༸པཎ་ཆེན་སྐུ་ཕྲེང་བཅུ་པས་དོལ་རྒྱལ་བསྟེན་པར་མཛད་དམ།

panchen-lamaདེ་ཡང་བོད་ནས་པར་དུ་ཐོན་པའི་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་གསུང་འབུམ་ཁ་པའི་ཁོངས་༸འཇམ་མགོན་རྒྱལ་བའི་བསྟན་སྲུང་རྡོ་རྗེ་ཤུགས་ལྡན་རིགས་ལྔ་དྲག་པོ་རྩལ་གྱི་བསྐང་ཆོག་ལས་བཞི་ལྷུན་གྱིས་འགྲུབ་པའི་སྒྲ་དབྱངས་ཞེས་པ་ཞིག་སྣང་བས། འདི་དེང་སང་དོལ་རྒྱལ་སྟེན་མི་རྣམས་ཀྱིས་༸པཎ་ཆེན་སྐུ་ཕྲེང་རིམ་བྱོན་རྣམས་རྒྱལ་བ་འོད་དཔག་མེད་ཀྱི་སྤྲུལ་པར་གྲགས་པས། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་ལྟ་བུའི་སྐྱེས་བུ་དམ་པ་དེས་དོལ་རྒྱལ་གྱི་ཆེ་བསྟོད་འདི་ལྟ་བུ་ཞིག་མཛད་འདུག་ན། དེས་ན་དོལ་རྒྱལ་ནི་ངེས་པ་དོན་ལ་འཇམ་དཔལ་དྲག་ཏུ་ཁྲོས་པ་ཡིན་པར་གདོན་མི་ཟ། དེའི་ཕྱིར་༸སྤྱི་ནོར་༸གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པའི་དོལ་རྒྱལ་སྐོར་གྱི་གསུང་རྣམས་སྒྲ་ཇི་བཞིན་པ་མིན་པའམ། ཡང་ན་ལོག་པར་གསུངས་པར་སྒྲོ་བཏགས་ཏེ། འཆལ་གཏམ་སྣ་ཚོགས་ཤིག་སྨྲ་བཞིན་འདུག་པ་ལ་ཚུལ་མཐུན་གྱིས་ལན་བྱེད་པ་ལ་གསུམ། སྔོན་གྱི་བཤད་པ། དཔྱད་པ་དངོས། མཇུག་བསྡུ་བའོ། །

དང་པོ། དེ་ཡང་སྟོན་པ་འཇིག་རྟེན་འདིར་བྱོན་པ་ནས་བཟུང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་དར་རྒུད་སྣ་ཚོགས་པར་བྱུང་དང་འབྱུང་འགྱུར་ལ། བསྟན་པའི་གནད་ཤེས་པའི་མཁས་པ་རྣམས་ཀྱིས་བསྟན་པའི་བྱི་དོར་ལ་མ་འབད་ན། དམ་པར་གྲགས་ཚད་ཀྱིས་གསུང་ཚད་ལ་ཤེས་རབ་ཆུང་བ་རྣམས་བདེན་པར་རློམ་ནས་བསྲེས་ལྷད་ཀྱིས་ཐུབ་པའི་བསྟན་པ་རིན་པོ་ཆེ་འདམ་རྫབ་ཀྱི་རྙོག་མ་དང་འདྲེས་པར་འགྱུར་ཉེན་ཆེ་ལ། དེའི་ཕྱིར་ཡིན་ལུགས་ཕུ་ཐག་ཆོད་པའི་ཤེས་རབ་ཀྱིས་དཔྱད་དེ་འཇུག་པ་ནི་སངས་རྒྱས་པའི་རྨད་དུ་བྱུང་བའི་ལུགས་ཡིན་ཏེ། རྗེ་བདག་ཉིད་ཆེན་པོས་ཐོག་མཐའ་བར་གསུམ་དུ་དགེ་བའི་སྨོན་ལམ་དུ།

ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས། །ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟག་ནས། །
བསམ་བྱའི་གནད་ལ་བསམས་ལས་བྱུང་བ་ཡི། །རྣམ་དཔྱོད་བློ་ཡིས་ཐེེ་ཚོམས་ཆོད་པར་ཤོག ། ཅེས་གསུངས་པའི་ཕྱིར། །

དེ་ཡང་བསྟན་པའི་གནད་ཤེས་པའི་དམ་པ་རྣམས་ནི་བརྟག་ཅིང་དཔྱད་དེ་ཡིན་ལུགས་གཏན་ལ་ཕབ་སྟེ་ཉམས་སུ་ལེན་པ་ལས། དད་པ་ཁོ་ནའི་རྗེས་སུ་འབྲངས་ནས་མ་བརྟག་མ་དཔྱད་པར་འཇུག་པར་མི་བྱེད་པ་ལྟར། རང་གཞན་ཀུན་གྱིས་དེ་ལྟར་དགོས་པའི་ཚུལ་གཞན་དུ་རྒྱས་པར་བྲིས་ཟིན་པས་འདིར་བསྐྱར་བར་མི་བྱའོ། །

གཉིས་པ།

༸པཎ་ཆེན་རིན་པོ་ཆེའི་གསུང་འབུམ་ཁ་པའི་ཁོངས་གོང་སྨོས་བསྐང་གསོ་དེ་ཕྱོགས་བསྡུས་བྱས་ནས་འདུག་པས། དེ་རྩོམ་པ་པོ་༸པཎ་ཆེན་རིན་པོ་ཆེ་སོགས་སུ་ཡིན་རུང་། དུས་ཇི་ཙམ་ཞིག་དུ་མཛད་དམ་ཞེ་ན། དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་པར་དུ་བཏབ་པའི་དོལ་རྒྱལ་གྱི་བེའུ་བུམ་པོད་གཉིས་ཡོད་པ་དེའི་ནང་དུའང་བསྐང་གསོ་དེ་ཕྱོགས་བསྡུས་བྱས་ནས་འདུག་ལ། བེའུ་བུམ་གྱི་པོད་གཉིས་པོ་ནི་སོག་པོ་གུ་རུ་དེ་ཝ་ཞེས་དོལ་རྒྱལ་ལ་སྙིང་ནས་དད་པའི་བླ་མའི་མིང་ཡོད་པའི་བླ་རྒན་ཞིག་ཡོད་པ་དེས་དེ་སྔ་ ༡༩༨༤ ལོར་པར་དུ་བཏབ་པ་ཡིན་ཞེས་བེའུ་བུམ་དེ་གའི་མཇུག་ཏུ་གསལ། དེས་ན་བསྐང་ཆོག་དེ་མཛད་དུས་ ༡༩༨༤ ཡི་ནང་དུའམ། ཡང་ན་དེའི་གོང་དུ་མ་གཏོགས་རྗེས་སུ་བརྩམས་ཏེ་པར་སྔོན་དུ་བཏབ་པ་མིན་པ་ནི་ཤེས་སླ། མཛད་པ་པོ་༸པཎ་ཆེན་རིན་པོ་ཆེའི་མཚན་ཐོག་ནས་ཡོད་པ་དང་། མཛད་ཡུལ་ནི་བཀྲ་ཤིས་ལྷུན་པོའི་བདེ་ཆེན་ཕོ་བྲང་དང་། བསྐུལ་བ་པོ་མཁན་དྲུང་ཏཱ་བླ་མ་ནོར་བྲང་བློ་བཟང་རྒྱལ་མཚན་དང་། རྩེ་མགོན་རྡོར་སློབ་བློ་བཟང་བྱང་ཆུབ་གཉིས་ཡིན་ཞེས་བསྐང་ཆོག་དེའི་མཇུག་གི་མཛད་བྱང་དེར་གསལ། རྐྱེན་ནི་གོང་གི་བསྐུལ་བ་པོ་གཉིས་ནས་རྒྱལ་ཆེན་རིགས་ལྔའི་བྲིས་ཐང་གསར་པ་བཞེངས་བགྱིས་ཐོག་འཕྲིན་བཅོལ་སྨོན་ཚིག་མདོར་བསྡུས་ཤིག་དགོས་ཞེས་བསྐུལ་བས་མཚམས་སྦྱར་ཏེ་ཡིན་ཞེས་པ་ཡང་མཛད་བྱང་དེར་གསལ།

དེ་ཡང་སྤྱིར་༸པཎ་ཆེན་རིན་པོ་ཆེས་བསྐང་གསོ་དེ་མཛད་མིན་དང་། ཅི་སྟེ་མཛད་ན་དུས་ནམ་ཞིག་གི་ཚེ་ཡིན་མིན། བསྐང་ཆོག་གི་ཚིག་ཟིན་གྱི་དོན་རྣམས་༸པཎ་ཆེན་རང་ཉིད་ཀྱི་དགོངས་པ་ཡིན་མིན། སྐུ་ཚེ་སྟོད་སྨད་ཀྱི་དགོངས་པ་ལ་ཁྱད་པར་ཡོད་མིན། བསྐང་འཕྲིན་དང་བསྟོད་པ་བརྩམས་པ་ཙམ་གྱིས་དོལ་རྒྱལ་བསྟེན་པས་ཁྱབ་མིན་དང་། ཡང་སྐྱེས་བུ་དམ་པ་ཞིག་གིས་ལྷ་ཞིག་བསྟེན་པ་ཙམ་གྱིས་ལྷ་དེ་ཚད་མར་གྱུར་པས་ཁྱབ་མིན་སོགས་ཀྱི་དཔྱད་པ་རྣམས་གནད་ཆེ་བས། འདིར་བློས་ཅི་ནུས་ཀྱིས་དཔྱད་པར་བྱའོ། །

དེ་ཡང་བསྐང་གསོ་དེ་༸པཎ་ཆེན་རིན་པོ་ཆེའི་གསུང་འབུམ་ཁོངས་སུ་བསྡུས་ནས་ཡོད་པ་ཙམ་གྱིས་དེ་༸པཎ་ཆེན་རང་ཉིད་ཀྱི་གསུང་ཡིན་པས་ཁྱབ་པ་མེད་དེ། གཞན་གྱིས་༸པཎ་ཆེན་རིན་པོ་ཆེའི་མཚན་གཡར་ཏེ་བྲིས་པ་ཡང་སྲིད་ཅིང་། དེ་༸པཎ་ཆེན་རང་ཉིད་ཀྱིས་མཛད་པའི་སྒྲུབ་བྱེད་ཏུ་ཕྱག་ཤོག་ངོ་མའི་འདྲ་གཟུགས་སོགས་གཅིག་ཀྱང་སྟོན་རྒྱུ་མེད་པའི་ཕྱིར། ༸པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་པར་དུ་ཐོན་པས་ཀྱང་དེ་༸པཎ་ཆེན་གྱིས་མཛད་པར་མ་སྒྲུབ་ཏེ། སྟག་བྲག་རིན་པོ་ཆེའི་མཚན་ཐོག་ནས་༸རྒྱལ་དབང་བཅུ་སུམ་པར་ཕུལ་བའི་མཎྜལ་ལྗགས་བཤད་༸སྐྱབས་རྗེ་ཕ་བོང་ཁས་མཛད་པ་དེར་༸རྒྱལ་དབང་བཅུ་སུམ་པས་བསྟོད་བསྔགས་མཛད་པ་ཡང་དོན་ལ༸སྐྱབས་རྗེ་ཕ་བོང་ཁར་བསྟོད་བསྔགས་མཛད་པ་ཡིན་ཞེས་༸སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་ནང་གསལ་བ་ལྟར། གཞན་གྱི་མཚན་གཡར་ཏེ་མཛད་སྲོལ་སྔར་ནས་ཡོད་པ་ལྟར་འདིར་ཡང་གཞན་གྱིས་བསྐུལ་ངོ་མ་བཟློག་པར་༸པཎ་ཆེན་རིན་པོ་ཆེས་རང་གི་མཚན་ཐོག་ནས་མཚན་ཞབས་སོགས་གཞན་ཞིག་ལ་མཛད་དུ་བཅུག་པ་ཡང་སྲིད་པའི་ཕྱིར།

