དོལ་རྒྱལ་འཇམ་མགོན་རྒྱལ་བའི་བསྟན་སྲུང་དུ་སུས་གཉེར་གཏད་མཛད་དམ།

Dagom Rinpoches’s concocted version of the Lama Choepa Merit Field in which Shugden has been given a prime position among the trans-worldly Dharma protectors

Dagom Rinpoches’s concocted version of the Lama Choepa Merit Field in which Shugden has been given a prime position among the trans-worldly Dharma protectors

http://shugdenfacts.com/gadenjangtsemonastery/

ཕྱི་ལོ་ ༢༠༠༠ ཟླ་ ༡༢ ཚེས་ ༦ ཉིན་བཞུགས་སྒར་དྷ་རམ་ས་ལར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་མགོན་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ྋཞབས་སོར་བཀའ་དྲིན་བསྐྱངས་ཏེ་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།

   ད་ལྟ་དོལ་རྒྱལ་ལ་ཆ་བཞག་ན། ྋའཇམ་མགོན་རྒྱལ་བའི་བསྟན་སྲུང་ཟེར་བའི་མིང་འདི་དུས་གང་ཞིག་ཏུ་ཐོགས་པ་དང༌། སུ་ཞིག་གིས་བཏགས་པ། བཏགས་པ་ཇི་བཞིན་མཁས་གྲུབ་ཀྱི་བླ་མ་ཚད་ལྡན་ཞིག་གིས་བཀའ་བསྒོས་གཉེར་གཏད་གནང་ཡོད་མེད་བཅས་ལ་ལྟ་དགོས། སྐྱབས་རྗེ་ཕ་བོང་ཁ་པ་རིན་པོ་ཆེས་ཕར་བཀའ་བསྒོས་གནང་མི་འདུག ཚུར་ལག་པ་དམར་པོ་བརྐྱངས་ཡོང་དུས་སྐྲག་པ་གནང་ནས་འདོད་འཇོའི་བུམ་བཟང་གསན་མཚམས་བཞག་གནང་འདུག དེ་ཡག་རྟགས་མ་རེད། རི་སྐྱ་རིན་པོ་ཆེ་སྐུ་གོང་མས་དོལ་རྒྱལ་ཤུགས་ཆེ་བསྟེན་པ་གནང་གི་ཡོད་ཅིང༌། དེ་དུས་ང་རང་དོལ་རྒྱལ་བསྟེན་གྱི་ཡོད། རི་སྐྱ་རིན་པོ་ཆེས་འུད་ཤོབ་དང་སྦྲགས་ནས་གསུངས་པར་ཆོས་སྐྱོང་འདི་གཞན་དང་འདྲ་གི་མ་རེད། སྡེ་པ་གཞུང་གི་སྐུ་དྲག་ནང་དང༌། བླ་མ་དགེ་བཤེས་ནང་བཅས་ཀྱི་གཙོ་བོ་གཙོ་བོ་དེ་ཚོ་འཇུ་གི་རེད་ཅེས་གསུང་མྱོང༌། རྗེས་སུ་བླ་བྲང་ནས་གཙང་མ་བཞག་སྟེ་ཕྱག་མཛོད་ལགས་ཀྱི་བརྗོད་གསལ་ཞིག་ལ། རི་སྐྱ་སྐུ་གོང་མས་དོལ་རྒྱལ་བསྟེན་པ་གནང་བ་དེ་ཡག་པོ་བྱས་ནས་བསྟེན་པ་ཞིག་རེད་མི་འདུག རིན་པོ་ཆེ་དམ་པ་ཆུང་ངུའི་སྐབས་དོལ་རྒྱལ་གྱིས་གནོད་པ་བཏང་ཚུལ་གྱི་ཐེངས་གཅིག་རིན་པོ་ཆེ་སྙུན་སྟབས་གནོད་པ་ལ་འཇིགས་ནས་དོལ་རྒྱལ་བསྟེན་པ་གནང་བ་རེད་ཟེར་གྱི་འདུག དེ་ནི་ཐབས་སྐྱོ་པོ་མ་རེད་དམ།

