དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་གསང་ཆེན་སྔགས་ཀྱི་རྩོད་པའི་ཆོས་ཐོག་ཆེན་མོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གསར་གཏོད་གནང་བ།

IMG_0063

༄༅། །འདི་གར་བོད་མི་མང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༥ ཉིན་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་གསང་ཆེན་སྔགས་ཀྱི་འཇང་དགུན་ཆོས་སམ་རྩོད་པའི་ཆོས་ཐོག་ཆེན་མོ་དེ་བཞིན་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གསར་འཛུགས་ཞུས་ཡོད་པ་དང་། དེ་ཡང་མཉམ་ཞུགས་གནང་མཁན་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ཀྱིས་གཙོས་པའི་སྲད་རྒྱུད་གྲྭ་ཚང་དང་། རྣམ་རྒྱལ་གྲྭ་ཚང་། གཞན་ཡང་གདན་ས་གསུམ་གྱི་དགེ་བཤེས་ལྷ་རམས་པ་དང་། གསང་སྔགས་དོན་གཉེར་ཅན་གྱི་དགེ་བཤེས་དང་གཞུང་ལུགས་རབ་འབྱམས་སྨྲ་བ་བཅས་དགེ་འདུན་པ་བཞི་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་པ་རེད། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཞྭ་སེར་བསྟན་པའི་སྲོག་ཤིང་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། གསང་ཆེན་རྒྱུད་གྲྭ་རྣམ་གཉིས་དང་། སེར་བྱེས་དང་སྲད་རྒྱུད། རྫོང་དཀར་ཆོས་སྡེ་བཅས་ཀྱི་གྲྭ་ཚང་གི་མཁན་པོ་རྣམ་པ། སེར་སྨད་དང་བཀྲ་ཤིས་ལྷུན་པོའི་མཁན་ཚབ། གཞན་ཡང་སྦེལ་ཀོབ་དང་ཧུན་སུར་ས་གནས་གཉིས་ཀྱི་རིས་མེད་ཆོས་སྡེ་ཁག་གི་སྐུ་ཚབ། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ལས་ཟུར་དང་། ལྷོ་སྤྱི་དང་ལུགས་བསམ་གཞིས་འགོ་གཅིག་ལྕོགས། བདེ་སླར་དང་ཧུན་སུར་བཅས་ཀྱི་ས་གནས་འགོ་འཛིན་དང་། ས་གནས་མཉམ་འབྲེལ་དང་།

IMG_0044 རང་བདེན་ཚོགས་གཙོ་བཅས་གཞིས་ཆགས་ཁག་གསུམ་གྱི་གནད་ཡོད་མི་སྣ་བཅས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེས་གདན་ཞུས་ཀྱིས་ཁྲི་ཁར་འཁོད་མཚམས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སྔགས་རམས་པ་ཉི་མ་ཚེ་རིང་ལགས་ནས་མཛད་རིམ་སྒྲོག་སྦྱོང་གནང་བ་དང་། བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