ཅི་སྟེ་དེ་༸པཎ་ཆེན་རིན་པོ་ཆེས་མཛད་པའི་དབང་དུ་བྱས་ན་དུས་ནམ་ཞིག་གི་ཚེ་མཛད་པ་ཡིན་ཞེ་ན། ༡༩༨༤ ལོར་པར་དུ་ཐོན་པ་ལ་བསམ་ཚེ་བསྐང་གསོ་དེ་ ༡༩༨༤ དང་། དེའི་གོང་གང་རུང་ཞིག་ཏུ་མཛད་པ་ལས་མ་འདས། ༸པཎ་ཆེན་རིན་པོ་ཆེ་ནི་ ༡༩༨༢ ལ་མ་གཏོགས་བོད་དབུས་སུ་དང་སྒོས་སུ་བཀྲ་ཤིས་ལྷུན་པོར་ ༡༩༦༢ ནས་བཟུང་ལོ་ངོ་ཉི་ཤུ་རིང་ཕེབས་རྒྱུ་མ་བྱུང་། ཕྱི་ལོ་ ༡༩༨༢ ཕྱི་ཟླ་ ༧ ཚེས་༢༢ ལ་བཀྲ་ཤིས་ལྷུན་པོར་ཞབས་ཀྱིས་བཅགས་ཏེ་ཆོས་སྲིད་ཀྱི་བྱ་བ་ལོ་ངོ་ཉི་ཤུ་ཙམ་འཕྲོ་ལ་ལུས་པ་དང་འཐུས་ལ་ཤོར་བ་རྣམས་བསྐྱར་གསོ་དང་འཕྲོ་སྐྱོང་བའི་དུས་དེར་བསྐུལ་བ་པོ་གོང་ཞུས་གཉིས་ནས་ཀྱང་དོལ་རྒྱལ་གྱི་བསྐང་གསོ་མཛད་པར་བསྐུལ་བ་ཡང་དཀའ་ཞིང་། བསྐུལ་ཡང་༸པཎ་ཆེན་རིན་པོ་ཆེ་ཟླ་བ་གཅིག་ལྷག་ཙམ་གཙང་དུ་བཞུགས་ཡུན་རིང་། མཇལ་ཁ་དང་ཆོས་འབྲེལ། དེ་བཞིན་བཀའ་སློབ་དང་མཛད་འཆར་གཞན་སོགས་ཀྱི་མཛད་བྲེལ་ཆེ་སྐབས་དོལ་རྒྱལ་རིགས་ལྔ་དང་སྦྱར་བའི་བསྐང་གསོ་མཛད་ཁོམ་དཀའ་ལ། ཁྱད་པར་མཛད་བྱང་དུ་གསལ་བ་ལྟར་བསྐུལ་བ་པོ་གཉིས་ནས་འཕྲིན་བསྐུལ་མདོར་བསྡུས་ཤིག་བསྐུལ་ངོར་དུས་ཤིན་ཏུ་བྲེལ་ཆེ་བ་དེའི་ཚེ་ཤིན་ཏུ་རྒྱས་པའི་བསྐང་ཆོག་བརྩམས་པ་ནི་ཡིད་ཆེས་པར་དཀའ།

ཡང་དེ་དུས་བསྐུལ་བ་པོ་མཁན་དྲུང་ཏཱ་བླ་མ་དང་རྩེ་དགོན་རྡོར་སློབ་བློ་བཟང་བྱང་ཆུབ་གཉིས་སྐུ་ཚེ་འཚོ་བཞུགས་ཡིན་མིན་ཡང་བཤད་པར་དཀའ་ལ། བཞུགས་ཀྱང་དོལ་རྒྱལ་རིགས་ལྔའི་བྲིས་ཐང་གསར་བཞེངས་སོགས་ཀྱང་དེ་དུས་དཀའ་སྟེ། སྤྱིར་དོལ་རྒྱལ་རིགས་ལྔའི་བྲིས་ཐང་གསར་བསྒྲུབ་དེ་ཆོས་དོན་གྱི་བྱ་བ་ཡིན་མིན་ཇི་ལྟར་རུང་། དེ་དུས་བོད་དུ་རྒྱ་དམར་གྱི་མནར་གཅོད་འོག་ཉིན་མཚན་འཁྱོལ་ཐབས་མེད་པ་དང་། ཆོས་དད་རང་དབང་སོགས་ཀྱི་གནས་སྟངས་གཉན་འཕྲང་ཅན་གྱི་སྐབས་ཡིན་པས་དོལ་རྒྱ་རིགས་ལྔའི་བྲིས་ཐང་གསར་བཞེངས་སོགས་ཀྱི་སྤྲོས་པ་ཡོང་སྟངས་མེད་པའི་ཕྱིར།

༡༩༨༣ ལོར་ནི་ལོ་རིལ་པོར་༸པཎ་ཆེན་རིན་པོ་རྒྱ་ནག་ཏུ་བཞུགས་པ་ལས་བོད་དུ་ཕེབས་མེད། ༡༩༨༤ ལོར་ཕྱི་ཟླ་ ༩ ཚེས་ ༡༤ ནས་ ༡༧ བར་༸པཎ་ཆེན་རིན་པོ་ཆེ་ཀན་སུའུ་ཞིང་ཆེན་ཁོངས་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ་ཕེབས་ནས་པེ་ཅིན་དུ་ཕྱིར་ལོག་ཕེབས་པ་༸པཎ་ཆེན་རྗེས་དྲན་དང་༸པཎ་ཆེན་ཨེར་ཏི་ནི་ཞིབ་འཇུག་ཅེས་པའི་དེབ་གཉིས་ཀར་གསལ། དེ་ནས་ ༡༩༨༥ ཕྱི་ཟླ་ ༨ ཚེས་ ༢༧ ལ་བོད་དབུས་སུ་ཐེངས་གཉིས་པ་དང་། བོད་དུ་ཕེབས་པ་ཐེངས་ལྔ་པ་དེ་ཡིན་ཞེས་༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ཅེས་པའི་དེབ་དེར་གསལ། པཎ་ཆེན་གྱི་མཛད་རྣམ་བདེན་པའི་རང་མདངས་རྗེས་དྲན་ཚོགས་ཆུང་གིས་དཔར་དུ་བཏབ་པ་དེར་ ༡༩༨༥ ཕྱི་ཟླ་ ༨ ཚེས་ ༢༡ ཉིན་བོད་རང་སྐྱོང་ལྗོངས་ཚུགས་པའི་ལོ་ངོ་ཉི་ཤུ་འཁོར་བའི་དུས་ཆེན་གྱི་ཆེད་རྒྱ་ནག་གཞུང་གི་མངག་ཆ་ལྟར་ལྷ་སར་ཆིབས་བསྒྱུར་བསྐྱངས་ཞེས་གསལ། དེས་ན། ༸པཎ་ཆེན་རིན་པོ་ཆེ་ ༡༩༨༣ དང་། ༡༩༨༤ ལོར་བཀྲ་ཤིས་ལྷུན་པོར་ཕེབས་རྒྱུ་མ་བྱུང་བ་ལོ་རྒྱུས་ཀྱི་ཐོག་ནས་ར་སྤྲོད་རྒྱུ་ཡོད་པས་དེའི་རིང་བཀྲ་ལྷུན་བདེ་ཆེན་ཕོ་བྲང་དུ་དོལ་རྒྱལ་གྱི་བསྐང་ཆོག་མཛད་པ་མིན་པ་ནི་ཆེས་ཤིན་ཏུ་གསལ་ལོ། །

མདོར་ན་ ༡༩༦༣ ལོར་རྒྱ་དམར་གྱི་མནར་གཅོད་འོག་ཚུད་པའི་༸པཎ་ཆེན་རིན་པོ་ཆེས་ནི་ ༡༩༥༩ ནས་ ༡༩༦༣ བར་བཀྲ་ཤིས་ལྷུན་པོའི་བདེ་ཆེན་ཕོ་བྲང་དུ་བསྐུལ་བ་པོ་གོང་ཞུས་གཉིས་ཀྱིས་དོལ་རྒྱལ་རིགས་ལྔའི་བྲིས་ཐང་གསར་བསྒྲུབས་ཀྱིས་མཚམས་སྦྱར་ཏེ་བསྐང་ཆོག་རྒྱས་པ་མཛད་སྟངས་མེད་པ་ནི་དེ་དུས་བོད་ཀྱི་གཉན་འཕྲང་ཅན་གྱི་གནས་བབ་ལས་ཤེས་པར་ནུས། དེའི་ཕྱིར་མཐའ་གཞན་འགོག་པའི་རིགས་པས། དོལ་རྒྱལ་རིགས་ལྔའི་བསྐང་གསོ་དེ་ཅི་སྟེ་༸པཎ་ཆེན་རིན་པོ་ཆེས་མཛད་པའི་དབང་དུ་བྱས་ཀྱང་། ༡༩༥༩ གོང་དུ་ཡིན་པ་ལས་གཞན་དུ་མིན་པ་ནི་ཤིན་ཏུ་གསལ་ལོ། །

༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་ནི་དེ་སྔ་སྐུ་འབུམ་དགོན་དུ་བཞུགས་ཡུན་རིང་སློབ་གཉེར་འབྲི་ཀློག་དང་བློ་འཛིན། དེ་བཞིན་དབང་ལུང་མན་ངག་སོགས་ཕྲན་བུ་གསན་རྒྱུའི་གོ་སྐབས་མ་གཏོགས། ཆབ་སྲིད་ཀྱི་གནས་བབ་ལས་གཞུང་ཆེན་གྱི་སློབ་གཉེར་ནི་ ༡༩༥༢ ཟླ་བ་དྲུག་པའི་ཚེས་ ༢༣ ཉིན་བཀྲ་ཤིས་ལྷུན་པོར་འབྱོར་བ་ནས་དབུ་བརྩམས་པ་ཡིན་ཞེས་རྗེས་དྲན་གྲ་སྒྲིག་ཚོགས་ཆུང་གིས་འགྲེམས་སྤེལ་བྱས་པའི་༸པཎ་ཆེན་རིན་པོ་ཆེའི་རྣམ་ཐར་བདེན་པའི་རང་མདངས་གསལ་བའི་མེ་ལོང་ཞེས་པ་དེར་གསལ། རྣམ་ཐར་དེར་༸པཎ་ཆེན་རིན་པོ་ཆེ་ ༡༩༥༤ ཟླ་ ༩ ཚེས་ ༤ ཉིན་པེ་ཅིན་དུ་ཕེབས་ཏེ་ ༡༩༥༥ ཕྱི་ཟླ་ ༣ ཚེས་ ༡༢ ལ་བོད་དུ་ཕྱིར་ལོག་ཕེབས་པ་གསལ། ༡༩༥༦ ཕྱི་ཟླ་ ༡༡ ནང་རྒྱ་གར་གཞུང་གི་སྟོན་པ་མྱང་ངན་ལས་འདས་ཏེ་ལོ་ ༢༥༠༠ འཁོར་བའི་དུས་དྲན་དུ་༸རྒྱལ་བ་ཡབ་སྲས་གཉིས་གདན་དྲངས་པ་ལྟར་ཕེབས་ནས་ ༡༩༥༧ ཕྱི་ཟླ་ ༡ ཚེས་ ༢༩ ཉིན་ལྷ་སར་ཕེབས་འབྱོར་མཛད་པ་གསལ། དེ་ལྟར་ན་༸པཎ་ཆེན་རིན་པོ་ཆེ་ ༡༨༥༢ ནས་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ཡི་མི་དམངས་སྒེེར་ལངས་བར་ལོ་ངོ་དྲུག་ཙམ་གྱི་རིང་བཀྲ་ཤིས་ལྷུན་པོར་བཞུགས་ཡུན་གཞུང་ཆེན་གྱི་སློབ་གཉེར་དབུ་ཕར་རྣམ་འགྲེལ་གསུམ་ལས་ལྷག་ལེགས་གྲུབ་འོང་སྟངས་མེད་ལ། ལོ་དུས་དེའི་རིང་༸པཎ་ཆེན་རིན་པོ་ཆེ་ནས་དོལ་རྒྱལ་རིགས་ལྔ་དང་སྦྱར་བའི་བསྐང་ཆོག་རྒྱས་པ་སྔགས་བླ་མེད་ཀྱི་ཟབ་གནད་དང་འབྲེལ་བ་ཞིག་མཛད་ཁོམ་དཀའ་ཞིང་། ངེས་དོན་སྣང་བ་མཐའ་ཡས་ཡིན་རུང་ཐ་མལ་པའི་རྣམ་པར་ཕེབས་སྐབས་མ་སྦྱང་མཁས་པར་འགྱུར་བའི་མཛད་པ་ཡང་མི་མཛད་པས། བསྐང་ཆོག་དེ་༸པཎ་ཆེན་རིན་པོ་ཆེ་མཛད་ཅེས་དོལ་རྒྱལ་བས་ས་འོག་གི་གཏེར་རྙེད་པ་ལྟར་གྲགས་ཤིང་གཅེས་པར་བཟུང་ཡང་། ལེགས་པར་བརྟག་ན། དེ་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་གསུང་ངོ་མ་མིན་པའི་ཕྱོགས་ལ་སྒྲུབ་བྱེད་མང་ངོ་། །

དེས་ན་ཆིག་སྟོང་དགུ་བརྒྱ་ང་དགུའི་ལོར་༸པཎ་ཆེན་རིན་པོ་ཆེ་དགུང་གྲངས་ ༢༡ ལ་ཕེབས་ཤིང་། དེའི་གོང་དུ་སློབ་གཉེར་ཀྱི་མཛད་ཁོམ་མེད་པ་དང་། བཀྲ་ལྷུན་དགོན་པར་ཡུན་རིང་བཞུགས་ཁོམ་མ་བྱུང་བ་དང་། སློབ་གཉེར་དབུ་ཕར་རྣམ་གསུམ་ཙམ་ལས་ལེགས་གྲུབ་མ་ཟིན་པ་ལ་བསམ་ཚེ། སྔགས་བླ་མེད་ཀྱི་ཆོ་ག་དང་འབྲེལ་ཞིང་། རྒྱལ་བ་རིགས་ལྔ་དང་སྦྱར་བའི་དོལ་རྒྱལ་གྱི་བསྐང་ཆོག་དེ་༸པཎ་ཆེན་རིན་པོ་ཆེ་སྐུ་ངོ་མས་བརྩམས་པར་དཀའ། དེའི་ཕྱིར་དེ་ནི་བསྐུལ་ངོ་མ་བཟློག་པར་མཚན་ཞབས་ཞིག་ལ་༸པཎ་ཆེན་གྱི་མཚན་ཐོག་ནས་མཛད་དུ་བཅུག་པར་མངོན་ནོ། །

བསྐང་ཆོག་དེ་༸པཎ་ཆེན་རིན་པོ་ཆེའི་མཚན་ཐོག་ནས་པར་དུ་ཐོན་པ་དང་། ༸པཎ་ཆེན་གྱི་གསུང་འབུམ་ནང་ཕྱོགས་སྒྲིག་བྱས་པ་ཙམ་གྱིས་དེ་༸པཎ་ཆེན་རིན་པོ་ཆེས་མཛད་པའི་ཁྱབ་པ་ག་ལ་ཡོད། ཅི་སྟེ་དེ་༸པཎ་ཆེན་རང་ཉིད་ཀྱིས་མཛད་པའི་དབང་དུ་བྱས་ཀྱང་། ནང་དོན་སྔར་༸སྐྱབས་རྗེ་ཕ་བོང་ཁ་སོགས་ཀྱིས་མཛད་པའི་རྒྱལ་ཆེན་རིགས་ལྔའི་བསྐང་ཆོག་དེ་གཞིར་བཟུང་། ཚིག་གི་སྡེབས་སྦྱོར་ཅུང་མི་འདྲ་བར་བྱས་པར་མངོན་ཏེ། བསྐང་ཆོག་གཉིས་ཀར་བལྟས་པས་ཀྱང་ནང་དོན་གཅིག་ཏུ་མ་གཏོགས་མི་འདྲ་བའི་ཁྱད་པར་གང་ཡང་མེད་པའི་ཕྱིར། དེས་ན་དེ་༸པཎ་ཆེན་གྱི་གསུང་ཡིན་པའི་དབང་དུ་བྱས་ཀྱང་ནང་དོན་རྣམས་༸པཎ་ཆེན་ཉིད་ཀྱི་རང་དབང་བའི་དགོངས་པ་མིན་པའི་ཕྱིར་ན། ༸རྒྱལ་དབང་ཐམས་ཅད་མཁྱེན་པས་ལོ་མང་རིང་བསྲེག་བཅད་བརྡར་བའི་གསེར་བཞིན་ལེགས་པར་བརྟགས་ཏེ་གཏན་ལ་ཕབ་པའི་དོལ་རྒྱལ་དང་འབྲེལ་བའི་དགོངས་པ་རྣམས་༸པཎ་ཆེན་གྱི་མཚན་ཐོག་ནས་ཡོད་པའི་བསྐང་ཆོག་གཅིག་གིས་ཇི་ལྟར་བསུབ་པར་ནུས། བསྐང་ཆོག་དེ་༸པཎ་ཆེན་རིན་པོ་ཆེའི་གསུང་ཡིན་པའི་དབང་དུ་བྱས་ཀྱང་། ༸རྒྱལ་དབང་ཐམས་ཅད་མཁྱེན་པས་ལོ་མང་རིང་བརྟག་ཅིང་དཔྱད་དེ་ལེགས་པར་གཏན་ལ་ཕབ་པའི་དགོངས་དོན་དེ་༸པཎ་ཆེན་གྱིས་སྐུ་ན་ཕྲ་མོའི་སྐབས་གཞན་གྱི་བསྐུལ་ངོ་མ་བཟློག་པར་ལད་མོའི་རྣམ་པས་བརྩམས་པ་དེས་ཇི་ལྟར་སུན་འབྱིན་པར་ནུས་སོམས་ཤིག གཞན་ཡང་༸པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་དང་། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་གཉིས་ཐུགས་རྒྱུད་གཅིག་པས་ངེས་དོན་དགོངས་པ་གཅིག་ཏུ་གནས་དགོས་ན། ༸པཎ་ཆེན་སྐུ་ཕྲེང་བརྒྱད་པས་བཀྲ་ཤིས་ལྷུན་པོར་ཁྲིམས་སུ་བཅས་པའི་བཅའ་ཡིག་ཏུ་ཡི་དྭགས་སུ་ཐག་བཅད་ནས་བཀག་པའི་དོལ་རྒྱལ་དེ་༸པཎ་ཆེན་སྐུ་ཕྲེང་བཅུ་པས་ཆོས་སྲུང་ཚད་ལྡན་དུ་ཇི་ལྟར་བཞེད་སྲིད་དེ་ནི་བསམ་པར་བྱ་བའི་གནས་ཡིན་ནོ། །

དེང་སང་དོལ་རྒྱལ་བ་རྣམས་ཀྱིས་༸པཎ་ཆེན་རིན་པོ་ཆེས་དོལ་རྒྱལ་བསྟེན་པར་མཛད་ཅེས་དྲིལ་ཞིང་བསྒྲགས་ནས་མང་དག་བསླུ་ཐབས་བྱེད་མུས་ཀྱང་། དེ་དངོས་འབྲེལ་ཡིན་ན། འཕྲུལ་ཆས་ཀྱི་ཆ་རྐྱེན་ལྡན་པའི་དུས་རབས་ཉེར་གཅིག་འདིར་༸པཎ་ཆེན་གྱི་མཛད་པ་གཞན་མང་དག་གཟུགས་མཐོང་བརྙན་འཕྲིན་དང་། སྒྲ་འཛིན་འཁོར་ཐག་སོགས་སུ་སྟོན་རྒྱུ་ཡོད་པས། དོལ་རྒྱལ་གྱི་སྐོར་གསུང་གི་སྒྲ་འཛིན་འཁོར་ཐག་གཅིག་ཀྱང་སྟོན་རྒྱུ་མེད་པ་ག་ལ་ཐུག ཕྱག་དམ་དང་མཚན་རྟགས་འཁོད་པའི་དོལ་རྒྱལ་གྱི་སྐོར་གྱི་ཡིག་ཆ་ཡང་སྟོན་རྒྱུ་མེད་པ་ཅིའི་ཕྱིར་ཡིན། ༸པཎ་ཆེན་རིན་པོ་ཆེས་དོལ་རྒྱལ་བསྟེན་པར་མཛད་ཅེས་ར་སྤྲོད་མཁན་གྱི་༸པཎ་ཆེན་གྱི་སློབ་མའམ། ཞབས་འབྲིང་པ་གཅིག་ཀྱང་སྟོན་རྒྱུ་མེད་པ་ཇི་ལྟར་འགྲེལ། དེས་ན་སྒྲུབ་བྱེད་ཚད་ལྡན་མེད་པར་སྐྱེས་བུ་དམ་པའི་རྣམ་ཐར་ལ་རྫུན་གྱིས་བསྐུར་བ་མ་འདེབས་ན་ལེགས་སོ་ཞེས་ཀྱང་བྱའོ། །