 འཇིག་རྟེན་དྲེགས་པའི་ལྷ་དེ་ཚོའི་གྲས་བཀའ་སྲུང་ལ་ཕར་བཀའ་བསྒོས་གཉེར་གཏད་བྱས་པ་ཞིག་དགོས་ཀྱང༌། གོང་གསལ་དེ་ཚོ་ནི་བླ་མ་སྐྲག་ནས་བཀའ་བསྒོས་གཉེར་གཏད་ཕར་མིན་པར་ཚུར་བྱས་པ་ལྟ་བུ་ཞིག་མ་རེད་དམ། བཀའ་བསྒོས་གཉེར་གཏད་གནང་སྟངས་ངོ་མ་ནི་བླ་མ་རྟོགས་པ་དང་ལྡན་པ་ཞིག་གིས་འཇིགས་ཞུམ་དང༌། བག་ཚ་བ་མེད་པར། རྒྱུ་མཚན་ཡང་དག་པར་བརྟེན་ནས་འཇིག་རྟེན་དྲེགས་པ་ཚོ་ཕར་ཟིལ་གྱིས་མནན་ཏེ་དེའི་སྲོག་ལ་དབང་བའི་སྒོ་ནས་བཀའ་བསྒོས་གཉེར་གཏད་གནང་གི་ཡོད་པ་དེ་ཡིན། ྋའཇམ་མགོན་རྒྱལ་བའི་བསྟན་སྲུང་ཟེར་བའི་མིང་འདི་ག་དུས་བྱུང་འདུག སུས་༸འཇམ་མགོན་རྒྱལ་བའི་བསྟན་སྲུང་དུ་བསྐོས་འདུག དགའ་ལྡན་ཁྲི་པས་ཕལ་ཆེར་བསྐོས་ཡོད་པ་མ་རེད། ྋརྒྱལ་བ་ཡབ་སྲས་གཉིས་ཀྱིས་ཀྱང་བསྐོས་ཡོད་པ་མ་རེད། འོ་ན་སུས་བསྐོས་འདུག ཡང་ན་མདོ་སྨད་བཀྲ་ཤིས་འཁྱིལ་གྱི་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱིས་བསྐོས་པ་རེད་དམ། བཀྲ་ཤིས་འཁྱིལ་ལ་མིང་ཙམ་ཡང་ཡོད་པ་མ་རེད། སྐུ་འབུམ་ལའང་དེ་སྔ་མིང་ཙམ་ཡང་མེད།

   སྐུ་འབུམ་གྱི་སྟོང་འཁོར་རིན་པོ་ཆེས་མཚོན་པའི་དེ་ཚོའི་གྲས་ཀྱིས་བཀའ་བསྒོས་གཉེར་གཏད་ཅང་གནང་ཨེ་ཡོད། དཔེར་ན༑ ངའི་སྤུན་མཆེད་ལྟག་མཚེར་རིན་པོ་ཆེས་སྐུ་འབུམ་གྱི་ཁྲི་པ་གནང་ནས་ཡུན་གང་ཙམ་བཞུགས་ཡོད། རིན་པོ་ཆེ་སྐུ་འབུམ་ལ་བཞུགས་རིང་དོལ་རྒྱལ་ཟེར་བ་དང༌། ཤུགས་ལྡན་ཟེར་བའི་མིང་ཐོས་མ་མྱོང་ཅེས་གསུང་གི་འདུག

   གང་ལྟར་དོལ་རྒྱལ་གྱི་ཡོང་སྟངས་ལ་ལྟོས་དང༌། ཚད་དང་མཚན་ཉིད་ཚང་བ་ཞིག་ཐོག་མ་ནས་བྱུང་མི་འདུག སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་སྐོར་ཞིག་ཞུ་འདོད་བྱུང༌། དེ་ནི་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ང་ལ་བཀའ་གནང་བ་ཞིག་ཡིན། ཐེངས་གཅིག་ཀརྨ་པ་རིན་པོ་ཆེ་འདི་ཕྱོགས་ཕེབས་པ་དང༌། ཀརྨ་པ་རིན་པོ་ཆེ་དང་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ཐུགས་ཉེ་ནང་ཚགས་ཡིན་པར་བརྟེན། ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་ལ་གློ་བུར་དུ་ཕེབས་འདུག དེ་རྗེས་ཁྲི་བྱང་རིན་པོ་ཆེས་བཀའ་ཕེབས་པར། ཨ་ཙི་ཁ་སང་ཀརྨ་པ་རིན་པོ་ཆེ་གློ་བུར་དུ་ཕེབས་ནས་ང་ལ་བྲེལ་བ་ཆེན་པོ་བྱུང་གསུང་གི་འདུག ཐུགས་བྲེལ་གང་བྱུང་ཞུས་པས། ང་རྒྱལ་ཆེན་གྱི་ཟླ་བསྐང་གཏོང་རྒྱུའི་མཆོད་པ་ཚང་མ་བསྒྲིགས་ཡོད། ཀརྨ་པ་ཕེབས་ཀྱི་འདུག་ཟེར་བ་དང་མགྱོགས་པོ་མཆོད་པ་བསྡུ་གསོག་རྒྱག་དགོས་བྱུང༌། རྒྱུ་མཚན་ནི་ཀརྨ་པ་རིན་པོ་ཆེ་རྒྱལ་ཆེན་ལ་མཉེས་པོ་རང་ཡོད་མ་རེད་ཅེས་གསུང་གི་འདུག བསམ་བློ་ཞིག་བཏང་ན། དགེ་ལུགས་པའི་སྲུང་མ་ཡིན་ཟེར་བ་ལ་དེ་བཀའ་བརྒྱུད་པའི་བླ་མ་ཞིག་ཕེབས་སྐབས་ལྐོག་སྦས་གནང་དགོས་པ་འདི་ཐབས་སྐྱོ་པོ་རེད། ག་རེ་བྱས་ནས་སྦས་གནང་དགོས་བྱུང་བ་རེད་དམ། དགེ་ལུགས་པ་ལ་སྲུང་མ་མགོན་པོ་ཕྱག་དྲུག་དང༌། དམ་ཅན་ཆོས་རྒྱལ་ཡོད་པ་ཡིན། ཀརྨ་པ་ཕེབས་སྐབས་མགོན་པོ་ཕྱག་དྲུག་གི་བསྐང་འཕྲིན་གནང་བ་ཡིན་ན་འཕྲིན་བཅོལ་དང༌། བསྟོད་པ་ལྷན་དུ་གནང་ཚོད་རེད།