་ལུས་མེར་སྲེག་གནང་བས་མཚོན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ཚང་མ་སྐུ་བཞེངས་ཐོག་སྐར་མ་གཅིག་རིང་མྱ་ངན་ངག་བཅད་གནང་བ་དང་། དེ་ནས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་གྲུབ་རྗེས་རྒྱུད་གྲྭ་རྣམ་གཉིས་ཀྱི་དགེ་འདུན་བརྒྱད་གྲྭ་ནས་དཔལ་གསང་བ་འདུས་པའི་ཤིས་བརྗོད་གནང་བ་དང་། དེ་ནས་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་ཕེབས་བསུ་དང་འབྲེལ་བའི་མཛད་རིམ་གྱི་གལ་གནད་སྐོར་གཏམ་བཤད་གནང་སྐབས། གོ་སྒྲིག་ཚོགས་ཆུང་གི་བྱུང་རིམ་དང་ད་ལྟའི་བར་མཛད་རིམ་གང་དག་སྤེལ་བ་དང་། སྤེལ་འཆར་ཡོད་སྐོར། དེ་ཡང་མདོ་སྔགས་གཉིས་ཀའི་ཐོག་ལ་བཤད་སྒྲུབ་གཉིས་ཀྱི་ལམ་ནས་རིས་མེད་ཆོས་བརྒྱུད་ཁག་དང་། དགོན་སྡེ་ཁག་མཉམ་ཞུགས་ཀྱིས་༸རྒྱལ་བའི་བཀའ་གསུང་ཅི་སྒྲུབ་ཀྱི་ཐད་རྩོམ་ཤོག་ཐོག་བགྲོ་གླེང་དང་། རྩོད་པའི་ཆོས་ཐོག་གསར་འཛུགས་སོགས་ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་བཀའ་སློབ་གནང་བའི་དགོངས་དོན་གཞིར་བཞག་མཆོད་སྤྲིན་སྤྲོ་ཐབས་ལ་འབད་བརྩོན་ཞུ་བཞིན་ཡོད་པ་དང་།

   ད་རེས་གསང་ཆེན་སྔགས་ཀྱི་རྩོད་པའི་ཆོས་ཐོག་འདིར་མཚོན་ན། གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ཀྱི་ཁས་ལེན་འཛིན་མཚམས་ཙམ་མ་ཡིན་པར་ཉིན་རེའི་རྩོད་གཞུང་གི་སྐབས་མཚམས་སོ་སོར་སྒྲུབ་པ་ལྷུར་ལེན་ལ་ཉེ་བར་མཁོ་བའི་མན་ངག་དང་ཕྱག་བཞེས་ག་རེ་ཡོད་པ་དོན་གཉེར་ཅན་ཚོའི་དགའ་སྟོན་དུ་གནང་དགོས་པའི་གལ་ཆེའི་རང་བཞིན་དང་། ཉིན་རེ་ཉིན་རེའི་རྩོད་པའི་འགྲོ་ཕྱོགས་བཅས་ཀྱི་སྐོར་ལ་གཏམ་བཤད་ཞུས་པ་དང་། རྒྱུད་སྨད་མཁན་རིན་པོ་ཆེ་ནས་འཕགས་པ་སྤྱན་རས་གཟིགས་དང་བོད་གངས་ཅན་དབར་གྱི་འབྲེལ་བ་དང་། ༸རྒྱལ་བ་ཐུགས་རྗེ་ཅན་གྱིས་སྐུ་ངལ་འཛེམ་མེད་དང་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་ཆོལ་གསུམ་ཆོས་ལུགས་དང་བཅས་པ་རྡོག་རྩ་ཆིག་སྒྲིལ་བཟོས་གནང་བ་དང་། མ་འོངས་པར་ཡང་ང་ཚོས་བོད་དོན་འཐབ་རྩོད་ཐད་ཆིག་སྒྲིལ་གལ་ཆེའི་སྐོར། ༸རྒྱལ་བ་ཐུགས་ཕམ་གྱི་ལས་དོན་ཆ་ཙམ་ཡང་སྒྲུབ་མི་རུང་བའི་སྐོར། ད་རེས་ཀྱི་ཆོས་ཐོག