ལར་ནས་དོལ་རྒྱལ་འཇམ་མགོན་བླ་མའི་བསྟན་སྲུང་ངོ་མ་ཞིག་དང་། དོལ་རྒྱལ་བ་རྣམས་ཀྱིས་འདོད་པ་ལྟར་ཆོས་སྲུང་གཞན་ལས་ཁྱད་དུ་འཕགས་པ་ཡིན་ན། ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་གསན་ཡིག་ནང་དོལ་རྒྱལ་གྱི་སྐོར་དབང་ལུང་མན་ངག་སོགས་གཅིག་ཀྱང་མཐོང་རྒྱུ་མིན་འདུག་པས། སུའི་དྲུང་ནས་དོལ་རྒྱལ་གྱི་ཆོས་འཁོར་རྣམས་གསན་ཞེས་དག་ཐེར་ཇི་ལྟར་བྱེད། དེར་མ་ཟད་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡོངས་འཛིན་སུ་ཞིག་གིས་ཀྱང་དོལ་རྒྱལ་བསྟེན་པའི་ལོ་རྒྱུས་གོ་རྒྱུ་མིན་འདུག་ལ། ཁྱད་པར་དུ་ཡོངས་འཛིན་ཨང་ཉི་མ་ནི་དོལ་རྒྱལ་དགག་པར་མཛད་མཁན་ཞིག་ཡིན་འདུག་ན། སུ་ཞིག་གི་དྲུང་དུ་དོལ་རྒྱལ་གྱི་སྐོར་གསན་ཞེས་མགྲིན་པ་གསལ་ནས་ཁུངས་ལུང་དང་བཅས་ཏེ་སྨྲ་བར་སྤོབས།

མདོར་ན་༸པཎ་ཆེན་རིན་པོོ་ཆེས་སྐུ་ན་ཕྲ་དུས་དོལ་རྒྱལ་བསྟེན་མྱོང་གི་སྒྲུབ་བྱེད་ཚད་ཐུབ་ནི་མི་སྣང་བས། སྐུ་ཚེ་སྟོད་ལ་དོལ་རྒྱལ་བསྟེན་མི་བསྟེན་ཇི་ལྟར་རུང་། སྐུ་ཚེ་སྨད་ལ་དོལ་རྒྱལ་ལ་ཐུགས་མི་མཉེས་པའི་རྟགས་སུ་༸པཎ་ཆེན་བསྟན་པའི་དབང་ཕྱུག་གིས་མཛད་པའི་དོལ་རྒྱལ་གྱི་མིང་དངོས་སུ་སྨྲོས་ཏེ་བསྟེན་པར་མི་རུང་བ་བཀས་བཅད་པའི་བཅའ་ཡིག་དེ་སླར་ཡང་༸པཎ་ཆེན་བཅུ་པ་རང་ཉིད་ཀྱི་ཕྱག་དམ་དམར་པོ་དང་། མཚན་རྟགས་བཀོད་དེ་པར་དུ་བཏབ་ནས་ཡོངས་གྲགས་མཛད་ཡོད་ལ། གཞན་ཡང་༸པཎ་ཆེན་སྐུ་ཕྲེང་བཅུ་པས་གོང་ཞུས་བཅའ་ཡིག་དེ་པར་དུ་བཏབ་སྟེ་ཕྱག་རྟགས་ཀྱི་ཚུལ་དུ་འབྲེལ་ཡོད་རྣམས་ལ་གནང་གིན་ཡོད་པ་ཡང་གོ་རྒྱུ་འདུག་ལ། དེར་མ་ཟད་༸པཎ་ཆེན་རིན་པོ་ཆེས་གང་ཉིད་དང་ཐུགས་འདྲིས་ཡོད་པ་སུད་སིར་གནས་སྡོད་འབའ་པ་རྟར་སྲས་ཚུལ་ཁྲིམས་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོར་སྙན་གསེང་ཞུ་རྒྱུ་བཀའ་མངགས་གནང་དོན།

༸རྒྱལ་བ་ཐམས་ཅད་མཁྱེན་པས་རྒྱལ་ཆེན་ཤུགས་ལྡན་གྱི་བྱུང་རིམ་སྐོར་ཐོག་མཐའ་བར་གསུམ་གྱི་གནས་ཚུལ་ལ་ཐུགས་སྣང་ཆེན་པོ་གནང་འདུག བཀའ་སློབ་ཀྱི་ཡིག་ཆ་ཁག་ངས་མཇལ་བྱུང། དཔྱད་པ་ཧ་ཅང་ནན་པོ་མཛད་འདུག བོད་མི་ཚང་མས་གང་གིས་མ་ནོར་ལམ་སྟོན་གནང་བ་ལ་ཡིད་ཆེས་ཀྱིས་ཅི་གསུང་བཀའ་བཞིན་བསྒྲུབས་ན་འབྲས་བུ་ཧ་ཅང་ཡག་པོ་ཡོང་གི་རེད། འོན་ཀྱང་དེང་སང་དུས་ཚོད་སྡུག་པོ་ཡིན་སྟབས་མི་ལ་ལས་རྒྱུ་མཚན་ལ་བསམ་བློ་མ་བཏང་བར་མགོ་མཁྲེགས་པོ་བྱས་ནས་དོན་མེད་རྙོག་གླེང་གིས་མཛད་དཀའ་བཟོ་སྲིད་པ་འདི་ལ་ཐུགས་གཟབ་གནང་རྒྱུ་གལ་ཆེན་པོ་ཡིན།

ཞེས་སྙན་གསན་ཞུ་རྒྱུ་བཀའ་མངགས་མཛད་པ་རྟར་སྲས་ཚུལ་ཁྲིམས་ཀྱིས་སྐུ་སྒེར་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་ལགས་ལ་ཞལ་པར་ཕུལ་ནས་༸རྒྱལ་དབང་ཐམས་ཅད་མཁྱེན་པར་སྙན་སྒྲོན་ཞུ་རྒྱུར་མངགས་པའི་དཔང་རྟགས་སུ་ད་ལྟ་སྐུ་ངོ་དྲུང་ཆེ་བཞུགས་ཡོད་ལ། རྟར་སྲས་ཚུལ་ཁྲིམས་ཀྱང་དེ་བཞིན་འཚོ་བཞུགས་ཡིན་པས། དེས་ན་སྐུ་ཚེ་སྨད་ལ་༸པཎ་ཆེན་རིན་པོ་ཆེས་དོལ་རྒྱལ་ལ་ཐུགས་མི་མཉེས་པ་དང་། བསྟེན་པར་མི་མཛད་པར་མ་ཟད་དགག་པར་མཛད་པ་གོང་ཞུས་རྒྱུ་མཚན་གཉིས་ཀྱིས་གྲུབ་བོ། །

འོ་ན་བཀྲ་ཤིས་ལྷུན་པོའི་བདེ་ཆེན་ཕོ་བྲང་གི་དགོན་ཁང་ནང་དོལ་རྒྱལ་གཙོ་འཁོར་གྱི་འདྲ་གཟུགས་སྒྲིགས་ནས་ཡོད་པ་དེ་ཇི་ལྟར་འགྲེལ་ཞེ་ན། དེ་ཡང་དེ་སྔ་བཀྲ་ཤིས་ལྷུན་པོའི་ནང་དོལ་རྒྱལ་བསྟེན་མི་ཆོག་པ་༸པཎ་ཆེན་བསྟན་པའི་དབང་ཕྱུག་གིས་བཀས་བཅད་ནས་ཡོད་པས། བསྟེན་གསོལ་བྱེད་པོ་སྒེར་རེ་ཟུང་ཡོད་མེད་ཇི་ལྟར་རུང་། དགོན་པ་ཡོངས་ནས་དེ་ལྟར་བསྟེན་སྲོལ་གཏན་ནས་མ་མཛད་ལ། བཀྲ་ཤིས་ལྷུན་པོར་གཉེར་དུ་གཏད་པའི་སྲུང་མ་གཙོ་བོ་དཔལ་ལྡན་ལྷ་མོ་དང་ལྕམ་སྲིང་ཡིན་ལ། བཀྲ་ཤིས་ལྷུན་པོར་གྲྭ་ཚང་གསུམ་ཡོད་པ་ལས་ཤར་རྩེ་གྲྭ་ཚང་གི་སྲུང་མ་ནི་མགོན་པོ་ཕྱག་དྲུག་པ། ཐོས་བསམ་གླིང་གྲྭ་ཚང་གི་སྲུང་མ་ནི་དཔལ་ལྡན་ལྷ་མོ། དཀྱིལ་ཁང་གྲྭ་ཚང་གི་སྲུང་མ་ནི་བེག་རྩེ་ལྕམ་སྲིང་བཅས་ཡིན། དེ་བཞིན་བཀྲ་ཤིས་ལྷུན་པོའི་སྔགས་པ་གྲྭ་ཚང་དུའང་རི་བོ་དགེ་ལུགས་པའི་མགོན་ཆོས་རྣམ་གསུམ་དང་། ལྷ་ཆེན་ཚངས་པ་སོགས་རྩོད་མེད་རྣམས་མ་གཏོགས་སྔར་ནས་དོལ་རྒྱལ་ལྟ་བུའི་དྲེགས་པ་རྩོད་གཞི་ཅན་གྱི་རིགས་སྟེན་སྲོལ་མེད་པ་ཡོངས་གྲགས་ཡིན།

འོན་ཀྱང་ད་ལྟར་བཀྲ་ཤིས་ལྷུན་པོའི་བདེ་ཆེན་ཕོ་བྲང་གི་དགོན་ཁང་དེར་དོལ་རྒྱལ་གཙོ་འཁོར་རྣམས་ཡོད་པ་ནི་གངས་ཅན་རྒྱའུ་ཞེས་པའི་གྲྭ་ལོག་དེས་རྒྱ་དམར་གྱི་དཔུང་དྲངས་ཏེ་བཙན་ཐབས་ཀྱིས་བསྒྲིགས་སུ་བཅུག་པ་ཡིན་པ་བོད་ནས་གནས་ཚུལ་ར་སྤྲོད་བྱུང་བ་ལྟར་རོ། །

ཞར་བྱུང་དུ་ཞུ་རྒྱུར། གངས་ཅན་བླ་མའམ། གངས་ཅན་རྒྱའུ་ཞེས་པ་ནི་མི་བྱེད་དགུ་བྱེད་ཀྱི་བསྟན་རྩ་དཀྲུག་པའི་ལས་ངན་ལ་འཇུག་ཅིང་། གཡོ་སྒྱུ་ཁྲམ་གསུམ་དང་ལོག་འཚོས་རང་གི་འཚོ་བ་སྒྲུབ། བླ་མའི་མིང་སྐམ་པོ་དང་ལྡན་ཡང་ལུང་རྟོགས་ཀྱི་ཡོན་ཏན་གང་ཡང་མེད་ཅིང་། སྒྲུབ་རྒྱུ་དམྱལ་བའི་རྒྱུ་ཁོ་ན་སྒྲུབ་ཀྱང་གྲུབ་ཐོབ་ཡིན་ཁུལ་དང་། མངོན་ཤེས་ཡོད་མདོག་གིས་མ་འོངས་ལུང་བསྟན་གྱི་ཤབ་ཤོབ་མང་པོ་སྨྲས་ཏེ། མི་ཆོས་བླ་མའི་རྫུན་རྒྱུན་མར་སྨྲ་བ་པོ་ཞིག་ཡིན།