   ངས་འདི་ཞུ་དགོས་དོན་ནི་ྋའཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བཀའ་བསྒོས་གཉེར་གཏད་ཡོད་པ་དང༌། དགེ་ལུགས་པས་བསྟེན་ཅིང་བསྒྲུབས་པའི་སྲུང་མ་དགེ་ལྡན་པ་སུ་ཞིག་ཡིན་ཡང་བཀའ་བརྒྱུད་པའི་གཟིགས་ངོ་ལ་བསྟན་ཆོག་པ་དང༌། རྫོགས་ཆེན་རྙིང་མའི་མདུན་དང༌། ས་སྐྱའི་མདུན་བཅས་ལ་ངོམ་སྟོན་ཆོག་པ་ཞིག་དགོས་པ་ལས། ཁུག་ཁུག་ཀྱོག་ཀྱོག་ལ་སྦས་གནང་དགོས་པ་འདི་ངོ་ཚ་པོ་དང༌། ཉམ་དམའ་པོ་རེད་བསམས།

   སྐྱབས་རྗེ་ཕ་བོང་ཁ་པ་རིན་པོ་ཆེས་དོལ་རྒྱལ་བསྟེན་གསོལ་གྱིས་དར་སྤེལ་གནང་བ་དང༌། དེ་བཞིན་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དང༌། ཟོང་རིན་པོ་ཆེ་རྣམ་གཉིས་ཀྱིས་བསྟེན་གནང་དར་སྤེལ་གནང་བ་དེ་དག་གིས་དགེ་ལུགས་པའི་བསྟན་པའི་བསྟན་པ་ལ་ཕན་ཨེ་ཡོད་བསམ་གྱི་འདུག དེ་ནས་བཟུང་དབུས་གཙང་ཁམས་ཕྱོགས་བཅས་པར་དགེ་ལུགས་པའི་བསྟན་པ་ལ་སྐུར་འདེབས་བྱེད་མཁན་དང༌། མི་དགའ་བ་བྱེད་མཁན་མང་དུ་སོང་ཡོད། གདན་ས་ཁག་གི་ནང་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་གོང་དུ་འཕེལ་བ་གནང་རྒྱུའི་ཐད་ཕན་ཐོགས་འདི་བྱུང་བ་རེད་ཅེས་ངོས་འཛིན་རྒྱུ་ཡོད་པ་གང་ཡང་བྱུང་མེད། གལ་ཏེ་དེ་འདྲ་ཞིག་ཡོད་ན་འབྲས་སྤུངས་ཀྱི་ལྡན་མ་བློ་ཆོས་སྐུ་གོང་མ་དང༌། རྒན་སྟོང་དཔོན་ལྟ་བུ་དངོས་གནས་འཇམ་མགོན་བླ་མ་ཡབ་སྲས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་པ་གནང་མཁན་དེ་དག་གིས་དོལ་རྒྱལ་ལ་བསྔགས་བརྗོད་གནང་དགོས་པ་ཡིན་ཀྱང༌། དེ་འདྲ་གནང་བ་མེད་ལ་མི་དགྱེས་པའི་ལོ་རྒྱུས་ཡོད། ཡང་དོལ་རྒྱལ་མ་བསྟེན་མཁན་ཚོ་བསླབ་པ་སློབ་གཉེར་ཞན་པ་དང༌། འདུལ་ཁྲིམས་གཙང་མ་མེད་པ། དོལ་རྒྱལ་བསྟེན་མཁན་ཚོ་བསླབ་པ་སློབ་གཉེར་བཟང་བ་དང༌། འདུལ་ཁྲིམས་ཀྱང་གཙང་མ་ཡོད་པ་དེ་འདྲའི་ལོ་རྒྱུས་བཤད་རྒྱུ་མེད། གང་ལྟར་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་དང༌། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་པ་གཉིས་ཀྱི་མཛད་པ་ནས་དོལ་རྒྱལ་གྱི་སྐོར་འདི་ཐུགས་ནོར་བྱུང་འདུག་བསམ་གྱི་ཡོད། རྣམ་པ་གཉིས་ཀྱི་མཛད་པའི་ཆ་ཤས་འདི་ཡག་པོ་བྱུང་མེད་པ་ནི་བསྟན་པ་སྤྱི་དང་མཐུན་པ་ཞིག་ཡོང་གི་མི་འདུག་བརྗོད་པ་ལས། ཆ་ཤས་ཀྱི་ནོར་འཁྲུལ་རྒྱུ་མཚན་དུ་བྱས་ཏེ། བླ་མ་རྣམ་པ་གཉིས་ཀྱིས་དངོས་གནས་ྋརྒྱལ་བའི་བསྟན་པ་སྤྱི་དང༌། ཡང་སྒོས་འཇམ་མགོན་བླ་མའི་དགོངས་པ་དང་མཐུན་པའི་ལམ་རིམ་བློ་སྦྱོང་དང་གསང་སྔགས་རྡོ་རྗེ་ཐེག་པ་སྤྱི་དང༌། མ་རྒྱུད་བདེ་མཆོག་ཡབ་བཀའ་ཡུམ་བཀའི་ཆོས་འཁོར་རྒྱ་ཆེར་བསྐོར་གནང་མཛད་དེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བ་དེ་དག་འགྲིགས་ཀྱི་མི་འདུག་ཅེས་དགག་པ་རྒྱག་མཁན་སུ་ཡང་ཡོང་ཤེས་ཐབས་མེད། དེ་དག་ནི་ཤིན་ཏུ་བཀའ་དྲིན་ཆེན་པོ་རེད། ཤེས་སོང་ངམ།