་འདི་ལ་ཐོག་མཐའ་བར་གསུམ་གྱི་ཀུན་སློང་ཀུན་སྤྱོད་ཁྱེར་ཕྱོགས་སྐོར་བཀའ་སློབ་གནང་། དེ་ནས་རྒྱུད་སྟོད་མཁན་རིན་པོ་ཆེ་མཆོག་ནས་༸རྒྱལ་བ་བཀའ་དྲིན་ཅན་གྱིས་བོད་པ་བཙན་བྱོལ་བ་ཚོས་ས་དང་གནམ་མ་གཏོགས་ངོ་ཤེས་པ་མེད་པའི་སྐབས་མཚམས་ནས་སྐུ་ངལ་བསྐྱོན་ཏེ་ད་ལྟའི་ཆར་འཛམ་གླིང་ཡུལ་གྲུ་གང་སར་གསུང་གི་ལེགས་བཤད་ཀྱི་སྣང་བས་ཁྱབ་སྟེ་བོད་བསྟན་པ་ཆབ་སྲིད་འདི་བཞིན་གསོན་ཤུགས་རྒྱས་ཡོད་སྐོར་དང་། དགོན་སྡེ་གྲྭ་ཚང་ཁག་དང་སློབ་གྲྭ བཟོ་གཞིས་ཁག་སྔར་མེད་གསར་སྐྲུན་དང་བཅས་པའི་ཐད་སྐུ་ངལ་ཚད་མེད་བསྐྱོན་སྐོར། ད་རེས་འདིར་ཕ་བླ་མའི་ཞབས་ཏོག་སྒྲུབ་པས་འཇལ་ཟེར་བ་ལྟར་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་མཛད་རིམ་འདི་བཞིན་ཕྱག་བསྟར་གནང་བ་དུས་ཀྱི་དགོས་མཁོ་དང་འཚམས་ཤིང་།

  ལོ་རྒྱུས་ཐོག་བཀོད་འོས་པའི་གསར་གཏོད་ཀྱི་ཆོས་ཐོག་འདི་བཞིན་མ་འོངས་པར་ཡང་རྒྱུན་མཐུད་དགོས་གལ་ཆེ་སྐོར་གསུང་བཤད་གནང་། དེ་རྗེས་སེར་བྱེས་མཁན་རིན་པོ་ཆེ་མཆོག་ནས་ཚང་མས་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་རྗེས་སུ་དྲན་དགོས་པ་དང་། གསང་སྔགས་འདི་བཞིན་མང་པོ་ལས་ཐོས་པ་དང་། མང་པོ་ཐོས་རྒྱུ་གལ་ཆེ་བ། ཚང་མས་ཁུར་མཉམ་ལེན་གྱི་ཐོག་ནས་བསྟན་པ་ཉམས་ཆག་ཏུ་མ་འགྲོ་བའི་ཐབས་ཤེས་བསྟེན་དགོས་པ། མ་འོངས་པར་ཡང་མུ་མཐུད་ཆོས་ཐོག་རྒྱུན་མཐུད་དགོས་སྐོར་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོས་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་མཆོག་ནས་དགུང་ལོ་བཅུ་དྲུག་ནས་བཟུང་མི་ལོ་དྲུག་བཅུའི་རིང་སྐུ་ངལ་ཚད་མེད་བསྐྱོན་གནང་བ་དང་། ད་ལྟའི་ཆར་ཁོང་གི་བཀའ་དྲིན་གྱིས་ཕྱི་ནང་གི་མཐུན་རྐྱེན་ཕུན་སུམ་ཚོགས་པ་འཛོམས་པའི་སྐབས་འདིར་གུང་ཐང་རིན་པོ་ཆེས་གསུངས་པ་ལྟར། དེང་དུས་ཡབ་རྗེའི་སྲོལ་བཟང་ཡང་། །སྙིགས་མ་མུན་པའི་རྡུལ་གྱིས་ཁེབས། །དཔལ་དང་འབྱོར་བས་རབ་རྒྱས་ཀྱང་། །བཤད་དང་སྒྲུབ་པས་ཤིན་ཏུ་ཕྲ། །བསམ་གྱིན་ཤེས་པ་སྙིང་ནས་འཕྱོ། །ཞེས་པ་ལྟར་དེང་སང་ཆ་རྐྱེན་ཡོད་པའི་སྐབས་འདིར་བཤད་སྒྲུབ་ཟུང་འབྲེལ་གྱི་བསྟན་པ་འཛིན་རྒྱུ་གལ་ཆེ་སྐོར་དང་། ང་ཚོ་བཙན་བྱོལ་དུ་ཡོང་དོན་རང་མགོ་གང་ཐོན་གྱི་ཆེད་དུ་མིན་པར་བོད་བསྟན་པ་ཆབ་སྲིད་རང་དབང་ཕྲ་ཚུགས་པ་ཞིག་ཡོང་དགོས་རྒྱུ་གལ་ཆེ་བ་དང་། བོད་པའི་སྤྱི་ཚོགས་ནང་གང་བྱུང་མང་བྱུང་བཤད་ནས་༸རྒྱལ་བ་ཐུགས་ཕམ་གྱི་གནས་ཚུལ་མི་བཟོ་རྒྱུ་གལ་ཆེའི་སྐོར།