གངས་ཅན་རྒྱའུས་ནི་དེ་སྔ་སེར་སྨད་གྲྭ་ཚང་དུ་ཆོས་བཞུགས་བྱས་ཏེ་སློབ་གཉེར་ཕར་ཕྱིན་ལོ་དང་པོ་གཅིག་དུ་བྲལ་གི་ས་བཅད་ཙམ་དུ་མ་གཏོགས་མཇུག་སྐྱོང་མ་ནུས་པར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སུ་གྲོང་ཆོག་རྒྱུགས་ནས་རེ་ཞིག་འཚོ་བ་བཙལ། ཕྱིས་སུ་ཕྱི་རྒྱལ་ལ་ཐར་ཏེ་སྨན་པ་ཡིན་ཁུལ་གྱིས་རང་གཞུང་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་བཙོངས་བ་དང་། སྔགས་པ་ཡིན་ཁུལ་གྱིས་མང་པོ་བསླུ་འཁྲིད་བྱས། ཆོས་སྒོ་མ་ཐོན་པར་གྲྭ་པ་ལོག་པ་མ་ཟད་འཆལ་པོའི་སྤྱོད་པས་རང་གི་སློབ་མར་རློམ་པའི་བུད་མེད་མང་དག་དང་ལྷན་དུ་ལོག་གཡེམ་གྱིས་གང་ཚིམས་བྱས། མ་ཎི་གླུ་རུ་ལེན་ཏེ་སློབ་དཔོན་རིན་པོ་ཆེའི་ལུང་བསྟན་ཐོག་ཏུ་བབ་པ་ལྟར་བཤད་རྒྱུའི་ཆོས་རྣལ་མ་གཅིག་མེད་པར་རྫུན་གྱིས་གཞན་མགོ་བསྐོར་དང་། སྐབས་རེར་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ཡིན་ཁུལ་དང་། རང་གི་འཁོར་བུད་མེད་རྣམས་གསང་བའི་ལྷ་མོ་ཡིན་ཁུལ་གྱི་འཆལ་སྤྱོད་སོགས་ཀྱིས་གསང་སྔགས་ཀྱི་བསྟན་པ་གཏིང་ནས་དཀྲུག་མཁན་གྱི་བསྟན་གཤེད་ཞིག་ཡིན་ལ། ཆིག་སྟོང་དགུ་བརྒྱ་དགུ་བཅུའི་མཇུག་ཙམ་ནས་རྒྱ་ནག་གཞུང་དང་དོལ་རྒྱལ་ཚོགས་པའི་དབར་མཚམས་སྦྱོར་བ་དངོས་སུ་བྱས། ལོ་བསྟུད་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་དམར་པོའི་ལས་བྱེད་པ་རྣམས་དང་ཐུག་འཕྲད་ཀྱིས་བོད་བསྟན་སྲིད་ལ་གནོད་པའི་བྱ་བ་རྒྱུན་མར་སྤེལ་བའི་དམ་ཉམས་འཆལ་པོ་ཞིག་ཡིན་པས། བོད་མི་རྣམས་དང་ནང་པ་ཚད་ལྡན་རྣམས་མི་ངན་འདི་ལྟ་བུའི་བྱུས་ངན་གྱི་རྐྱེན་པས་གངས་ཅན་ལྗོངས་ཀྱི་དཔའ་མཛངས་ལྡན་པའི་བླ་མ་དམ་པ་༸ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་པའི་མཛད་པར་སྐུར་བ་ནམ་ཡང་མ་འདེབས་ཤིག་ཅེས་དང་། བོད་མི་རིགས་ཀྱི་བླ་འཚོང་མཁན་དེ་རིགས་ལ་བོད་ཕྱི་ནང་ཀུན་གྱིས་དུག་ལྟར་འཛེམས་ཟོན་བྱ་དགོས་ཞེས་སྙིང་ནས་བསྐུལ་ལོ། །

ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། དེ་ཡང་དོལ་རྒྱལ་གྱི་ལོ་རྒྱུས་ད་ལྟར་གྲགས་པ་ནི་དྭགས་པོ་སྐལ་བཟང་མཁས་གྲུབ་ཀྱིས་བརྩམས་པའི་དོལ་རྒྱལ་གྱི་བསྟོད་པ་དཔག་མེད་བསྐལ་པ་ཞེས་པ་དང་། དེ་རྩ་བར་བཟུང་ནས་དེའི་འགྲེལ་པ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་མཛད་པ་གཉིས་ཀྱི་ནང་གསལ་བ་རྣམས་གཙོ་བོ་ཡིན་ལ། དེའི་གོང་དུ་ནི་ཛ་ཡ་པཎྜི་ཏ་(༡༦༤༢ – ༡༧༠༨) ཞེས་པ་སོག་པོའི་མཁས་པ་སྤྲུལ་སྐུ་གྲགས་རྒྱན་གྱི་ཆོས་བརྒྱུད་འཛིན་པ་ཞིག་སྟེ། དེས་མཛད་པའི་གྲགས་རྒྱན་གྱི་རྣམ་ཐར་ཞིག་ཡོད་པ་ལས་དོལ་རྒྱལ་གྱི་ལོ་རྒྱུས་དོལ་རྒྱལ་རྗེས་འབྲང་པས་སྨྲ་བ་ལྟར་གྱི་ཁུངས་ནི་ཛ་ཡ་པཎྜི་ཏའི་གསུང་དུའང་མེད་ཅིང་། སྔ་དུས་ཀྱི་ལོ་རྒྱུས་གཞན་གང་གིའང་ཁུངས་ཀྱང་སྟོན་རྒྱུ་མེད།

ཡང་དོལ་རྒྱལ་བསྟོད་འགྲེལ་ལས་དོལ་རྒྱལ་དྲེགས་པར་སྐྱེས་རྗེས་༸པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་དུ་བྱོན་པར་རྣམ་སྲས་རྟ་བདག་བརྒྱད་ཀྱིས་ཕྱག་སྦྲེལ་ཏེ་བཀག་ཅེས་གསལ་བ་ལ་བརྟག་རྒྱུ་འདི་ཡོད་དེ། ཅི་སྟེ་གྲགས་རྒྱན་བསམ་བཞིན་དུ་རྗེའི་བསྟན་པ་བསྲུང་བར་བཞེངས་པ་ཡིན་ན་རྗེ་བདག་ཉིད་ཆེན་པོས་གཉེར་དུ་གཏད་པའི་ཆོས་སྲུང་རྣམས་ཀྱིས་བསུ་བ་མཛད་དགོས་པ་ལས། འགྲོར་མི་གནང་བ་ལ་བསམ་ན། ཁོས་ས་སྐྱའི་བདག་ཆེན་བསོད་ནམས་རིན་ཆེན་གྱི་དྲུང་དུ་ང་དགེ་ལྡན་པའི་དམ་སྲི་ཁོ་ཡིན་ཞེས་ཁས་བླངས་པ་ལྟར་དོན་ལ་ངེས་པ་སྟེར་བར་འགྱུར་ངེས། ༸བསྟོད་འགྲེལ་དུ་དོལ་རྒྱལ་དྲེགས་པར་བཞེངས་པའི་འབྱུང་བ་ལ་ནང་འགལ་གྱི་དགག་པ་གཞན་དུ་བྱས་ཟིན་པས་འདིར་མི་སྤྲོའོ། །

ཡང་དོལ་རྒྱལ་གྱི་བེའུ་བུམ་དུ་༸པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་མཛད་ཅེས་པའི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་སྐུ་བསྟོད་དང་འབྲེལ་བའི་ཞབས་བརྟན་ཞིག་ཕྱོགས་སྒྲིག་བྱས་ནས་ཡོད་པ་དེ་ཇི་ལྟར་ཡིན་ཞེ་ན། དོལ་རྒྱལ་བེའུ་བུམ་དུ་གསལ་བའི་ཞབས་བརྟན་དེ་དོལ་རྒྱལ་ཚོགས་པའི་དྲྭ་རྒྱར་ཡང་དྲངས་འདུག་ལ། ཞབས་བརྟན་དངོས་ལ་ནི་ཚིགས་བཅད་གཅིག་ལས་མེད་པ་འདི་ལྟ་སྟེ།

བློ་བཟང་གྲགས་པའི་བསྟན་པའི་རྒྱལ་མཚན་མཆོག །ཕྱོགས་དུས་ཀུན་ཏུ་མི་ནུབ་འཛིན་པ་ལ། སྙིང་སྟོབས་འཕྲིན་ལས་བཟང་པོའི་དཔལ་མངའ་བ། །རྗེ་བཙུན་བླ་མ་སྲིད་མཐར་ཞབས་བརྟན་ཤོག

།ཅེས་སེམས་དཔའ་སྤྲུལ་པའི་སྐུ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞབས་བརྟན་འདི་ལྟ་བུ་ཞིག་དགོས་ཞེས་གྲྭ་རིགས་རྣམས་ཀྱིས་བསྐུལ་བའི་ངོར་ཆོས་སྨྲ་བའི་བཙུན་པ་བློ་བཟང་ཡེ་ཤེས་ཀྱིས་སྨྲས་པའོ། །

ཞེས་པ་འདི་ཡིན་ལ། འདི་ནི་དོལ་རྒྱལ་བ་རྣམས་ཀྱིས་༸པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་མཛད་པར་འདོད་ཀྱང་། ཤིན་ཏུ་ནས་མིན་ཏེ། ༸པཎ་ཆེན་བློ་བཟང་ཡེ་ཤེས་ནི་༸པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡང་སྲིད་ཡིན་ལ། ༸པཎ་ཆེན་བློ་བཟང་ཆོས་རྒྱན་(༡༥༧༠ ནས་ ༡༦༦༢ བར།) ལས་སྔོན་དུ་གྲགས་རྒྱན་ (༡༦༡༩ ནས་ ༡༦༥༦ བར།) འདས་གྲོངས་སོང་ནས་མེད་པར་༸པཎ་ཆེན་བློ་བཟང་ཡེ་ཤེས་ (༡༦༦༣ ནས་ ༡༧༣༧) མ་འཁྲུངས་གོང་ཁོང་གིས་སྤྲུལ་སྐུ་གྲགས་རྒྱན་གྱི་ཞབས་བརྟན་ཇི་ལྟར་བརྩམས།

