེང་རིན་པོ་ཆེ་མཆོག་གིས་ས་རྭ་བོད་ཀྱི་མཐོ་སློབ་ཁང་དུ་འགོ་ཁྲིད་ཟབ་སྦྱོང་སྐབས་དོལ་རྒྱལ་སྐོར་ཆོས་ཕྱོགས་དང་འབྲེལ་བའི་སྐོར་གསུང་བཤད་གནང་བ།

Religious Freedom3

༢༠༡༥ ཟླ་ ༦ ཚེས་ ༢༢ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༦ རེས་གཟའ་མིག་དམར་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༤༥ ཐོག་༸རྒྱལ་བའི་གསུང་འབུམ་ཕྱོགས་སྒྲིག་སྡེ་ཚན་གྱི་འགན་འཛིན་ཡང་སྟེང་རིན་པོ་ཆེ་མཆོག་གིས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་བལ་ཁུལ་གྱི་མཐོ་སློབ་ ༣༧ ནས་སློབ་གཉེར་བ་ ༡༥༠ སྐོར་ལ་འགོ་ཁྲིད་ཟབ་སྦྱོང་དང་རྒྱ་བལ་གཉིས་སུ་ཡོད་པའི་ཤེས་རིག་ཁོངས་གཏོགས་སློབ་གྲྭ་ ༧༣ ནས་གཞི་རིམ་འོག་མའི་དགེ་རྒན་ ༢༥༠ སྐོར་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་སྟངས་སྐོར་ཟབ་སྦྱོང་གོ་སྒྲིག་བཅས་གནང་སྐབས་དོལ་རྒྱལ་སྐོར་ཆོས་ཕྱོགས་དང་འབྲེལ་བའི་སྐོར་གསུང་བཤད་གནང་བ་ཕྱོགས་སྒྲིག་ཞུས་པའི་ནང་གསལ། དོལ་རྒྱལ་བསྟེན་སྲོལ་བྱས་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་ཚུལ་དང་དམ་ཚིག་སྲུང་དགོས་པ་གལ་ཆེ་ཚུལ་སྐོར་གསུང་བཤད་གནང་དོན། ང་རང་ཚོ་ནང་པ་ཞིག་ཡིན་པའི་ངོས་ནས་སྐྱབས་བཅོལ་ས་དཀོན་མཆོག་གསུམ་ཡིན་པ་ལས་དཀོན་མཆོག་གསུམ་ལས་གཞན་པའི་ང་ཚོར་སྐྱབས་གནས་ཤིག་མེད། འོ་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ནས་ངེས་པར་སྤངས་དགོས་པ་ག་རེ་ཡོད་པ་ རེད་ཞུ་ན། སངས་རྒྱས་ལ་སྐྱབས་སུ་འགྲོ་ནས་འཇིག་རྟེན་པའི་ལྷ་འདྲེ་དང་ལམ་ལོག་པ་སྟོན་པའི་མི་དགེ་བའི་བཤེས་གཉེན་ལ་གཏན་གྱི་སྐྱབས་གནས་སུ་བསྟེན་མི་རུང་བ་དང་། ཆོས་ལ་སྐྱབས་སུ་འགྲོ་ནས་སྲོག་ཆགས་གྲོག་འབུ་ཚུན་ཆད་ཀྱི་སྲོག་ལ་གནོད་པ་བྱེད་མི་རུང་བ་དང་། དགེ་འདུན་ལ་སྐྱབས་སུ་འགྲོ་ནས་སྡིག་པའི་གྲོགས་པོ་དང་འགྲོགས་མི་རུང་བ་བཅས་རེད། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ནས་ངེས་པར་བྱེད་དགོས་པ་གསུམ་ཡོད། སངས་རྒྱས་ལ་སྐྱབས་སུ་འགྲོ་ནས་སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་པ་ཚུན་ཆད་ ལ་ལེགས་ཉེས་མི་ལྟ་བར་དད་གུས་བྱེད་དགོས་པ་དང་།

ཆོས་ལ་སྐྱབས་སུ་འགྲོ་ནས་སངས་རྒྱས་ཀྱི་གསུང་ཡིག་འབྲུ་ན་གཅིག་ཚུན་ཆད་འདོར་ མི་རུང་བར་སློབ་སྦྱོང་གང་ཐུབ་བྱེད་དགོས་པ་དང་། དགེ་འདུན་ལ་སྐྱབས་སུ་འགྲོ་ནས་དགེ་འདུན་གྱི་ཆ་ལུགས་ལའང་གུས་ཞབས་བྱེད་དགོས་པ་བཅས་རེད། དེ་འདྲ་ཡིན་དུས་སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་འདྲེ་ག་འདྲ་ཞིག་ཡིན་ནའང་སྐྱབས་སུ་བསྟེན་མི་རུང་བ་དེ་ནང་པ་ཡོངས་རྫོགས་ཀྱི་གཞི་རྩའི་ འགྲོ་སྟངས་རེད། ནང་པ་ཡིན་ཟེར་ནས་ནང་པ་མཐའ་དག་གིས་ངེས་པར་བརྩི་སྲུང་ཞུ་དགོས་པ་དེ་བརྩི་སྲུང་མ་ཞུས་ན་ནང་པ་རེད་ཅེས་ལབ་ཐུབ་ཐབས་མེད།

དོལ་རྒྱལ་བསྟེན་མཁན་ཚོས་དོལ་རྒྱལ་ནི་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ཡིན་ པས་འཇིག་རྟེན་པའི་ལྷ་འདྲེ་མིན་ཞེས་ཨུ་ཚུགས་རྒྱག་གི་ཡོད་མོད། དེའི་ཁུངས་ནི་ཕ་བོང་ཁ་པ་རིན་པོ་ཆེ་སོགས་ཀྱིས་མཛད་པའི་དོལ་རྒྱལ་གྱི་བསྐང་གསོའི་ནང་དོལ་རྒྱལ་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ཡིན་པར་གསུངས་པ་དེ་རེད། དེ་ནི་དྲང་པོར་ཞུས་ན་བསམ་བློ་རྩ་བ་ནས་མ་བཏང་བའི་སྐྱོན་རེད། གང་རེད་ཞེ་ན། ནམ་རྒྱུན་ཡོངས་གྲགས་འཇིག་རྟེན་པའི་ལྷ་ལ་བརྩི་བཞིན་པའི་གནས་ཆུང་རྡོ་རྗེ་གྲགས་ལྡན་དང་། དགའ་གདོང་། ཚངས་པ། བསེ་ཁྲབ། སེ་ར་སྨད་གྲྭ་ཚང་གི་སྲུང་མ་ཐ་བོ་སོགས་ཚང་མའི་བསྐང་གསོའི་ནང་སྲུང་མ་དེ་ཚོ་ ཚང་མ་རྒྱལ་བ་རིགས་ལྔ་སོགས་ཀྱི་རྣམ་སྤྲུལ་ཡིན་པར་གསུངས་ཡོད་པས་འཇིག་རྟེན་ པའི་སྲུང་མ་ཚང་མ་སངས་རྒྱས་རེད་ཅེས་ལབ་དགོས་པ་ཆགས་ཀྱི་རེད། ཕ་བོང་ཁ་རིན་པོ་ཆེ་དང་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ནས་དོལ་རྒྱལ་གྱི་བསྐང་གསོ་དང་འཕྲིན་བཅོལ་ནང་དུ་དོལ་རྒྱལ་འཇམ་དཔལ་གྱི་རྣམ་སྤྲུལ་ཡིན་པའི་བསྟོད་པ་དེ་འདྲ་ཡོད་པ་མ་གཏོགས་ནམ་རྒྱུན་ཡོངས་གྲགས་ཀྱི་གསུང་རྩོམ་ནང་དོལ་རྒྱལ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཡིན་པ་རྩ་བ་ནས་གསུངས་མེད། སྲུང་མ་སོ་སོའི་འཕྲིན་བཅོལ་དང་བསྟོད་པའི་ནང་སངས་རྒྱས་བྱང་སེམས་སྤྲུལ་པ་ཤ་ སྟག་རེད་ཅེས་ཟེར་ནས་བྲིས་ཡོད་པས་དེས་དོལ་རྒྱལ་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་ པའི་ཁུངས་འཁྱོལ་གྱི་མ་རེད།

ཡང་དོལ་རྒྱལ་བ་ཚོས། ང་ཚོས་འཇམ་དཔལ་དབྱངས་ལ་བརྩིས་ནས་བསྟེན་གྱི་ཡོད་པས་སྐྱབས་འགྲོའི་བསླབ་བྱ་དང་འགལ་གྱི་མ་རེད་ཟེར་གྱིན་ཡོད། དེ་འདྲ་ཡིན་ན། སྐྱབས་ལ་བསྟེན་ཆོག་མི་ཆོག་གི་ཁྱད་པར་རྩ་བ་ནས་མེད་པ་དང་། དངོས་ཡོད་གནས་ཚུལ་ལ་མཐར་ཐུག་གི་སྐྱབས་ཡིན་མིན་གྱི་ཁྱད་པར་ཡང་བཤད་མི་ཤེས་པར་ཆགས་ཀྱི་རེད་ལ། འཇིག་རྟེན་ལྷ་འདྲེ་ཡོད་ཚད་སྐྱབས་མཐར་ཐུག་ལ་རྩིས་དགོས་པ་ཆགས་རྒྱུའི་ཉེན་ཁ་ཡོད། གང་ཡིན་ཟེར་ན། འཇིག་རྟེན་པའི་ལྷ་འདྲེ་ཡོད་ཚད་ལ་སྐྱབས་མཐར་ཐུག་ལ་རྩིས་ནས་དད་པ་བྱེད་མཁན་རེ་རེ་ཡོད་ཆོག་དུས་ཡོད་ཚད་སངས་རྒྱས་ཀྱི་སྤྲུལ་པ་དང་སྐྱབས་ལ་བསྟེན་དགོས་པར་འགྱུར་གྱི་རེད། དོལ་རྒྱལ་བསྟེན་མཁན་ཚོས་དངོས་གནས་མཁྱེན་དགོས་ཚོད་རེད། འཇིག་རྟེན་ལས་འདས་པའི་སྲུང་མ་ཚོ་མིའི་ཁོག་ནང་ཞུགས་རྒྱུ་མེད་པ་རེད། དཔེར་ན། དམ་ཆོས་རྒྱལ་མིའི་ཁོག་ནང་ཞུགས་ཟེར་བ་དང་། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་མིའི་ཁོག་ནང་ཞུགས་ཟེར་བ་ཡོང་མ་མྱོང་བ་རེད། མ་ཟད་ཡི་དམ་རྡོ་རྗེ་འཇིགས་བྱེད་མིའི་ཁོག་ནང་ཞུགས་རྒྱུ་མེད་པ་ཚང་མས་མཁྱེན་ གསལ་རེད། དེ་འདྲ་སོང་ཙང་དོལ་རྒྱལ་འཇིག་རྟེན་པའི་ལྷ་འདྲེ་ཡིན་པ་ཐེ་ཚོམ་མི་དགོས་པ་རེད།

དོལ་རྒྱལ་བསྟེན་གསོ་གནང་མཁན་ཚོས་དོལ་རྒྱལ་འཇམ་དཔལ་དབྱངས་ཡིན་པའི་སྒྲུབ་བྱེད་མཐར་ཐུག་དེ་སྐྱབས་རྗེ་ཕ་བོང་ཁའི་དོལ་རྒྱལ་གྱི་འཕྲིན་བཅོལ་དང་བསྐང་གསོའི་ནང་གསུངས་པ་དེ་རེད། དེས་ཁུངས་མི་འཁྱོལ་བ་མ་ཟད། གོང་ཞུས་ལྟར་ཡོངས་གྲགས་དོལ་རྒྱལ་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ཡིན་པ་སྐྱབས་རྗེ་ཕ་བོང་ཁས་རྩ་བ་ནས་གསུངས་མྱོང་མེད། གལ་སྲིད་དོལ་རྒྱལ་གྱི་འཕྲིན་བཅོལ་དེ་འདྲའི་ནང་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་རེད་གསུངས་པའི་རྒྱུ་མཚན་དེ་ཙམ་གྱིས་དོལ་རྒྱལ་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་རེད་ཅེས་ཨུ་ཚུགས་རྒྱག་བསྡད་པ་ཡིན་ན། དེ་ལས་ཀྱང་དོལ་རྒྱལ་བ་ཚོས་ངེས་པར་ཁས་ལེན་དགོས་པ་མ་ཟད་ཨུ་ཚུགས་རྒྱག་དགོས་པ་དེ་ག་རེ་རེད་ཟེར་ན། ཕ་བོང་ཁ་རིན་པོ་ཆེ་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་དང་། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ནས་ཀྱང་ཡོངས་གྲགས་ཐོག་ནས་༸གོང་ས་མཆོག་འཕགས་པ་སྤྱན་རས་གཟིགས་སྐུ་རློན་པ་དེ་ཡིན་པ་གསུངས་ཡོད། ཁོང་རྣམ་གཉིས་ཀྱི་གསུང་འབུམ་ནང་གསལ་པོ་ཡོད། ལམ་རིམ་རྣམ་གྲོལ་ལག་བཅངས་ནང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་གསལ་པོ་གསུངས་ཡོད། དེ་འདྲ་ཡིན་དུས་དོལ་རྒྱལ་བ་ཚོས་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་གསུངས་པ་ཡིན་ དུས་བདག་པོ་རྒྱག་གི་ཡོད་ཟེར་ན། གསུང་འདི་ཚོ་ཡང་བདག་པོ་རྒྱག་དགོས་པ་རེད། གཞན་གསུང་ཁ་ཤས་རང་གི་འདོད་པ་དང་མཐུན་ཙང་བདག་པོ་བརྒྱབ་པ་དང་། རང་གི་འདོད་པ་དང་མི་མཐུན་དུས་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་དང་ཕ བོང་ཁའི་གསུང་ཡིན་ནའང་བདག་པོ་རྒྱག་གི་མིན་ཟེར་ན་ག་འདྲ་ཆགས་ཀྱི་རེད།

དོན་གནད་གཞན་ཞིག་ལ། ༸རྒྱལ་བ་ཡིད་བཞིན་ནོར་བུ་ང་ཚོ་བོད་མི་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དང་རྩ་བའི་བླ་མ་ཡིན་པར་མ་ཟད། ང་ཚོ་ཚང་མ་ཡིད་བཞིན་ནོར་བུའི་སྐུ་མདུན་ནས་ལམ་རིམ་སོགས་མདོ་ཕྱོགས་ཀྱི་ཆོས་དང་། དུས་འཁོར་དབང་ཆེན་གྱིས་གཙོས་པའི་སྔགས་ཀྱི་ཆོས་ཚང་མ་ཞུས་ཡོད་དུས་ང་ཚོས་བླ་མའི་དམ་ཚིག་དང་འགལ་མི་རུང་བ་རེད། བླ་མས་ངེས་པར་དུ་བྱེད་ཤོག་གསུངས་པའི་བསླབ་བྱ་དེ་ཚོ་བླ་མའི་དམ་ཚིག་རེད། སོ་སོའི་རྩ་བའི་བླ་མས་གལ་ཆེ་དོན་ཆེ་ལ་རྩིས་ནས་བཀའ་སློབ་གནང་བ་དེ་མ་བྱེད་པ་དང་ད་དུང་དེ་ལས་ལྡོག་སྟེ་ངོ་རྒོལ་ལྟ་བུ་བྱེད་བསྡད་པ་ཡིན་ན་བླ་མ་སྐུ་ཚེ་ཡུན་ དུ་བཞུགས་པ་ལ་གནོད་ཀྱིན་ཡོད། རྒྱུ་མཚན་ག་རེ་རེད་ཞུ་ན། ཡིད་བཞིན་ནོར་བུ་བོད་གངས་ཅན་ཞིང་དུ་བྱོན་པ་ཁོ་རང་ང་ཚོ་ལ་ལམ་སྟོན་བསླབ་བྱ་གནང་བའི་ཆེད་དུ་བྱོན་པ་རེད། གལ་སྲིད་ང་ཚོས་ལམ་སྟོན་དེ་མ་སྒྲུབ་པ་ཡིན་ན་བྱོན་པའི་དགོས་དོན་དེ་མ་འགྲུབ་པ་རེད། དེ་ཡིན་དུས་ཡིད་བཞིན་ནོར་བུ་བཞུགས་པ་ལ་དགོས་པ་མེད་པ་ཆགས་ན་བཞུགས་ཀྱི་མ་རེད། ཡིད་བཞིན་ནོར་བུ་བསམ་བཞིན་དུ་སྐྱེ་བ་བཞེས་པ་རེད། བསམ་བཞིན་དུ་ཞིང་ཁམས་གཞན་དུ་ཕེབས་ཀྱི་རེད། ལྷག་པར་དོལ་རྒྱལ་བ་ཚོས་ངོ་ཚ་ཁྲེལ་མེད་ཐོག་མདུན་ལ་ཐོན་ནས་ངོ་རྒོལ་བྱས་ཡོང་དུས་རྩ་བའི་ངོ་རྒོལ་བྱེད་མཁན་མི་ཁ་ཤས་གཅིག་ལས་མེད་རུང་། ང་ཚོ་མི་མང་ཚོས་ངོ་རྒོལ་བྱེད་པ་མཐོང་བཞིན་དུ་ཁུ་སིམ་མེར་བསྡད་པ་དང་། ངོ་རྒོལ་བྱེད་པ་དེ་མུ་མཐུད་ནས་བྱེད་དུ་བཅུག་པ་འདྲ་པོ་བྱས་ནས་བསྡད་པ་ཡིན་ན་དོན་དུ་རྒྱབ་སྐྱོར་ལྟ་བུར་ཆགས་སྲིད་པས་ཚང་མས་བོད་སྤྱིའི་རྩ་དོན་ལ་དགོངས་པ་བཞེས་ནས་ག་རེ་གནང་དགོས་མིན་གཟིགས་དགོས་པ་རེད། ལྔ་བཅུ་ང་དགུའི་ལོར་རྒྱ་གར་དུ་བྲོས་ཡོང་ནས་ངོ་ཤེས་པ་ས་དང་གནམ་ལས་མེད་དུས་ང་ ཚོ་བོད་མི་ཚོས་སྡུག་སྐད་རྒྱག་ས་༸ཡིད་བཞིན་ནོར་བུ་གཅིག་པུ་རེད། གཞན་སུ་གཅིག་ཀྱང་མེད་པ་བརྗེད་མི་ཉན།

དོལ་རྒྱལ་བ་ཁག་གཅིག་ནས་བཤེས་གཉེས་བསྟེན་ཚུལ་སྐོར་བཤད་ཁུལ་བྱེད་ཀྱི་ཡོད་མོད་དོན་ངོ་ཁོ་ཚོར་བཤེས་གཉེན་བསྟེན་ཚུལ་སྐོར་བཤད་པའི་ཐོབ་ཐང་རྩ་བ་ནས་མེད། རྒྱུ་མཚན་ག་རེ་རེད་ཟེར་ན། ད་ལྟ་དོལ་རྒྱལ་བསྟེན་མཁན་ཡིན་ཟེར་བའི་མདུན་ལ་ཐོན་མཁན་དེ་ཚོ་ཚང་མ་བརྒྱ་ཆ་དགུ་ཅུ་གོ་དགུ་ཡིད་བཞིན་ནོར་བུའི་སྐུ་མདུན་ནས་དབང་དང་སྡོམ་པ་ཞུ་མྱོང་མཁན་ཤ་སྟག་རེད།།