ཕར་ཕྱིན་འགྲེལ་པ་དོན་གསལ་ལས།
འགྲོ་དོན་རྩ་ལག་དབྱིག་གིས་གཉེན། །རང་གི་མོས་པ་གཙོར་བྱས་ནས། །
ཤེས་བྱ་ནང་གིར་ཡིན་པ་ལ། །ཡང་དག་བརྟེན་ནས་རྣམ་པར་བཀྲོལ། །ཞེས་དང༌། དེའི་འོག་ཏུ།

               འཕགས་པའི་ཁོངས་སུ་གཏོགས་པ་ཡིས། །རྣམ་པར་གྲོལ་བ་ཞེས་བྱས་ཀྱང༌། །
དེས་བྱས་བྱས་པ་མིན་མཐོང་ནས། །དབུ་མར་གནས་པའི་བློས་རྣམ་ཕྱེ། །

ཞེས་འཕགས་པ་གྲོལ་སྡེས་ཁོང་གི་བླ་མ་སློབ་དཔོན་དབྱིག་གཉེན་གྱིས་བསྟན་བཅོས་ཆེན་པོ་མངོན་རྟོགས་རྒྱན་དབུ་མའི་དོན་ལ་གནས་པ་དེ། ཁོང་རང་གི་མོས་པའི་སྟོབས་ལས་སེམས་ཙམ་པའི་ལུགས་སུ་བཀྲལ་བ་འདི་བསྟན་བཅོས་མངོན་རྟོགས་རྒྱན་གྱི་དགོངས་པར་མི་འཐད་པ་གཟིགས་ནས་དབུ་མའི་ལུགས་སུ་བཀྲལ་ཡོད། དེ་རྒྱུ་མཚན་དུ་བཀོད་ནས་འཕགས་པ་གྲོལ་སྡེ་བཤེས་གཉེན་བསྟེན་ཚུལ་ལོག་པ་རེད་ཅེས་བརྗོད་ན་འགྲིགས་ཀྱི་རེད་དམ། འགྲིགས་ཀྱི་མ་རེད། འཕགས་པ་གྲོལ་སྡེས་སློབ་དཔོན་དབྱིག་གཉེན་ལ་མ་གུས་པ་གནང་བ་རེད་དམ་ཞེ་ན། མ་གུས་པ་གནང་བ་མ་རེད། དེ་བཞིན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བྱང་ཆུབ་ཀྱི་སེམས་གང་ལ་བརྟེན་ནས་འཁྲུངས་པའི་རྩ་བའི་བླ་མ་ནི་བླ་མ་གསེར་གླིང་པ་ཡིན་པ་དང༌། བླ་མ་གསེར་གླིང་པའི་ལྟ་བ་སེམས་ཙམ་པ་ཡིན་ཞིང༌། བླ་མ་གསེར་གླིང་པས་ཇོ་བོ་རྗེ་ལ་ཁྱེད་ཀྱི་ལྟ་བ་དེ་འགྲིགས་ཀྱི་མི་འདུག་ཅེས་བཀའ་གནང་གི་ཡོད་པ་རེད། བླ་མ་གསེར་གླིང་པས་བཀའ་དེ་ལྟར་གནང་བའི་སྐབས་སུ་ཇོ་བོ་རྗེ་རང་ཉིད་ཀྱི་ཐུགས་རྒྱུད་ལ་དབུ་མའི་ལྟ་བར་ཐུགས་ངེས་ཆེ་རུ་འགྲོ་གི་ཡོད་པ་ལོ་རྒྱུས་ནང་གསལ་ཡོད།

   དེ་བཞིན་ཚད་མ་རང་ལ་མཁས་པ་སློབ་དཔོན་ཕྱོགས་གླང་དང༌། དེའི་དགེ་ཕྲུག་སློབ་དཔོན་དབང་ཕྱུག་སྡེ། དེའི་དགེ་ཕྲུག་སློབ་དཔོན་ཆོས་ཀྱི་གྲགས་པ་ཡིན་ཞིང༌། ཆོས་ཀྱི་གྲགས་པས་ཚད་མ་ཀུན་བཏུས་གསན་དུས་སློབ་དཔོན་དབང་ཕྱུག་སྡེས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་དགོངས་པ་ཇི་བཞིན་མི་མཁྱེན་པའི་ཚུལ་བྱུང་བ། རང་གི་དགེ་རྒན་སློབ་དཔོན་དབང་ཕྱུག་སྡེས་གསུངས་པའི་དོན་འགའ་ཤས་ཕྱོགས་སྔ་ལ་བཀོད་ནས་དགག་པ་རྒྱབ་ཆོག་པའི་གནང་བ་བྱུང་བ་ལྟར་དགག་པ་སྐྱོན་ཡོད། དེ་ཚོ་ྋརྒྱལ་བའི་བསྟན་པ་སྤྱིའི་གཞུང་བསྲངས་པ་ཡིན། དེའི་ཐོག་ནས་རང་གི་བླ་མ་ཡིན་ཡང་གསུང་རབ་ཀྱི་དགོངས་པ་དང་མི་མཐུན་པ་བྱུང་ན་གཞན་དུ་འབྲེལ་དགོས་པ་ཡིན། གང་ལྟར་གདུལ་བྱའི་དབང་གིས་ཡིན་ནའང་འདྲ། དགོས་པའི་དབང་གིས་ཡིན་ནའང་འདྲ། གཞུང་གི་དགོངས་པ་དང་མི་མཐུན་པ་དེ་ལ་ཡོ་བསྲང་བྱེད་པ་འདི་མཁས་པ་སྤྱིའི་འགྲོ་སྟངས་ཡིན། དེ་ལྟར་བྱས་ནས་བསྟན་པ་ཉམས་བརླག་ཏུ་མི་འགྲོ་བ་བྱེད་དགོས་པ་ཡིན། དེར་བརྟེན་གུང་ཐང་ཚང་གིས།

ཀྱེ་ཧུད་དགེ་ལྡན་བསྟན་པ་འདི། །དཔལ་དང་འབྱོར་པས་རབ་རྒྱས་ཀྱང༌། །
བཤད་དང་སྒྲུབ་པས་ཆེས་ཕྲ་བ། །བསམ་གྱིན་སྙིང་ནས་ཤེས་པ་འཕྱོ། །     ཞེས་སེམས་སྐྱོ་པོ་ཞིག་གསུང་ནས།

           ཟབ་རྒྱས་ཆོས་ཀྱི་དེ་ཉིད་དོན། །ཇི་བཞིན་འདོམས་པ་ཆེས་དཀོན་ཡང༌། །
འཁྲུལ་བྲལ་ཁྱོད་གསུང་གླེགས་བམ་རྣམས། །གདུང་སེལ་དབུགས་དབྱུང་མཆོག་སྦྱིན་འགྱེད། །

ཅེས་པ་འདི་སེམས་གསོ་གནང་བ་ཞིག་རེད་འདུག རྗེ་རིན་པོ་ཆེས་སྐུ་ལས་ཆེན་པོ་བསྐྱོན་ཏེ་ཐོས་བསམ་སྒོམ་པ་ཕྱོགས་སུ་མ་ལྷུང་བའི་སྟེང་ནས་རྒྱལ་བའི་དགོངས་པ་ཇི་མ་ཇི་བཞིན་མཁྱེན་ཅིང་གཟིགས་པའི་དོན་རྣམས་ལེགས་པར་བཤད་པས་གཏན་ལ་ཕབ་སྟེ་ཡོད་པའི་གཞུང་དེ་ཚོ་ང་རང་ཚོས་མ་མཇལ་བ་མ་གཏོགས། མཇལ་ཆོག་ཆོག་དང༌། བསམ་བློ་གཏོང་ཆོག་ཆོག སྒོམ་ཆོག་ཆོག་ཡོད་པས་དེ་དག་ནི། གདུང་སེལ་དབུགས་དབྱུང་མཆོག་སྦྱིན་འགྱེད་བྱེད་རེད་ཅེས་གསུངས་པ་ཡིན་འདུག