ཡང་༸པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དུས་སུ་ནི་སྤྲུལ་སྐུ་གྲགས་རྒྱན་འདས་གྲོངས་སོང་ནས་མེད་པས་དེའི་ཞབས་བརྟན་རྩོམ་པ་ལ་དགོས་པ་མེད། གྲགས་རྒྱན་རང་གི་བླ་མ་༸པཎ་ཆེན་བློ་བཟང་ཆོས་རྒྱན་ལས་ལོ་དྲུག་གི་སྔོན་དུ་གཤེགས་ནས་དྲེགས་པར་བཞེངས་པ་ཚད་མར་འདོད་བཞིན་༸པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡང་སྲིད་ཀྱིས་གྲགས་རྒྱན་གྱི་སྐུ་བསྟོད་དང་འབྲེལ་བའིི་ཞབས་བརྟན་བརྩམས་པར་འདོད་པ་ནི་མཁས་པ་ལྟ་ཅི། བླུན་པོ་རྣམས་ཀྱིའང་བཞད་གད་ཀྱི་ཡུལ་ཡིན་ལ། ཚུལ་དེས་དོལ་རྒྱལ་གྱི་ལོ་རྒྱུས་ཀྱི་ཁུངས་གཏུགས་ས་དག་གི་དོལ་རྒྱལ་སྐོར་བརྩམས་ཆོས་གཞན་རྣམས་ཀྱང་ཟེར་ལོ་ཐོས་ལོའི་དོན་ཕྱོགས་བསྡུས་མཛད་པ་ལས་བརྟག་ཅིང་དཔྱད་པའི་དགོངས་པ་མིན་པ་ལ་ཡང་ངེས་པ་སྟེར་བར་འགྱུར་རོ། །

ཡང་གསུང་རྒྱུན་གཞན་ཞིག་ལ་༸པཎ་ཆེན་བློ་བཟང་ཆོས་རྒྱན་མ་འདས་གོང་དུ་དགུང་ལོ་ཉེར་ལྔར་སོན་པའི་༸པཎ་ཆེན་བློ་བཟང་ཡེ་ཤེས་མ་འདས་སྤྲུལ་སྐུར་ངོས་འཛིན་མཛད་ཅེས་འགའ་རེས་གསུངས་ཀྱང་གཏན་ནས་མིན་ཏེ། ༸པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་གསུང་འབུམ་པོད་ཀ་པ་ཤཱཀྱའི་དགེ་སློང་བློ་བཟང་ཡེ་ཤེས་ཀྱི་སྤྱོད་ཚུལ་གསལ་བར་བྱེད་པ་འོད་དཀར་ཅན་གྱི་ཕྲེང་བ་ཞེས་བྱ་བའི་དབུར་༸ལ་མོ་ཆོས་སྐྱོང་གི་བཀའ་ལུང་དང་། གངས་ཅན་གྱི་མགོན་པོ་༸གོང་ས་ལྔ་པ་ཆེན་པོའི་བཀའ་མངག་ལྟར་སྐུ་གོང་མའི་ཞབས་འབྲིང་པ་རྣམས་ཀྱིས་བརྟག་པ་མཛད་པ་ན། སྐུ་གོང་མའི་སྐུ་ཆས་རྣམས་འཁྲུལ་མེད་དུ་ཚམ་ཚོམ་མེད་པར་ངོས་འཛིན་མཛད་དེ་ཡང་སྲིད་ངོས་འཛིན་བྱུང་བ་ཤིན་ཏུ་གསལ་བར་བཀོད་འདུག་པས་འདི་ཉིད་ཁོ་ན་ཡིད་ཆེས་པའི་གནས་ཡིན་ལ། ངེས་པ་འདྲེན་ཕྱིར་འདིར་རྣམ་ཐར་གྱི་ཚིག་ཅུང་ཟད་བཀོད་ན་འདི་ལྟར་ཏེ། དེ་ཡང་དེ་ཉིད་ལས།

དེ་སྐབས་ཐམས་ཅད་མཁྱེན་པ་ཆེན་པོ་(༸གོང་ས་ལྔ་པ་ཆེན་པོ།) སྐུ་མཚམས་ཀྱི་བཅད་རྒྱ་དམ་པ་ལ་བརྟེན་རེ་ཞིག་བསླབ་སྟོན་ཞུ་ཐུབ་པ་མི་འོང་སྙམ་གསོལ་དཔོན་(༸པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསོལ་དཔོན།) མ་བདེ་བ་བྱུང་འདུག་ཀྱང་སྐུ་མཚམས་ཀྱི་ཁོངས་སུ་མཇལ་ཁ་གནང་ཞིང་བསླབ་སྟོན་རྣམས་རིམ་པར་ཞུས་འདུག་པར། ༸པཎ་ཆེན་(བློ་བཟང་ཆོས་རྒྱན།) དེ་ཉིད་ཀྱི་སྐུ་སྐྱེའི་ངོས་འཛིན་བདག་ལ་བྱས་པས་ཐུས་ཤིང་བཀྲ་ཤིས་ལྷུན་པོའི་གདན་སར་ཡང་མངའ་གསོལ་བས་ཆོག དེ་ཡང་རྟེན་འབྲེལ་ཁྱད་ལྔ་མཆོད་ཆེན་མོའི་ཐོག་ཙམ་ལ་སེར་འཕྲེང་རྒྱས་པ་དང་བཅས་གདན་དྲོངས་ཞེས་ཐུགས་དགྱེས་པ་ཆེན་པོས་བཀའ་སྩལ་བ་དང་། ཞེས་དང་།

ཡང་དེ་ཉིད་ལས།

དེ་ཡང་༸པཎ་ཆེན་ཐམས་ཅད་མཁྱེན་པ་དེ་ཉིད་ནི་རིས་མེད་པའི་གྲུབ་མཐའ་ཐམས་ཅད་ལ་དག་སྣང་ཕྱོགས་མེད་དུ་མཛད་པ། ཕྱི་འདུལ་བའི་ཀུན་སྤྱོད་གཙང་སིང་ངེ་བ་དང་ནང་རིམ་གཉིས་ཀྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བ་ཞིག་སྟེ། དེའི་རྟེན་འབྲེལ་གྱི་ཆོས་ཉིད་ཀྱིས། ས་རྙིང་སོགས་གྲུབ་མཐའ་རིས་མེད་པ་ཀུན་གྱིས་བླ་མར་འཛིན་པ་དང་། ཁྱད་པར་རྒྱ་ནག ཁལ་ཁ། ཨོའི་རོད་སོགས་སྟོབས་འབྱོར་མངའ་མཐང་དྲག་ཤུལ་ཆེ་བ་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་སྣང་མ་མཐའ་ཡས་དངོས་ཀྱི་འདུ་ཤེས་དང་ཕུ་དུད་མཛད་པས། དེ་ལྟ་བུའུ་སྐྱེས་ཆེན་དམ་པ་དེ་ཉིད་ཀྱི་མཚན་གྱི་བྱིན་རླབས་བདག་ལ་གནང་ན་རྗེ་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེའི་ཞབས་འདེགས་སུ་འགྱུར་བར་དགོངས་ནས། གངས་ཅན་འགྲོ་བའི་མགོན་པོ་༸རྒྱལ་བའི་དབང་པོས་(༸གོང་ས་ལྔ་པ་ཆེན་པོ་ལ་གོ)ཐུགས་རྗེའི་སྤྱན་གྱིས་བསྐྱངས་པར་མངོན། ཞེས་གསུངས་པའི་ཕྱིར། ཚུལ་དེ་དང་མཐུན་པ་༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་རྣམ་དུ་ཀཱུ་ལའི་གོས་བཟང་ལས་ཀྱང་བྱུང་བས་༸པཎ་ཆེན་བློ་བཟང་ཡེ་ཤེས་༸པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་མ་འདས་སྤྲུལ་སྐུར་གྲགས་པའི་གསུང་རྒྱུན་ནི་མ་དག་པ་ཁོ་ནའོ། །

ཡང་༸སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་དུ་སྔར་༸པཎ་ཆེན་སྐུ་ཕྲེང་དགུ་པས་༸པཎ་ཆེན་སྐུ་ཕྲེང་བརྒྱད་པའི་སྐབས་དོལ་རྒྱལ་དང་འཁོན་འགྲས་བྱུང་བ་ཞི་ཐབས་ཀྱི་མཚམས་སྦྱོར་༸སྐྱབས་རྗེ་ཕ་བོང་ཁ་ལ་བཅོལ་བ་སོགས་གསུངས་འདུག་ཀྱང་། ༸པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མའི་རྣམ་ཐར་དང་གསུང་འབུམ། དེ་བཞིན་གསན་ཡིག་སོགས་གང་དུའང་དོལ་རྒྱལ་གྱི་སྐོར་མི་ཐོན་པས། ༸རྗེ་ཕ་བོང་ཁའི་རྣམ་ཐར་གྱི་ནང་དོན་བདེན་མིན་ཇི་ལྟར་རུང་༸པཎ་ཆེན་ཆོས་ཀྱི་ཉི་མས་དོལ་རྒྱལ་བསྟེན་པར་མཛད་མིན་ནི་བཤད་དཀའ་ལ། བསྟེན་པར་མཛད་ཀྱང་སྐྱེས་བུ་དམ་པ་ཚད་ལྡན་ཞིག་གིས་དྲེགས་པ་བསྟེན་པའི་ཚུལ་ནི་དེང་གི་དོལ་རྒྱལ་སྟེན་མི་ལྟར་སྐྱབས་སུ་སོང་ནས་མིན་པར་བྲན་དུ་བཀོལ་ནས་ཡིན་པས། དེ་དོལ་རྒྱལ་ཚད་ཐུབ་ཀྱི་ཆོས་སྲུང་ཡིན་པའི་སྒྲུབ་བྱེད་དུ་ཇི་ལྟར་རུང་།

དོལ་རྒྱལ་གྱིས་༸པཎ་ཆེན་བསྟན་པའི་དབང་ཕྱུག་གིས་རང་ཉིད་ཀྱི་བྲིས་ཐང་སྦྱིན་བསྲེག་ནང་བསྲེགས་པ་དང་། སྔ་འགྱུར་གྱི་ཆོས་འཁོར་ཉམས་བཞེས་མཛད་པར་འཁོན་འཛིན་བཅངས་པའི་ཚུལ་༸སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་ནང་འཁོད་པ་ལྟར་བདེན་ན། ༸པཎ་ཆེན་སྐུ་ཕྲེང་རིམ་བྱོན་རྣམས་རྒྱལ་བ་འོད་དཔག་མེད་ཀྱི་སྤྲུལ་པར་ཁས་བླངས་ནས་༸པཎ་ཆེན་སྐུ་ཕྲེང་བཅུ་པས་དོལ་རྒྱལ་གྱི་བསྐང་ཆོག་མཛད་པར་རློམ་སྟེ་དེ་དོལ་རྒྱལ་ཚད་ཐུབ་ཀྱི་ཆོས་སྲུང་ཡིན་པའི་སྒྲུབ་བྱེད་དུ་འདོད་པ་དང་། ༸པཎ་ཆེན་སྐུ་ཕྲེང་བརྒྱད་པས་དོལ་རྒྱལ་ལ་མཁའ་ལ་རྒྱུ་བའི་ཡི་དྭགས་གདུག་པ་ཅན་དུ་ངོས་འཛིན་མཛད་དེ་བསྲེག་པ་མེའི་ལས་སྦྱོར་མཛད་པ་གཉིས་ནང་འགལ་དང་། ཡང་༸པཎ་ཆེན་སྐུ་ཕྲེང་རིམ་བྱོན་རྣམས་སངས་རྒྱས་སྣང་བ་མཐའ་ཡས་སུ་འདོད་པ་དང་། དོལ་རྒྱལ་འཇམ་དཔལ་དྲག་ཏུ་ཁྲོས་པ་འདོད་དེ། དོལ་རྒྱལ་གྱིས་༸པཎ་ཆེན་སྐུ་ཕྲེང་བརྒྱད་པར་འཁོན་འགྲས་བཅངས་ཏེ་སྐུ་བཀྲོངས་པ་དང་། འཁོན་འགྲས་དེ་༸པཎ་ཆེན་སྐུ་ཕྲེང་དགུ་པའི་དུས་སུ་ཡང་མ་ཞི་བ་གཉིས་ཀྱང་ནང་འགལ་གྱི་འཁུར་ཆེན་པོ་ཡིན།

