ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་འཐུས་ཚོགས་ནས་དོལ་རྒྱལ་དང་འབྲེལ་བའི་གྲོས་ཆོད་བཞག་པ།

ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༨ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༨ ཉིན་ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་འཐུས་ཚོགས་ནས་དོལ་རྒྱལ་དང་འབྲེལ་བའི་གྲོས་ཆོད་ཁག་གསུམ་བཞག་པ་རྣམས་གཤམ་གསལ།

༡། དོལ་རྒྱལ་རྗེས་འབྲང་པ་རྣམས་ཀྱི་བྱེད་བབ་དེ་རིགས་ནི་དངུལ་དངོས་ཀྱི་ཁེ་ཕན་ཁོ་ནའི་བསླུ་ཁྲིད་འོག་བོད་མི་ནང་ཁུལ་དཀྲུག་ཤིང་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་མཚན་སྨད་སྐུར་འདེབས་བྱས་པ་སོགས་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་འགྱུར་ཡོད་པ་ལས། ཆོས་དད་རང་དབང་ཡོད་མེད་ཀྱི་གནད་དོན་དང་འབྲེལ་བ་སྤུ་ཙམ་མེད་པ་ས་གནས་འཐུས་ཚོགས་འདིའི་ཐོག་ནས་ངོས་འཛིན་གསལ་པོ་བྱེད་རྒྱུ་དང་། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དགོས་མཁོའི་གཡོ་བྱུས་འོག་དྲིན་ལན་ལོག་འཇལ་དང་། ལས་འབྲས་བརྩིས་མེད་ཀྱི་བོད་བསྟན་སྲིད་མི་རིགས་དང་བཅས་པར་གནོད་ཚབས་ཅན་གྱི་ བསམ་མེད་དོལ་རྒྱལ་རྗེས་འབྲང་པ་རྣམས་ལོ་རྒྱུས་ཐོག་གི་ནག་ཉེས་ཅན་ལའང་ངོས་འཛིན་བྱ་རྒྱུ།

༢། ཨ་རི་དང་རྒྱ་གར་གསང་བའི་ལས་ཁང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱར་སྔར་ལྷག་གཟབ་ནན་བྱ་གལ་ཆེ་བའི་སྙན་ཐོ་ཐོན་ཡོད་པས་བོད་མིའི་སྒྲིག་འཛུགས་དང་། བོད་མི་ཡོངས་ཀྱི་རྫི་གསང་དང་། བོད་མི་ཡོངས་ཀྱིས་རྫི་གསང་རྣོན་པོས་ཕྱར་གྲུ་མཉམ་འདེགས་བྱ་ཕྱོགས་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་སྐབས་རྒྱ་གར་དབུས་སའི་གཞུང་དང་། བདེ་སྲུང་ལས་ཁུངས། ས་གནས་སོ་སོའི་བོད་མིའི་སྒྲིག་འཛུགས། དེ་བཞིན་ཕྱིའི་ཡུལ་གྲུ་གཞན་གང་སར་ཆིབས་སྒྱུར་བཀའ་དྲིན་སྐྱོང་སྐབས་སྐུ་ཚབ་དོན་གཅོད་སོགས་ཀྱི་རྒྱལ་ཁབ་དང་ཡུལ་ལུང་སོ་སོའི་འབྲེལ་ཆགས་སོ་སོར་སྔོན་ཚུད་ནས་འབྲེལ་ལམ་དམ་གཟབ་ཀྱི་སྐུ་ཕྱྭའི་སྲུང་སྐྱོབ་ཞུ་རྒྱུར་སྔར་ལྷག་དམ་གཟབ་བྱ་རྒྱུ།

༣། ཉེ་སྔོན་ཨ་རིའི་གྲོང་ཁྱེར་སན་ཕ་རན་སི་སི་ཀོ་རུ་དོལ་རྒྱལ་རྗེས་འབྲང་བྱ་སྤྱོད་དོན་རྐྱེན་གྱི་འབྱུང་རྩ་ཇི་བཞིན་སྐོར་འཛིན་སྐྱོང་བཀའ་ཤག་གིས་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ། འདི་རིགས་མི་བྱུང་བའི་ལམ་སྟོན་དང་བཀོད་ཁྱབ་ནན་པོ་གནང་དགོས་པ་བཅས་ཀྱི་སྤྱི་ མོས་གྲོས་ཆོད་དུ། དོན་ལྡན་གླིང་ས་གནས་འཐུས་ཚོགས་སྐབས་བརྒྱད་པའི་ཚོགས་ཐེངས་ལྔ་པའི་ཐོག་སྤྱི་མོས་གྲོས་ཆོད་དུ། ཞེས་གྲོས་ཆོད་ཁག་གསུམ་བཞག་འདུག །

Related Articles

ལམ་སྟོན།