  དགེ་རྒན་རྣམ་པ་ཚོའི་ངོས་ནས་དཔེ་ཁྲིད་གནང་སྐབས་གང་ཐུབ་ཀྱིས་ྋརྗེ་རིན་པོ་ཆེའི་གསུང་དཔེར་ན། འཇུག་པའི་རྣམ་བཤད་ལྟ་བུ་ཡིན་ན༑ རྩ་བ་དང་འཇུག་པའི་རང་འགྲེལ་ལ་བལྟས། དེ་ནས་ྋརྗེ་རིན་པོ་ཆེའི་དགོངས་པ་རབ་གསལ་ནང་གནད་བསྡུས་ཏེ་གསུངས་ཡོད་པ་དེས་རང་འགྲེལ་གྱི་གཞུང་ཁོག་ཏུ་ཆུབ་པ་བྱས་ནས་འགྲེལ་བཤད་རྒྱག་རྒྱུ་གནད་འགག་མེད་དམ་བསམ་གྱི་འདུག དེ་བཞིན་རྩ་བ་ཤེས་རབ་འཆད་པའི་སྐབས་ལ་ཚིག་གསལ་དང༌། བུདྡྷ་པ་ལི་ཏ་རྒྱུས་ཡོད་པ་བྱས། རྩ་ཤེས་ཊིཀ་ཆེན་འཁྲིད་རྒྱུ་བྱུང་ན། རྒྱ་འགྲེལ་བརྟེན་ས་སངས་རྒྱས་བསྐྱངས་དང༌། ཟླ་བ་གྲགས་པའི་གཞུང་ཡིན་པས། གཞུང་དེ་ལྟར་ངོ་སྤྲད་ནས་ཁྲིད་ཐུབ་ན་གནད་འགག་མེད་དམ་བསམ་གྱི་འདུག འདིའི་རྒྱབ་རྟེན་ལ་རྩ་བ་ཤེས་རབ་སླེབས་ཤིང༌། དེ་འདྲའི་ཐོག་ནས་དབུ་མའི་གཞུང་འཁྲིད་ཐུབ་ན། དབུ་མ་འཇུག་པས། རྩ་བ་ཤེས་རབ་ལ་ཟབ་རྒྱས་གཉིས་ཀྱི་སྒོ་ནས་འཇུག་གསུངས་པ་ནང་བཞིན། ང་རང་ཚོས་ྋརྗེ་རིན་པོ་ཆེའི་གཞུང་འདི་ལྡེ་མིག་ལྟ་བུ་བྱས་ནས། མཐར་ཐུག་རྩ་བ་ཤེས་རབ་ཀྱི་དོན་ལ་ཟབ་པ་དང་རྒྱ་ཆེ་བའི་སྒོ་ནས་ཀླུ་སྒྲུབ་ཀྱི་དགོངས་པ་དང་སེམས་ཐག་ཉེ་པོ་ཆགས་ཐུབ་པ་ཞིག་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་མཚན་སྨོས་དུས་སེམས་ལ་འགུལ་བསྐྱོད་ཐེབས་པ་ཞིག་དགོས་པ་ཡིན། དེ་ལྟར་བྱུང་ན། ང་ལ་ཉམས་མྱོང་དང་རྟོགས་པ་གང་ཡང་མེད་ཀྱང༌། ྋརྗེ་རིན་པོ་ཆེས་རྐྱེན་ཉིད་འདི་པ་ཙམ་གྱི་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་པའི་ཚིག་འདིས་ཀླུ་སྒྲུབ་ལ་དད་པ་སྙིང་ཁོང་རུས་པའི་གཏིང་ནས་སྐྱེ་གི་འདུག ཀླུ་སྒྲུབ་ལ་དད་པ་སྐྱེས་པའི་ཚེ་ཁོང་གིས།

གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །
དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །

ཞེས་མཁས་པའི་དབང་པོ་འདི་ལྟ་བུ་ཞིག་གིས། དངོས་གནས་རྟེན་འབྱུང་རང་དབང་གི་སྒོ་ནས་འདོམས་པར་མཛད་པའི་སྟོན་པ་འདི་གཞན་དང་མི་འདྲ་བ་ཞིག་རེད་གསུངས་སྐབས། ཨ་ཙི་སྟོན་པ་བཅོམ་ལྡན་འདས་དེ་ལྟར་ལོས་ཡིན་བསམས་ནས་སེམས་ལ་འགུལ་བསྐྱོད་ཐེབས་ཏེ་དེའི་རྗེས་འཇུག་རྣལ་མ་ཞིག་བྱེད་བསམ་པ་ཡོང་གི་འདུག དེར་བརྟེན་ང་རང་ཚོས་དཔེ་ཆ་འཁྲིད་དུས་རྗེ་རིན་པོ་ཆེས་སྐུ་ལས་བསྐྱོན་ཏེ་ཀླུ་སྒྲུབ་ཀྱི་དགོངས་པ་ལ་གཏུགས་སྟངས་དེ་ཚོ་ཞིབ་ཚགས་པོའི་ཐོག་ནས་གསེད་བཀྲོལ་བྱས་ཏེ་འཇུག་པའི་ཊིཀ་ཆེན་དང༌། རྩ་ཤེས་ཀྱི་ཊིཀ་ཆེན་དེ་འདྲའི་ཐོག་ནས་གསུང་རྒྱུ་དེ་དག་གལ་ཆེན་པོ་མིན་ནམ་བསམ་གྱི་འདུག

ང་རང་ཚོ་འདིར་ཚོགས་པའི་དགོས་དོན་སེམས་ལ་ངེས་པ་རྙེད་པ་ཞིག་དགོས། སེམས་ལ་ངེས་པ་རྙེད་པ་ཞིག་ཡོང་བར་བྱེད་པ་ལ་དེའི་གནད་འགག་གང་འདྲ་ཡིན་ལོ་རྒྱུས་ཀྱི་གནས་ཚུལ་མཁྱེན་པ་དགོས། དེར་བརྟེན་དུས་ཚོད་ཕྲན་བུ་འགོར་ཡང་ཞུས་པ་ཡིན། ཁྱེད་རང་ཚོ་མང་པོ་ཞིག་གིས་མཁྱེན་གྱི་ཡོད། འོན་ཀྱང་ཕྱོགས་མཐའ་ནས་འཐུས་མི་མང་པོ་ཞིག་སླེབས་ཡོད་པ་ཁྱེད་རང་ཚོའི་སེམས་ལ་ངེས་པ་བྱེད་དགོས།

གོང་གསལ་རྒྱུ་མཚན་དེ་དག་ལ་བརྟེན་ནས་ངས་དོལ་རྒྱལ་དམ་བསྒྲགས་བྱས་པ་འདི་རྒྱལ་བ་རིན་པོ་ཆེའི་བཀའ་རེད། ྋརྒྱལ་བ་རིན་པོ་ཆེའི་བཀའ་ཚུལ་བཞིན་དུ་བསྒྲུབ་དགོས་ཞེས་ཚིག་དུམ་འདི་བཤད་ན་མི་འགྲིགས། ྋརྒྱལ་བ་རིན་པོ་ཆེའི་བཀའ་རལ་གྲི་གནམ་གཡུགས་ལྟ་བུ་བྱས་ན་མང་གཙོ་དང་འགལ་བར་མ་ཟད། སངས་རྒྱས་ཀྱི་ཆོས་ཀྱི་འགྲོ་སྟངས་དང་ཡང་འགལ་གྱི་ཡོད། བློ་གཟུ་བོར་གནས་པའི་ཐོག་ནས་རྒྱུ་མཚན་ལ་དཔྱད་པ་བྱེད་དགོས། སྤྱིར་བཏང་ལྟ་བུ་བཤད་ན། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ། ཟོང་རིན་པོ་ཆེ་བཅས་ཕྱོགས་གཅིག་ལ་བཞག ཕུར་ལྕོག་ངག་དབང་བྱམས་པ་དང༌། ཁྲི་ཆེན་ངག་དབང་མཆོག་ལྡན། ལྕང་སྐྱ་རོལ་པའི་རྡོ་རྗེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་བཅས་ཕྱོགས་གཅིག་ལ་བཞག་ནས་ཞིབ་ཚགས་པོའི་ཐོག་ནས་དགོངས་པ་བཞེས་ན། ཐུགས་དོགས་འཁྲུངས་རྒྱུ་ལས། རང་དགར་བཏང་སྙོམས་སུ་ལུས་ཐབས་རྩ་བ་ནས་མེད། དེ་བཞིན་ཕ་བོང་ཁ་པ་རིན་པོ་ཆེའི་རྩ་བའི་བླ་མ་དྭགས་པོ་བླ་མ་རིན་པོ་ཆེ་འཇམ་དཔལ་ལྷུན་གྲུབ་རྒྱ་མཚོར་ཆ་བཞག་ན། ཁོང་གིས་དོལ་རྒྱལ་གྱི་འཕྲིན་བཅོལ་འདྲ་བཏང་གནང་གི་ཡོད་ན་ལས་གལ་ཆེར་བསྟེན་པ་གནང་གི་མི་འདུག ད་དུང་བཤད་རྒྱུན་ཞིག་ལ་དགོན་པ་ལྷོ་བྱང་གཉིས་ཡོད་པ་དང༌། དེ་གཉིས་ནས་གཅིག་གིས་དོལ་རྒྱལ་བསྟེན་གྱི་ཡོད་པ་དང༌། འཇམ་དཔལ་ལྷུན་གྲུབ་རྒྱ་མཚོ་བཞུགས་སའི་དགོན་པ་དེས་དོལ་རྒྱལ་བསྟེན་གྱི་མེད་པ་རེད། རྗེས་སུ་དོལ་རྒྱལ་རྗེས་སུ་འབྲངས་པའི་གནས་ཚུལ་འཕྲད་དུས་འདི་དགོན་པའི་ནང་བཞག་ན་འགྲིགས་ཀྱི་མ་རེད་ཅེས་བཀའ་གནང་ནས་ཕྱི་ལ་བཞག་པའི་ལོ་རྒྱུས་བཤད་རྒྱུ་འདུག དེ་ཚོའི་གྲས་ཕྱོགས་བསྡོམས་བྱས་ནས་བསམ་བློ་གཏོང་དགོས། ༼༸སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་དྲུང་ཡིག་བློ་བཟང་རྡོ་རྗེས་མཛད་པའི་ནང་དྭགས་པོ་བླ་མ་རིན་པོ་ཆེས་དོལ་རྒྱལ་སྒོ་སྲུང་གི་ཚུལ་དུ་བཞག་པ་ལས་བསྟེན་པར་མི་མཛད་པ་གསུངས་ཡོད།༽

རྒྱུ་མཚན་ལ་དཔྱད་པ་བྱས་ན། སྔོན་མ་ལོ་གཅིག་ངས་གནས་ཆུང་ལ་དོལ་རྒྱལ་གྱི་སྲོག་གཏད་འདི་སྟག་ཕུ་རྡོ་རྗེ་འཆང་གིས་གནང་བ་དང༌། དེ་ནི་ཁོང་ལ་དག་སྣང་བྱུང་བ་ཞིག་ཡིན་པས། ཁུངས་བཙན་པོ་མ་རེད་དམ་ཞུས་པས། ཆོས་སྐྱོང་ནས་དག་སྣང་ལ་རྩ་གསུམ་ལྷ་ཡི་བྱིན་རླབས་ཀྱི་ཐོག་ནས་བྱུང་བའི་དག་སྣང་གཅིག་དང༌། བར་ཆད་ཀྱི་དབང་གིས་བྱུང་བའི་ནང་སྣང་གཅིག་སྟེ་གཉིས་ཡོད། འདི་བར་ཆད་ཀྱི་དབང་གིས་བྱུང་བའི་དག་སྣང་དེ་ཨེ་ཡིན་གསུང་གི་འདུག སྟག་ཕུ་རྡོ་རྗེ་འཆང་གི་གསུང་ནང་བོན་ཆོས་འགའ་ཡང་སློབ་མའི་ཞུས་ངོར་ཚུད་ཡོད་པ་རྗེས་སུ་ཕ་བོང་ཁ་རིན་པོ་ཆེ་ནས་དག་ཞུས་ཀྱིས་ཕྱིར་འདོན་གནང་བ་ཡིན་ཞེས་རིན་པོ་ཆེ་ནས་ྋགླིང་རིན་པོ་ཆེར་བཀའ་གནང་བ་ཁོ་བོར་གསུང་མྱོང༌། བར་ཆད་ཀྱི་དབང་གིས་ཡིན་པ་ཕལ་ཆེར་ར་འཕྲོད་པ་རེད། དེ་ལྟར་རྒྱུ་མཚན་ལ་དཔྱད་པ་ཡག་པོ་བྱས་ནས་བསམ་བློ་བཏང་ན། ལོ་སུམ་བརྒྱ་བརྒལ་བ་སོང་བའི་དགའ་ལྡན་ཕོ་བྲང་ཕར་བཞག དེ་བཞིན་ྋརྒྱལ་བ་ལྔ་པ་ཆེན་པོས་ཆོས་ལུགས་རིས་མེད་གནང་ཡོད་པས་དེ་ཡང་ཕར་བཞག རྗེ་སྒྲུབ་ཁང་དགེ་ལེགས་རྒྱ་མཚོའི་སྲས་ཀྱི་ཐུ་བོ་ཕུར་ལྕོག་ངག་དབང་བྱམས་པ་ནི་ལམ་རིམ་གྱི་བསྟན་པའི་བདག་པོ་བསམ་གྱིས་མི་ཁྱབ་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཡིན་ལ། དེ་མཚུངས་ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་དགེ་ལྡན་རིང་ལུགས་འཛིན་པའི་བསྟན་འཛིན་དེ་དག་ཚད་ལྡན་ཚད་མར་གྱུར་པ་དགེ་ལུགས་པའི་ཐུགས་ཞེན་ཡང་ཆེན་པོ་ཡོད་པ་ཤ་སྟག་རེད། ཁོང་རྣམ་པས་གང་འདྲ་གནང་འདུག དགོངས་པ་བཞེས་དང་གསལ་པོ་ཡོད།