དེ་ཡང་༸པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡང་སྲིད་༸པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གིས་རང་ཉིད་ཀྱི་ཚེ་རབས་སྔ་མའི་སློབ་མ་གྲགས་རྒྱན་འདྲེར་སྐྱེ་བ་ལ་ལས་སྦྱོར་མཛད་པ་ནི་སྙིང་རྗེས་ཀུན་ནས་བླངས་པ་ཁོ་ན་ཡིན་ལ། ༸པཎ་ཆེན་སྣང་བ་མཐའ་ཡས་ཀྱིས་བསྟན་འགྲོའི་དོན་དུ་སྔ་འགྱུར་གྱི་ཆོས་འཁོར་ཉམས་བཞེས་མཛད་པ་ནི་མདོ་དང་བསྟན་བཅོས་མངོན་རྟོགས་རྒྱན་གྱི་དགོངས་པ་དང་མཐུན་པས། རྒྱུ་མཚན་དེ་གཉིས་ཀྱི་སྒོ་ནས་དོལ་རྒྱལ་གྱིས་༸པཎ་ཆེན་སྐུ་ཕྲེང་བརྒྱད་པར་བཅངས་པའི་འཁོན་འགྲས་དེ་༸པཎ་ཆེན་སྐུ་ཕྲེང་དགུ་པའི་དུས་སུ་ཡང་མ་ཞི་བ་ལ་བསམ་ཚེ། ཁོ་འདྲེ་དམ་ཉམས་ཤིག་ཡིན་པར་ངེས་པ་སྟེར་ནུས། ཡང་འགའ་ཞིག་གིས་༸གོང་ས་ལྔ་པ་ཆེན་པོ་དང་། ༸པཎ་ཆེན་བསྟན་པའི་དབང་ཕྱུག་གཉིས་ཀྱིས་དོལ་རྒྱལ་ལ་དྲག་པོའི་ལས་སྦྱོར་མཛད་པ་ཁོའི་ཆེ་བ་འདོན་པའི་དོན་དུ་ཡིན་པར་སྨྲ་བ་ནི་བབ་ཅོལ་ཏེ། དེ་ལྟར་ན་ལས་སྦྱོར་མཛད་པར་མི་དགའ་བའི་རྒྱུ་མཚན་གྱིས་རང་གི་རྩ་བའི་བླ་མའི་ཡང་སྲིད་ལ་འཁོན་འགྲས་བཅངས་པ་དེ་བསྟན་སྲུང་གི་བྱ་བར་ཇི་ལྟར་འགྲེལ། ཆོས་སྲུང་ངོ་མ་ཞིག་ཡིན་ན་གནས་ཆུང་ཆོས་རྒྱལ་ཆེན་པོ་ལྟ་བུ་ཞིག་དགོས་ཏེ། སྔར་རྒྱ་གར་དུ་༸འཕགས་པ་སྤྱན་རས་གཟིགས་ཀྱི་སྐྱེ་རབས་ཀྱི་ཕྲེང་བ་འཛིན་པའི་ཆོས་རྒྱལ་དཀོན་མཆོག་འབངས་ཀྱི་སྐབས་ནས་དང་། ཁྱད་པར་༸རྒྱལ་དབང་སྐུ་ཕྲེང་གཉིས་པ་ནས་བཟུང་ཐུན་མོང་མིན་པའི་དམ་ཚིག་ལ་གནས་ཤིང་། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་པར་ལས་བཞིའི་འཕྲིན་ལས་བསྒྲུབས། ༸རྒྱལ་དབང་རིམ་བྱོན་ལ་ངེད་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་ཞེས་མངོན་པར་བསྟོད་དེ་སྤྱི་བོར་བཀུར་བ་ལས། དོལ་རྒྱལ་ལྟར་རང་གི་བླ་མའི་ཡང་སྲིད་སྐུ་བཀྲོངས་པ་དང་། སྐྱེས་ཆེན་དམ་པ་དེ་དག་ལ་འཁོན་འཛིན་བཅངས་པའི་ལོ་རྒྱུས་གཏན་ནས་མེད། དོལ་རྒྱལ་གྱི་ལོ་རྒྱུས་ནང་རང་གི་བླ་མ་༸གོང་ས་ལྔ་པ་ཆེན་པོར་ཐོ་བརྩམས་པ་ནི་རིག་འཛིན་གཏེར་བདག་གླིང་པའི་རྣམ་ཐར་ནང་དང་། ༸རྒྱལ་དབང་ལྔ་པའི་སྡེ་སྲིད་བསོད་ནམས་རབ་བརྟན་སྐུ་བཀྲོངས་པ་༸གོང་ས་ལྔ་པའི་རང་རྣམ་ནང་གསལ། དེ་བཞིན་རང་གི་རྩ་བའི་བླ་མ་༸པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡང་སྲིད་༸པཎ་ཆེན་བསྟན་པའི་དབང་ཕྱུག་སྐུ་བཀྲོངས་པ་ནི་ཕ་རྒོད་བླ་མའི་ཞལ་གྱི་བདུད་རྩིར་གསལ། ཡང་༸གོང་ས་ལྔ་པ་ཆེན་པོའི་ཡང་སྤྲུལ་༸རྒྱལ་དབང་བཅུ་སུམ་པའི་དགོངས་པ་རྫོགས་དུས་ཤེས་ཏེ་དགའ་བསུའི་ལུང་བརྒྱབ་པ་༸སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་ནང་གསལ། ༸རྒྱལ་དབང་བཅུ་བཞི་པ་ཆེན་པོར་ངོ་རྒོལ་བྱེད་གཏེ་ལྡི་ལི་ལྷ་མི་སྲུང་སྐྱོབས་ཚོགས་པ་ཚུགས་དགོས་པའི་ལུང་བརྒྱབ་པ་ནི། ཉེ་དུས་དེའི་ཚོགས་ཟུར་འཇམ་དཔལ་ཡེ་ཤེས་ཀྱི་ལྷ་མི་སྲུང་སྐྱོབས་ཚོགས་པ་བཙུགས་ནས་ལོ་ཉི་ཤུ་འཁོར་བའི་དུས་དྲན་གྱི་གཏམ་བཤད་དྲྭ་རྒྱར་བཏོན་ནས་འདུག་པ་དེར་གསལ། དེ་དག་ལ་ལེགས་པར་བསམ་ཚེ་གནས་ཆུང་ཆོས་རྒྱལ་ཆེན་པོ་དང་དོལ་རྒྱལ་གཉིས་ལ་གནམ་སའི་ཁྱད་པར་ཡོད་པ་ཡང་ཤེས་ནུས།

ལར་ནས་སྐྱེས་བུ་དམ་པས་དྲེགས་པ་ཞིག་གི་བསྐང་ཆོག་སོགས་མཛད་པས་དྲེགས་པ་དེ་བསྟེན་པས་ཁྱབ་ན། ༸རྒྱལ་བ་སྐལ་བཟང་རྒྱ་མཚོས་གཞན་གྱིས་བསྐུལ་ངོར་སྐྱེས་ལྷ་ཡུལ་ལྷ་སོགས་དུ་མའི་བསྟོད་འཕྲིན་མཛད་པ་རྒྱལ་དབང་རང་ཉིད་ཀྱི་གསུང་འབུམ་དུ་བཀོད་འདུག་པས། ཡུལ་ལྷ་གཞི་བདག་དེ་དག་ཀུན་༸རྒྱལ་དབང་བདུན་པ་ཆེན་པོས་ཆོས་སྲུང་དུ་བསྟེན་པ་ཡིན་ཞེས་ཁས་ལེན་དགོས་པར་འགྱུར་རོ། །དེ་བཞིན་སྟག་ཕུ་རྡོ་རྗེ་འཆང་གིས་ཀྱང་གཞན་གྱི་བསྐུལ་ངོ་མ་བཟློག་པར་བོན་ཆོས་མང་དུ་མཛད་པ་གང་གི་གསུང་ནང་ཆོས་སུ་གཏོགས་པ་ལས་ལོགས་སུ་འབྱེད་དགོས་ཀྱི་བཀའ་༸སྐྱབས་རྗེ་ཕ་བོང་ཁར་ཕེབས་པ་སོགས་ཀྱི་ལོ་རྒྱུས་ཡོད་པས། སྟག་ཕུ་རྡོ་རྗེ་འཆང་ཡང་བོན་པོ་ཡིན་ཞེས་དམ་བཅའ་བར་བྱེད་དམ།

ཡང་གྲུབ་མཐའ་རིས་མེད་དང་ཁྱད་པར་སྔ་འགྱུར་རྙིང་མའི་ཆོས་མཛད་པ་སྐྱོན་ཡིན་ན། སྐྱོན་དེ་སྟག་ཕུ་རྡོ་རྗེ་འཆང་ལ་ཡང་འཇུག་པས། དོལ་རྒྱལ་གྱིས་སྟག་ཕུ་རྡོ་རྗེ་འཆང་ཡང་ཚར་གཅོད་དགོས་ལ། སྟག་ཕུ་རྡོ་རྗེ་འཆང་གིས་སྔ་འགྱུར་གྱི་ཆོས་མཛད་པ་ནོར་ན་སྟག་ཕུའི་རྨི་ལམ་དུ་གྱུར་བའི་དག་སྣང་དུ་གྲགས་པ་དེ་ཁུངས་སུ་བྱས་ཏེ་དོལ་རྒྱལ་ཚད་མར་ཇི་ལྟར་བསྒྲུབ།

