དགའ་ལྡན་བྱང་རྩེ་གྲྭ་ཚང་དང་འབྲེལ་བའི་ཐུགས་དམ།

http://shugdenfacts.com/gadenjangtsemonastery/ཕྱི་ལོ་ ༡༩༧༨ ཟླ ༦ ཚེས་ ༡༣ ཉིན་སྩལ་བའི་བཀའ་སློབ།

དེ་ཡང་འབྲུག་ལོའི་དབྱར་གཞུང་དུ་ལ་དྭགས་ལ་དུས་འཁོར་དབང་ཆེན་བྱེད་པའི་ཆེད་མ་འགྲོ་གོང་དེར་དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཐུགས་དམ་ཞིག་འབྱོར་བྱུང༌། དེའི་ནང་བར་ལམ་བྱང་རྩེ་གྲྭ་ཚང་ནང་བཀྲ་མི་ཤིས་པ་རྒྱུན་མཐུད་བྱུང་བ་དང༌། སློབ་གཉེར་བ་མང་པོར་གྲ་མ་འགྲིགས་ཡོང་གི་འདུག སྤྱིར་བཏང་ཐུགས་དམ་ཁག་གི་ནང་ལ་སྲུང་མའི་འཁུ་དོག་ཡོད་པའི་རྣམ་པ་ཡོང་གི་འདུག བར་ལམ་ཁྲི་བྱང་རིན་པོ་ཆེར་བཀའ་སློབ་ཞུས་ཏེ་ལྷ་མོའི་རྟེན་རྫས་གསར་བཙུགས་དང་འབྲེལ་ཟབ་གསོལ་གནད་སྨིན་བསྒྲུབས་པ་ཡིན། ད་ཆ་ལྷ་མོའི་འཁོན་དོགས་འདྲ་ཡོད་མེད་མོ་ཞིག་རྒྱག་རོགས་ཞེས་གསལ་འདུག ཐུགས་དམ་ས་བོན་དེ་གསེར་ཀོང་རིན་པོ་ཆེ་སོགས་བསྟན་འཛིན་མང་དག་གི་གདན་ས་གྲྭ་ཚང༌བསླབ་པ་སློབ་གཉེར་ཡོད་པ་ཞིག་གི་རེད། བྱང་རྩེ་གྲྭ་ཚང་ལ་བསླབ་པ་སློབ་གཉེར་ཡོད་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དེང་སང་ངས་བེད་སྤྱོད་བྱེད་རྒྱུ་ཡོད་པའི་གསེར་ཀོང་རིན་པོ་ཆེ་དང༌།སྐུ་ཞབས་མཁན་པོ་སོགས་བཏང་འགྲོ་བཞག་སྡོད་འཕེར་བ་མང་པོ་ཡོང་གི་ཡོད། ད་ཆ་བསླབ་པ་སློབ་གཉེར་ཡོད་སའི་གྲྭ་ཚང་ལ་ཉམས་གུད་བྱུང་ན་རྗེའི་བསྟན་པ་ལ་གནོད་རྐྱེན་ཞིག་ཆགས་ཡོང་དུས་གལ་ཆེན་པོ་རེད། ཁོང་རང་ཚོས་དོགས་མ་ཆོད་པར་ང་ལ་དྲིས་པ་རེད། ངས་མོ་ཤབ་རེ་ཤོབ་བེ་ཞིག་རྒྱབ་ནས་ཐག་བཅད་ན་འགྲིགས་ཐབས་མི་འདུག་བསམ་ནས་གལ་ཆེན་པོ་ཞིག་ལ་བརྩིས་ཏེ་ཟན་བརྟག་བསྒྲིལ་བ་ཡིན། ཟན་བརྟག་ལ་བྱང་རྩེ་གྲྭ་ཚང་ནང་བཀྲ་མི་ཤིས་པ་རྒྱུན་མཐུད་ནས་ཡོང་བ་འདི་ལྷ་མོ་འཁོན་པ་ཡིན་ནམ། མིན་ཞེས་བསྒྲིལ་བར། ལྷ་མོ་འཁོན་པ་ཡིན་ཞེས་བབས་སོང༌། ལྷ་མོ་འཁོན་པ་ཡིན་ན། ལྷ་མོ་འཁོན་པའི་རྒྱུ་རྐྱེན་གཞན་དག་ཅིག་ཡིན་ནམ། རྒྱལ་ཆེན་བསྟེན་ཆེས་པའི་དབང་གིས་ལྷ་མོ་འཁོན་པ་ཡིན་ཞེས་བསྒྲིལ་བར། རྒྱལ་ཆེན་བསྟེན་ཆེས་པའི་དབང་གིས་ལྷ་མོ་འཁོན་པ་ཡིན་ཞེས་བབས་སོང༌།

Gaden Jangtse Monastery, South India

Gaden Jangtse Monastery, South India

དང་པོར་ལྷ་མོ་འཁོན་པོ་ཡིན་ཞེས་དང༌། གཉིས་པར་ལྷ་མོ་འཁོན་པའི་རྒྱུ་རྐྱེན་རྒྱལ་ཆེན་བསྟེན་ཆེས་པའི་དབང་གིས་ཡིན་ཞེས་བབས་དུས་ང་ལ་ཡང་བསྐྱར་ངེས་པ་རྙེད་སོང་ཡང༌། དེ་ཐུགས་དམ་བཀའ་ལན་ནང་བྲིས་ན། མི་མང་པོའི་བསམ་བློའི་ནང་མཐོང་ཕྱོགས་དང་བསམ་ཕྱོགས་གང་འདྲ་ཞིག་ཆགས་གྲབས་ཡོད་ཚོད་མ་ཐིག་པ་དང༌། མ་བྲིས་ནའང་ཁོང་ཚོས་འགངས་ཆེན་པོ་ཞིག་ལ་ཐུག་སྟེ་ང་ལ་དྲིས། ངས་གནས་ཚུལ་ངོ་མ་དེ་མིན་པ་ཞིག་བཤད་ན་བཤད་པས་འགྲིག་གི་མི་འདུག དེ་ལྟར་བྱེད་ཁག་པོ་བྱུང༌། དེ་ནས་གསེར་ཀོང་རིན་པོ་ཆེ་དང༌། སྐུ་ཞབས་མཁན་པོ་གཉིས་སྐད་བཏང་སྟེ། བྱང་རྩེ་གྲྭ་ཚང་གི་ཐུགས་དམ་སྐོར་ལ་ངས་གལ་ཆེ་དོན་ཆེ་བྱས་ནས་ཟན་བརྟག་བསྒྲིལ་བ་ཡིན། ཟན་བརྟག་དོན་ཚན་གཉིས་བསྒྲིལ་བར། བབས་སྟངས་འདི་ལྟར་བབས་སོང༌། ད་ཆ་དེ་གསལ་པོ་བྱས་ནས་ལབ་ན་ལབ་པས་མི་འགྲིགས། མ་ལབ་ན་མ་ལབ་པས་ཀྱང་མི་འགྲིགས་པའི་ཁག་པོ་འདུག

ཁྱེད་རང་གཉིས་ཀྱི་རྒྱུས་ཡོད་བྱས་ན་གང་འདྲ་བྱས་ན་ལེགས་པ་འདུག་ཅེས་གོ་བསྡུར་བྱས་པ་ཡིན། དེ་ནས་ཐ་མའི་མཇུག་བསྡོམས་ལ་ཐུགས་དམ་བཀའ་ལན་ནང་གསལ་པོ་རང་འབྲི་མ་དགོས་པ་བྱས། ལྷ་མོ་འཁོན་པའི་སྐྱོན་ཡིན་པས་ལྷ་མོ་རང་ལ་གཙོ་བོར་འཕྲིན་བཅོལ་དགོས་པ་དང༌། ལྷག་པར་སྔོན་བསྟེན་སྲུང་མ་མིན་པའི་སྔར་མེད་གསར་སྤྲོས་ཀྱི་རིགས་ལ་འཛེམས་ཆ་བྱེད་དགོས་ཞེས་གོ་རྒྱུ་ཡོད་པ་ཞིག་བྲིས། ངག་ཐོག་ནས་ཁྱེད་རང་གཉིས་ཀྱིས་བྱང་རྩེ་གྲྭ་ཚང་གི་གྲྭ་པ་དོ་བརྟན་རིགས་ལ་སྐབས་སུ་བབས་པའི་འགྲེལ་བཤད་རྒྱག་འོས་བརྒྱབ་ན་འགྲིག་གི་རེད་ཅེས་ཞུས་པ་ཡིན། སྐབས་དེར་བྱང་རྩེ་གྲྭ་ཚང་གི་ཐུགས་དམ་བཀའ་ལན་ཞུ་མཁན་གྲྭ་པ་ཞིག་ཡོད་འདུག་པ་དེ་ལ་སྐུ་ཞབས་མཁན་པོ་དང༌། གསེར་ཀོང་རིན་པོ་ཆེ་གཉིས་ཀས་མངགས་ཚོད་མ་ཟད། གྲྭ་ཚང་ལ་ཡི་གེ་ཡང་བཏང་ཡོད་ཚོད་འདུག བྱང་རྩེ་གྲྭ་ཚང་ནང་ལ་སྲོག་གཏད་ཞུས་པ་མང་པོ་བྱས། ཁོང་ཚོས་བསྐང་གསོ་དང་འཕྲིན་བཅོལ་ཚོགས་ཆེན་ནང་འདོན་གྱི་ཡོད་འདུག་ཀྱང༌། དེ་རྗེས་རྒྱས་བསྡུས་བསྒྱུར་བཅོས་ཕྲན་བུ་བྱས་འདུག

དེ་ནས་འབྲུག་ལོའི་ལས་བསྡོམས་ཚོགས་ཆེན་སྐབས་ལ་བློ་གླིང་མཁན་པོ་ཡེ་ཤེས་ཐུབ་བསྟན་དང༌། བྱང་རྩེ་མཁན་པོ་དགེ་འདུན་བཟང་པོ། སེར་བྱེས་མཁན་པོ་ལེགས་ལྡན་བཅས་འདིར་འབྱོར་ངོས་འཕྲད་སར་ཁོང་ཚོར་ངས་དེ་སྐོར་འགྲེལ་བཤད་ཆ་ཚང་བརྒྱབ་པ་ཡིན། བྱང་རྩེ་མཁན་པོ་དགེ་འདུན་བཟང་པོར་བྱང་རྩེ་གྲྭ་ཚང་དུ་ཇི་བྱས་དྲི་བརྩད་ཀྱང་བྱས་པར། ཚོགས་འདོན་སོགས་ལ་བསྒྱུར་བཅོས་བྱས་ལུགས་ཟེར་གྱི་འདུག ཁོང་ཚོར་འགྲེལ་བཤད་ཆ་ཚང་བརྒྱབ་པའི་རྗེས་ལ་སྐུ་ཞབས་མཁན་པོས་ད་དུང་གྲྭ་ཚང་ནང་དམ་བསྒྲགས་གང་ལ་གང་འཚམས་བྱས་པ་འདྲ།

དེ་ནས་ན་ནིང་རྒྱ་གར་ལྷོ་ཕྱོགས་ལ་འགྲོ་ཁར་བྱང་རྩེ་གྲྭ་ཚང་ནས་ཐུགས་དམ་གཉིས་པ་ཞིག་འབྱོར་བྱུང༌། དེའི་ནང་ན་ནིང་ཐུགས་དམ་ཞུས་པའི་དགོངས་དོན་ཞབས་བརྟན་རྣམས་བསྒྲུབས་ཚར་བ་ཡིན། ད་ཆ་ལྷ་མོའི་འཁོན་དོགས་ཞི་ཡོད་དམ་མེད། གཙང་མ་ཆགས་ཡོད་དམ་མེད་མོ་རྒྱོབ་རོགས་བྱེད་ཅེས་ཐུགས་དམ་ཞིག་འབྱོར་བྱུང༌། དེ་ཡང་ངས་གལ་ཆེ་དོན་ཆེར་བརྩིས་ཏེ་སྤྱིར་ཕྱོགས་བསྐྱོད་གལ་ཆེའི་སྐབས་ལྷ་མོའི་སྟོང་ཚོགས་རེ་འབུལ་གྱི་ཡོད་པས་སྐབས་དེར་ཟབ་གསོལ་དང་སྟབས་བསྟུན་ཟན་བརྟག་བསྒྲིལ་བ་ཡིན། བྱང་རྩེ་གྲྭ་ཚང་ལ་ལྷ་མོའི་འཁོན་དོགས་ཡོད་པ་དེ་ཞི་ཡོད་དམ་མེད་ཅེས་བསྒྲིལ་བར་ད་དུང་ཞི་མེད་ཅེས་བབས་སོང༌། ཞི་མེད་ན། དེ་ཞི་ཐབས་སུ་ལྷ་མོའི་བསྐང་བཤགས་ཚོགས་བསྐོང་འགྲོ་གང་ཆེ་ཞིག་གསོག་དགོས་པ་ཡིན་ནམ། རྒྱལ་ཆེན་བསྟེན་གསོལ་དམ་བསྒྲགས་ད་དུང་ཤུགས་ཆེ་རུ་གཏོང་དགོས་ཀྱི་ཡོད་དམ། ཞེས་བསྒྲིལ་བར། རྒྱལ་ཆེན་བསྟེན་གསོལ་ད་དུང་དམ་བསྒྲགས་ཤུགས་ཆེ་རུ་གཏོང་དགོས་ཞེས་པ་བབས་སོང༌། ང་མའེ་སོར་ལ་འགྲོ་རན་སྟབས་ཐུགས་དམ་བཀའ་ལན་ལམ་སེང་ཡིག་ཐོག་ཏུ་མ་བྲིས།

དེ་ནས་ང་མའེ་སོར་ལ་འབྱོར་སྐབས་བྱང་རྩེ་མཁན་པོར་གོ་བསྡུར་ཞིག་བྱས་པ་ཡིན། ཁ་སེང་ཐུགས་དམ་གཉིས་པ་དེ་ཡང་ཟན་བརྟག་བསྒྲིལ་ནས་འདི་ལྟར་བབས་སོང་བས་གང་འདྲ་ཞིག་དགའ་བ་འདུག་གམ་ཞེས་ལབ་པར། བྱང་རྩེ་གྲྭ་ཚང་གི་ལས་སྣེ་དགེ་བཤེས་འགའ་ཤས་ཤིག་ཐོག་ལ་བསླབ་བྱ་འགྲེལ་བཤད་ཅིག་རྒྱག་རོགས་ཟེར་གྱི་འདུག དེ་ནས་དགའ་ལྡན་ལ་མཆོད་མཇལ་ཞུ་བའི་ཉིན་མོ་དེར་བྱང་རྩེའི་གཟིམ་ཆུང་ཆུང་ཞིག་ཡོད་པ་དེའི་ནང་སྐུ་ཞབས་མཁན་པོ་དང༌། དབུ་མཛད། བྱང་རྩེའི་དགེ་བཤེས་རྒན་པ་འགའ་ཤས་བཅས་ཁོང་ཚོ་མི་བཅུ་གྲངས་ཤིག་ལ་བྱང་རྩེའི་ཐུགས་དམ་སྔ་རྗེས་གཉིས་ཀྱི་སྐོར་ལ་འགྲེལ་བཤད་མདོར་བསྡུས་ཤིག་བརྒྱབ་པ་ཡིན། དེ་མ་གཏོགས་ངའི་སྐོར་གྱི་གནས་ཚུལ་རྣམས་ཤོད་དགོས་དོན་མི་འདུག་ལ་བཤད་མེད།

ད་ཆ་རྡོ་དོན་གནས་ཚུལ་འདི་དག་ལ་ཁྱེད་རང་ཚོས་གོ་བ་བླངས་ནས་བསམ་བློ་བཏང་ན། ངའི་གནས་ཚུལ་འདི་ཚོ་སྔ་རྗེས་མང་པོ་ཞིག་ནས་བྱུང་བ་དང༌། དོ་དོ་ཏན་ཏན། མ་ལན་མ་འགྱོད་པ་ཞིག་གི་སྒོ་ནས་བྱས་ཡོད་པ་ལས་ངས་ཧ་རེ་ཧུ་རེ་བྱས་ནས་ཐག་བཅད་པ་རྩ་བ་ཉིད་ནས་མིན །བརྟག་དཔྱད་སྔ་རྗེས་རིམ་པར་བྱས་པ་སྔ་རྗེས་གུང་མཐུན་པའི་ཐོག་ནས་གང་ལྟར་རྒྱལ་ཆེན་བསྟེན་ན་ལྷ་མོའི་འཁོན་དོགས་ཡོང་གི་ཡོད་པ་དེ་ལུང་བརྟག་སྔ་རྗེས་དང༌། ཚད་ཐུབ་དཀའ་ཡང་ལུང་བརྟག་གི་བབས་དང་བསྟུན་སྔ་རྗེས་ཀྱི་རྨི་ལྟས་འགའི་གོ་རྒྱུ་བྱུང་བ་བཅས་རྟགས་ཧ་ཅང་གསལ་པོ་བྱུང༌།

ངས་ད་གིན་བརྗེད་གྲབས་བྱས་པ་རེད། ངས་གནས་ཆུང་ལ་ཐོག་མར་རྒྱལ་ཆེན་སྐོར་ཕར་ཞུས་ནས་ཚུར་འགྲེལ་བཤད་སྐྱོན་པའི་སྐབས་ལ་རྒྱལ་ཆེན་བསྟེན་ན་ཕན་ལས་གནོད་ཆེ་བ་ཡིན། དེ་འདྲ་ཡིན་དུས་སྐུ་མདུན་སྐུ་གོང་མ་གསེར་ཞལ་འཚོ་བཞུགས་སྐབས་ལའང་འདྲེ་ངས་སྙན་སེང་ཞུ་རྒྱུ་འཁེལ་བྱུང་ཞེས་གསལ་པོ་བྱས་ནས་གསུང་གི་འདུག ཡང་ཤུགས་ལྡན་སྐོར་གནས་ཚུལ་གཞི་ནས་རྩད་གཅོད་ཉམས་ཞིབ་བྱེད་པའི་སྐབས་ལ་དེ་སྔ་གོ་བོ་ཆོས་ཟུར་གྱི་སྐབས་སྤྱི་སྒེར་འགའ་ཤས་ལའང་རྒྱལ་ཆེན་བསྟེན་ན་གནས་ཆུང་འཁོན་གྱི་ཡོད་པའི་རྟགས་ཤུགས་ཆེན་པོ་ཡོད་པ་ཞིག་རེད་འདུག དེ་འབྲས་སྤུངས་ཀྱི་དགེ་བཤེས་རྒན་པ་ཚོའི་ངག་རྒྱུན་ལ་གསལ་པོ་ཡོད་པ་ཞིག་རེད། དེ་མཚུངས་འབྲས་སྤུངས་དགེ་བཤེས་རྒན་པ་ཁ་ཤས་ཀྱི་ངག་རྒྱུན་ལ་ྋསྐྱབས་རྗེ་ཕ་བོང་ཁ་ལ་གནས་ཆུང་གི་འཁོན་དོགས་ཡོད་པ་རེད་ཅེས་པའི་བཤད་རྒྱུན་ཡང་འདུག དེ་བཞིན་རྗེ་ཕ་བོང་ཁའི་སློབ་མ་བྲག་གཡབ་རྟོགས་ལྡན་ཁམས་ཁུལ་དགེ་ལུགས་པའི་དགོན་པ་མང་པོ་ཞིག་ལ་ཞབས་བཅགས་ནས་ཕེབས་པའི་སྐབས་ཁོང་རང་ཤུགས་ལྡན་ཤུགས་ཆེན་པོ་བསྟེན་གྱི་ཡོད་སྟབས་རྒྱལ་ཆེན་དར་ཁྱབ་ཆེན་པོ་ཆགས་ཚོད་འདུག དེ་ལྟར་གསར་དུ་རྒྱལ་ཆེན་ཤུགས་ཆེན་པོ་བསྟེན་མཁན་གྱི་དགོན་པ་དང༌། བླ་བྲང༌། མི་ཁྱིམ་ཁག་མང་པོར་ལོ་ནས་ལོ་མེལ་ཚེ་བརྟག་དཔྱད་ཡུན་རིང་བྱས་པའི་སྐབས་ལ་གང་ལྟར་ཐ་མ་དེར་གྲ་མ་འགྲིགས་མང་པོ་ཐོན་པའི་གནས་ཚུལ་བྱུང་བ་འདྲ་པོ་འདུག གང་ལྟར་ཟན་བརྟག་དང༌། གནས་ཆུང་གི་བཀའ་ལུང་ཐོག་ནས་གནས་ཚུལ་ཡོང་སྟངས་འདི་ཚོར་ངེས་ཤེས་རྙེད་རྒྱུ་བྱུང་བ་རེད། དེ་དང་དེ་མཚུངས་ཀྱི་ལོ་རྒྱུས་གནས་ཚུལ་དང༌། ངེད་རང་གི་མཐོང་ཆོས་གནས་ཚུལ་ཅི་རིགས་ནས་ཀྱང་ཉམས་ཞིབ་བྱེད་སྐབས་གནས་ཚུལ་ཁྱད་མཚར་ཞིག་ཏན་ཏན་ཡོང་གི་འདུག དེ་འདྲ་ཡིན་དུས་གཞི་ནས་ཞོར་ཞོར་ལ་གནས་ཆུང་ལ་བཀའ་འདྲི་དོགས་གཅོད་ཞུས་པའི་རྡོ་དོན་སྙིང་པོར། ལྷ་མོ་འཁོན་པའི་རྒྱུ་རྐྱེན་ནི་གཙོ་བོ་གཅིག་རི་བོ་དགེ་ལུགས་པའི་བསྟན་པ་འདི་ལ་གཉེར་གཏད་སྲུང་མ་སྐྱེས་བུ་གསུམ་གྱི་སྲུང་མ་ཡིན་པ་དང༌། སྐྱེས་བུ་གསུམ་གྱི་སྲུང་མས་མ་ཆོག་པར་ཆོས་སྐྱོང་གསར་པ་ཞིག་ཀུན་ལས་ལྷག་པ་ལྟ་བུ་ཆགས་ཡོང་དུས་དཔལ་ལྡན་ལྷ་མོ་འཁོན་པའི་རྒྱུ་རྐྱེན་གཅིག་དེ་ཡིན་འདུག རྒྱུ་རྐྱེན་གཞན་ཞིག་ལ། ྋརྒྱལ་དབང་གོང་མ་རིམ་བྱོན་གྱི་བཀའ་བསྒོས་གཉེར་གཏད་ཐུན་མོང་མ་ཡིན་པའི་སྲུང་མ་དེ་ལྷ་མོ་རེད། དེ་ལ་འགྲན་ཟླ་ལྟ་བུའི་དྲེགས་པ་གསར་པ་ཞིག་བསྟེན་པ་དེས་ཀྱང་ལྷ་མོ་འཁོན་གཞི་གཅིག་བྱུང་འདུག