  དེ་ཡང་ས་གནས་འགོ་འཛིན་རྣམ་པ་ཚོ་དང་། དགོན་སྡེ་ཁག་གི་མཁན་རིན་པོ་ཆེ་རྣམ་པས་ཐུགས་འགན་རྐང་བཞེས་ཀྱིས་མང་ཚོགས་ནང་གོ་རྟོགས་སྤེལ་དགོས་པ། རིམ་ལྔ་གསལ་སྒྲོན་ལ་མཚོན་ན་རྗེ་རིན་པོ་ཆེར་གངས་ཅན་ཤིང་རྟའི་སྲོལ་འབྱེད་ཅེས་པའི་མཚན་འདོགས་གནང་སའི་བསྟན་བཅོས་འདི་དང་དྲང་ངེས་ལེགས་བཤད་སྙིང་པོ་ཆགས་ཀྱི་ཡོད་པ། དེ་ཡང་ཕྲ་ཞིང་མཛངས་ལ་ཞིབ་པའི་བློ་གྲོས་ཀྱིས་འཇུག་རྒྱུ་གལ་ཆེ་བ། རྫོགས་རིམ་ཤེས་པ་ལ་བསྐྱེད་རིམ་ཤེས་དགོས་པ། ཆོ་ག་བློ་འཛིན་གལ་ཆེ་བ། གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ཀྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་ལ་ཐུགས་སྣང་དགོས་སྐོར། རྒྱ་གཞུང་གི་སློབ་ཚན་ཁག་ལ་ཤུགས་རྒྱག་དགོས་སྐོར། མདོ་ཕྱོགས་གདན་ས་ཁག་དང་། སྔགས་ཕྱོགས་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ནས་ཐུགས་འགན་བཞེས་དགོས་སྐོར་བཀའ་སློབ་ཟབ་རྒྱས་གནང་བ་དང་། མཇུག་ཏུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་ཞུས་གྲུབ་པ་དང་རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ་གསུང་འདོན་གནང་བ་དང་། ཚང་མ་སྐུ་པར་མཉམ་བསྒྲོན་གྱི་མཇུག་ཏུ་དགེ་བཤེས་ཚོས་རྒྱུད་པའི་ཕྱག་བཞེས་ལྟར་འཁོར་གསུམ་དམ་བཅའ་ཚུགས་ཡོད། དགོང་དྲོ་སྐུ་མགྲོན་གཙོ་བོ་དབུ་བཞུགས་ཐོག་སྔགས་ཀྱི་རྩོད་པའི་དམ་བཅའ་དངོས་སུ་འགོ་འཛུགས་ཞུས་པ་དང་། ཉིན་ལྟར་འཇང་དགུན་ཆོས་ནང་བཞིན་སྔ་དྲོ་རྩོད་ཟླ་དང་དམ་བཅའ། དགོང་དྲོ་དམ་བཅའ་ཆེན་མོ་དང་རྩོད་ཟླ་གནང་རྒྱུ་བཅས་ཉིན་གྲངས་བཅུ་གསུམ་རིང་ཚོགས་འཆར་ཡོད་པ་དང་། དེ་ཡང་ལུས་དབེན་སྟོད་སྨད་གཉིས་དང་། ངག་དབེན་དང་། སེམས་དབེན། སྒྱུ་ལུས་དང་འོད་གསལ། ཟུང་འཇུག་བཅས་ལམ་རིམ་པ་དྲུག་ལ་སྟོད་སྨད་གཉིས་རེ་བྱས་ཏེ་རྩོད་པ་འགྲོ་འཆར་ཡོད་པ་བཅས།།