དེ་ཡང་དོལ་རྒྱལ་གྱིས་༸པཎ་ཆེན་བསྟན་པའི་དབང་ཕྱུག་ལ་འཁོན་འགྲས་བཅངས་པའི་རྒྱུ་མཚན་དོལ་རྒྱལ་རང་ཉིད་ཀྱི་བྲིས་ཐང་མེར་བསྲེགས་པ་དང་། རྙིང་མའི་ཆོས་འཁོར་ཉམས་བཞེས་མཛད་པས་གྲུབ་མཐའ་མི་གཙང་བར་གྱུར་བ་གཉིས་༸སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་ནང་དུ་གསལ། དེར་བརྟེན་དོལ་རྒྱལ་གྱིས་༸པཎ་ཆེན་བསྟན་པའི་དབང་ཕྱུག་སྐུ་བཀྲོངས་བ་ཡང་ཁོའི་ཆེ་བར་ཕ་རྒོད་བླ་མའི་ཞལ་གྱི་བདུད་རྩིར་དྲངས་ནས་འདུག་ཀྱང་། ལེགས་པར་བརྟག་ན་དོལ་རྒྱལ་གྱིས་རང་ཉིད་གྲགས་རྒྱན་ཡིན་དུས་ཀྱི་རྩ་བའི་བླ་མ་༸པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡང་སྲིད་དེ་སྐུ་བཀྲོངས་པ་ཁོའི་ཆེ་བར་སྨྲ་མཁན་རྣམས་བསྟོད་མི་ཤེས་པར་བསྟོད་མཁན་དུ་སྣང་ལ། དོན་ལ་ནི་དེས་དོལ་རྒྱལ་ལ་སྨད་པ་ཁོ་ནའོ། །

གཞན་ཡང་དོལ་རྒྱལ་གྱིས་༸པཎ་ཆེན་བསྟན་པའི་དབང་ཕྱུག་ལ་བཅངས་པའི་འཁོན་འགྲས་ཀྱི་རྒྱུ་མཚན་གཉིས་ནི་༸གོང་ས་ལྔ་པ་ཆེན་པོ་ལ་ཡང་ཚང་ལ། དེ་བཞིན་སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེས་ཀྱང་དོལ་རྒྱལ་ལ་ལས་སྦྱོར་མཛད་པ་དང་རྙིང་མའི་ཆོས་འཁོར་ཉམས་བཞེས་མཛད་པ་༸སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་ནང་གསུངས་འདུག་པས། སྐྱེས་བུ་དམ་པ་དེ་གཉིས་ལ་ཡང་དོལ་རྒྱལ་གྱིས་འཁོན་འགྲས་བཅངས་པ་དོན་གྱིས་འགྲུབ་ལ། གཞན་ཡང་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ནི་༸གོང་ས་ལྔ་པའི་སྐུ་ཕྲེང་ཡིན་པ་དང་། དོལ་རྒྱལ་ལ་ཤིན་ཏུ་དགག་པར་མཛད་མཁན་ཡིན་ཞིང་། སྔ་འགྱུར་རྙིང་མ་སོགས་གྲུབ་མཐའ་རིས་མེད་ཀྱང་ཉམས་བཞེས་མཛད་མཁན་ཡིན་པས། དོལ་རྒྱལ་བསྟེན་ན་དམ་ཚིག་མི་གཙང་བ་སོགས་ཀྱིས་རྐྱེན་པས་༸རྒྱལ་བའི་སྐུ་ཕྱྭ་ལ་ཉེན་ཁ་ཡོད་པ་དེས་ཀྱང་ལེགས་པར་འགྲུབ་བོ། །

མདོར་ན་དོལ་རྒྱལ་ནི་ཐོག་མར་དྲེགས་པར་སྐྱེས་དུས་ཏེ་གྲགས་རྒྱན་གྲོངས་དུས་ ༡༦༥༦ ལོར་བཀྲ་ཤིས་ལྷུན་པོར་བདག་གཉེར་གྱི་རེ་བས་ཕྱིན་ཀྱང་། རྣམ་སྲས་རྟ་བདག་བརྒྱད་ཀྱིས་ཕྱག་སྤྲེལ་ཏེ་འགྲོར་མ་གནང་ཞིང་། ༸པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་བདག་པོ་མ་མཛད། བར་དུ་༸པཎ་ཆེན་བསྟན་པའི་དབང་ཕྱུག་གིས་བཀྲ་ཤིས་ལྷུན་པོར་བསྟེན་དུ་མི་རུང་བར་ཁྲིམས་སུ་བཅད། མཐར་༸པཎ་ཆེན་སྐུ་ཕྲེང་བཅུ་པས་ཀྱང་༸སྐྱབས་མགོན་རྒྱལ་བའི་དབང་པོའི་མཛད་པར་དབུགས་དབྱུང་མཛད་པ་སོགས་ལ་བལྟས་ཚེ། གངས་ཅན་ལྗོངས་ཀྱི་༸རྒྱལ་བ་ཡབ་སྲས་གཉིས་ཀས་ཆོས་སྲུང་ཚད་ཐུབ་ཏུ་ངོས་འཛིན་མེད་ཁར། ༸རྒྱལ་དབང་ལྔ་པ་ཆེན་པོ་དང་། སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་གཉིས་ཀྱིས་ནི་ནན་གྱིས་དགག་པར་མཛད་པས། ཁོ་འདྲེ་རང་ཡིན་པ་ཁོ་ན་ལ་ངེས་པ་སྟེར་བར་འགྱུར་རོ། །

གསུམ་པ་མཇུག་བསྡུ་བ།

དེ་ཡང་རང་རེ་ནང་པ་སངས་རྒྱས་པ་རྣམས་ཀྱི་བསྒྲུབ་བྱ་གནས་སྐབས་མངོན་མཐོ་དང་། མཐར་ཐུག་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་ཡིན་ལ། དེའི་རྒྱུར་བསླབ་པ་གསུམ་གྱི་ཉམས་ལེན་ཡ་མ་བྲལ་བར་བྱས་ཏེ། མཐུན་རྐྱེན་ཚོགས་གསོག་པ། འགལ་རྐྱེན་སྒྲིབ་པ་སྦྱོང་བ། ཉེར་ལེན་དམིགས་རྣམ་སྦྱོང་བ་བཅས་གསུམ་སྒྲིལ་དུ་དགོས་ལ། ཆོས་སྲུང་བསྟེན་པའི་ཚུལ་ནི་གཙོ་བོ་འགལ་རྐྱེན་སེལ་བ་དང་མཐུན་རྐྱེན་སྒྲུབ་པའི་ཡན་ལག་ཡིན་པ་ལས། དྲེགས་པ་བསྒྲུབ་རྒྱུ་ཆོས་ཀྱི་ཉམས་ལེན་དངོས་གཞིར་རློམས་ཏེ་དེ་དག་མགུ་ཐབས་སྣ་ཚོགས་ཀྱིས་ཉིན་མཚན་འཁྱོལ་བར་བྱེད་མཁན་རྣམས་ནང་པར་ཁས་འཆེ་ཡང་། བདེ་སྡུག་ཀུན་གྱི་བྱེད་པོར་འཇིག་རྟེན་བཀོད་པ་པོ་འདོད་མཁན་རྣམས་དང་ཁྱད་པར་གང་ཞིག་ཡོད། སྤྱིར་རང་ཅག་ནང་པ་སངས་རྒྱས་པ་རྣམས་ནི་བདེན་བཞི་བླང་དོར་གྱི་གནད་ཚང་བའི་ས་ལམ་གྱི་རིམ་པ་བགྲོད་པའི་ཐར་པ་རྒྱུ་འབྲས་ཀྱི་ཚུལ་ལས་བརྩམས་པའི་ཆོས་བྱེད་མཁན་ཞིག་ཡིན་དགོས་ཀྱང་། དེ་ལྟ་བུའི་བསམ་པ་ཡེ་ནས་མེད་པར་འདི་སྣང་གི་དོན་ཕྲན་ཚེགས་དང་། རང་སྣང་ལ་དག་པ་ཁོ་ན་སྦྱིན་པ་པོ་རྣམས་ནི་ཆེས་ཤིན་ཏུ་བླུན་ལ། ཡང་སྤྱིར་ན་རང་གི་ཉམས་ལེན་གྱིས་ལྕོགས་ན། རྒྱུད་སྡེ་ཚད་ཐུབ་ནས་བྱུང་བའི་ཆོས་སྲུང་མང་དག་ཡོད་མོད། དེ་དག་གིས་མི་ཆོག་པར་རྩོད་རྙོག་ཅན་གྱི་དྲེགས་པ་ཞིག་ལ་གློ་སྙིང་བྲང་གསུམ་གཏད་དེ་རང་ཉིད་ནང་པའི་གྲལ་ནས་རང་འབུད་དུ་གཏོང་མཁན་རྣམས་ནི་ཤེས་རབ་ཤིན་ཏུ་ནས་ཆུང་ལ། དེ་དག་གི་བཟང་པོའི་བག་ཆགས་ཀུན་སྡིག་ལྟུང་གྱིས་བསྒྲིབས་ཏེ་མི་དགེ་བའི་བཤེས་གཉེན་གྱིས་དམྱལ་བའི་ཁྲོ་ཆུ་འཐུང་བར་མཉམ་དུ་འཁྲིད་པའི་ངང་ཚུལ་ལ་བལྟས་ཚེ། དེང་གི་དོལ་རྒྱལ་རྗེས་འབྲང་བ་ལས་ཡ་ང་བ་དང་བླུན་པ་ས་སྟེང་འདི་ན་མི་འདུག་སྙམ། དེས་ན་༸རྒྱལ་བའི་བཀའ་སློབ་རྣམས་སྙིང་ལ་བཅང་སྟེ་རང་དོན་རང་གཅེས་ཀྱི་ཆོས་རྣལ་མ་བྱེད་ཚུལ་ཤེས་པའི་སྒོ་ནས་བྱེད་པ་རྣམས་ནི་སྐལ་བ་ཤིན་ཏུ་ནས་བཟང་བས། མ་འོངས་མི་རབས་རྣམས་ནས་ཀྱང་ཁ་ཕྱོགས་མ་ནོར་བར་དགོས་པའི་བསྐུལ་མ་དང་བཅས། ༸པཎ་ཆེན་སྐུ་ཕྲེང་བཅུ་པས་བོད་བསྟན་སྲིད་ཀྱི་ཆེད་བསྐྱངས་པའི་མཛད་པ་རྣམས་སྙིང་ལ་དྲན་བཞིན་མགོན་པོ་གང་ཉིད་ཀྱི་མཛད་པར་སྒྲོ་སྐུར་གྱི་དྲི་མ་སེལ་འདོད་ནས། ༸རྒྱལ་བ་ཡབ་སྲས་གཉིས་ཚེ་རབས་ཀུན་གྱི་སྐྱབས་སུ་བསྟེན་ཞིང་། མགོན་པོ་རྣམ་གཉིས་ཀྱི་ཞབས་རྡུལ་སྤྱི་བོར་ལེན་པའི་སྐལ་བ་ཅན་ཞིག་གིས་ ༢༠༡༦ ཕྱི་ཟླ་ ༤ ཚེས་ ༡༢ ཉིན་རྫོགས་པར་བགྱིས་པའོ། །

འདིས་ཀྱང་ཐུབ་བསྟན་སྤྱི་དང་བྱེ་བྲག་ཏུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཚོས་ཚུལ་རྣམ་པར་དག་པ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །