དོལ་རྒྱལ་བསྟེན་མི་བོད་མི་བསམ་མེད་འགས་རྒྱ་ནག་གཞུང་ལ་རྒྱབ་བརྟེན་བཅོལ་བ།

07 Dolgyal and China

ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༩ ཚེས་ ༡༣ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དམ་སྲི་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
རྩ་བའི་བསྟེན་དང་མི་བསྟེན་སོ་སོའི་རང་དབང་རེད། མགོ་རྟིང་སློག་ནས་ཕྱིན་པ་ཡིན་ནའང་ང་ལ་ཁྱད་པར་མེད། ཡིན་ནའང་གསལ་བཤད་བྱ་རྒྱུ་ངའི་འགན་ཡིན་སྟབས་ངས་གསལ་བཤད་བྱས་པ་ཡིན། དེར་བརྟེན་ཤུགས་ལྡན་ཚོགས་པ་བཙུགས་པ་རེད། མི་གསོད་པ་དང༌། མེར་སྲེག་གཏོང་བ། དེ་བཞིན་ཡིག་ཆ་འདྲ་མིན་སྣ་ཚོགས་བཏོན་ཏེ། དེ་དག་ནང་མི་བདེན་རྫུན་བསྒྲིགས་དང༌། ཧམ་བཤད་བསྙོན་འཛུགས་ཧ་ཅང་མང་པོ་བྱས་ཡོད། རིམ་བཞིན་རྒྱ་གར་ནང་ཡོད་པའི་དོལ་རྒྱལ་ཚོགས་པས་བོད་ནང་འབྲེལ་བ་བྱས་ཏེ་བོད་ནང་གི་དོལ་རྒྱལ་བསྟེན་མཁན་ཚོ་དང་མཉམ་དུ་རྒྱ་ནག་གུང་ཁྲན་ཏང་ལ་རྒྱབ་རྟེན་བཅོལ་ཀྱི་ཡོད། ཤེས་སོང་ངམ། རྒྱལ་པོ་ཤུགས་ལྡན་ཟེར་བ་དེ་རྒྱ་འདྲེ་ངོ་མ་ཆགས་སྟབས། རྒྱ་ཕྱོགས་ནས་བདག་པོ་བརྒྱབ་འདུག རྒྱ་གར་ནང་གི་དོལ་རྒྱལ་བསྟེན་མཁན་ཚོར་རྒྱ་ཕྱོགས་ནས་དངོས་ཤུགས་བརྒྱུད་གསུམ་གྱིས་འབྲེལ་བ་བྱེད་པ་དང༌། སུད་སིའི་ནང་དང་བལ་ཡུལ་བཅས་པར་དེ་ལྟར་འབྲེལ་བ་བྱེད་ཀྱི་འདུག བོད་ནང་དེ་བས་ལོས་ཡིན། དེར་བརྟེན་དོལ་རྒྱལ་གྱི་གནས་ཚུལ་འདི་གང་ཙམ་རྙོག་དྲ་ཚ་པོ་ཆགས་ཡོད། ཤེས་སོང་ངམ།

གཉིས་ནས་དོལ་རྒྱལ་བསྟེན་མཁན་བླ་མ་དང་གྲྭ་པ་སུ་ཞིག་ཡིན་རུང་མི་དེའི་གཤིས་ཀ་ཧ་ཅང་རྩུབ་པོ་ཡོད། འཇིན་རྟེན་དྲེགས་པ་བསྟེན་མཁན་གྱི་མི་དེའི་གཤིས་རྒྱུད་ཧ་ཅང་རྩུབ་པོ་ཆགས་པ། དཔེར་ན། བཀའ་གདམས་གོང་མ་ཚོས་གཅན་གཟན་གྱི་པགས་པ་གདན་ལ་འདིང་མི་ཉན། གང་ཡིན་ཞེ་ན། གཅན་གཟན་གྱི་པགས་པ་གདན་ལ་བཏིང་ན་སྒྲུབ་པ་པོ་རང་ཉིད་ཀྱི་སེམས་རྒྱུད་རྩུབ་ཏུ་འགྲོ་བའི་སྐྱོན་ཡོད་ཅེས་གསུངས་ཡོད། གཏན་གཏན་དེ་ལྟར་ཡིན་འདུག དྲེགས་པ་བསྟེན་མཁན་གྱི་མི་ཡིན་ན། མི་གསོད་པ་དང༌། མི་ལ་ཉེས་རྡུང་གཏོང་བ། རྫུན་ཤོད་པ། ཁྲུག་པ་རྒྱག་པ་བཅས་དེ་རིགས་གང་ལའང་ཞུམ་པ་མེད་པ་ཞིག་ཡོང་གི་འདུག དེར་བརྟེན་དོན་དམ་བོད་ཀྱི་བསྟན་སྲིད་འགོག་རྐྱེན་ཆགས་ཀྱི་འདུག་པ་དེ་དག་ཁྱེད་རང་ཚོས་ཤེས་པ་བྱེད་དགོས་པ་དང༌། ངས་སྐད་ཆ་བཤད་པ་དེ་རྣམས་ཁྱེད་རང་ཚོའི་སེམས་ལ་ངེས་པ་བྱས་ཏེ་ཧུར་ཐག་བྱེད་དགོས་ཞེས་བཀའ་སྩལ། །

 ཕྱི་ལོ་ ༢༠༠༨ ཟླ་ ༡ ཚེས་ ༩ ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
ཁྱེད་རང་ཚོ་ཚང་མས་རྒྱལ་པོ་ཤུགས་ལྡན་ཞེས་པ་འདི་སྐོར་ཐོས་ཡོད་པ་རེད། དེ་ནི་དུས་རབས་སྔོན་མའི་ལོ་རབས་བཅུ་བདུན་པའི་ནང་ནས་བཟུང་ད་བར་རྙོག་དྲ་དེ་ཡོད་བཞིན་པ་ཡིན། བར་སྐབས་རྙོག་དྲ་འདི་རྒྱ་ནག་གཞུང་གིས་ཀྱང་དོ་སྣང་བྱེད་ཡུལ་ཞིག་ཆགས་ཡོད། དེ་ཡང་ཉེ་ཆར་ང་ཚོའི་སྐུ་ཚབ་ཐེངས་དྲུག་པས་རྒྱ་དཔོན་ཚོ་ཐུག་སྐབས། རྒྱ་ནག་གཞུང་གིས་ང་ལ་སྐྱོན་བརྗོད་བྱེད་པའི་དོན་ཚན་གཅིག་ལ། ཏཱ་ལའི་བླ་མས་ཤུགས་ལྡན་ལ་དམ་བསྒྲགས་བྱས་པ་དེས་ཆོས་དད་རང་མོས་གཏོར་བཤིག་གཏོང་གི་ཡོད་པ་རེད་ཅེས་བརྗོད་འདུག རྒྱ་ནག་གུང་ཁྲན་ཏང་ཆོས་མེད་མཁན་དེ་ཡང་ད་ཆ་ཏཱ་ལའི་བླ་མའི་བྱེད་ཕྱོགས་ཀྱིས་རྐྱེན་པས་གུང་ཁྲན་ཏང་གིས་ཆོས་དད་རང་མོས་ཐོག་ཁུར་བླང་དགོས་པ་ཆགས་ཀྱི་འདུག་ཅེས། ང་ལ་དོལ་རྒྱལ་དམ་བསྒྲགས་བྱས་པ་འདི་ཆོས་དད་རང་མོས་གཏོར་བཤིག་གཏོང་གི་འདུག་ཅེས་དངོས་སུ་གཞུང་འབྲེལ་གྱི་ཐོག་ནས་སྐྱོན་འཛུགས་བྱས་ཡོད། རྒྱ་ནག་གཞུང་གིས་དོལ་རྒྱལ་གྱི་ལོ་རྒྱུས་ཤེས་ཀྱི་ཨེ་ཡོད། གནས་ཚུལ་དེ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ལ་མཐོང་སྟེ་ང་ལ་སྐྱོན་འཛུགས་བྱས་ཡོད། ང་ལ་སྐྱོན་འཛུགས་བྱས་པ་ལ་ཁྱད་པར་གང་ཡང་མི་འདུག འོན་ཀྱང་བོད་ནང་དོལ་རྒྱལ་བསྟེན་མཁན་ཚོར་དམིགས་བསལ་གྱིས་བདག་པོ་བརྒྱབ་ཏེ་ཨར་ལས་ལ་རོགས་པ་བྱེད་པ་དང༌། དགོན་པ་དེ་ཚོར་ཡང་དོལ་རྒྱལ་བསྟེན་དགོས་ཞེས་ཆོས་དད་རང་མོས་རེད། ཏཱ་ལའི་བླ་མས་ཆོས་དད་རང་མོས་གཏོར་བཤིག་གཏོང་གི་ཡོད། ཁྱེད་རང་ཚོས་དོལ་རྒྱལ་བསྟེན་དགོས་ཞེས་བོད་ནང་སྐུལ་སློང་བྱེད་ཀྱི་འདུག ལྷག་པར་ཐབས་སྡུག་པ་ཞིག་ལ་ཕལ་ཆེར་དོལ་རྒྱལ་བསྟེན་མཁན་གྱིས་རྒྱུད་སྐུལ་བྱས་པ་ཡིན་འདུག བསམ་ཡས་ལ་བར་སྐབས་གུ་རུ་རིན་པོ་ཆེའི་སྐུ་གསར་པ་ཞིག་བཞེངས་ཡོད་པ་དེ་བཤིག་པ་དང༌། དེ་དང་དེ་འདྲའི་སློབ་དཔོན་གྱི་སྐུ་བཤིག་པ་ཁ་ཤས་བྱུང་བའི་གནས་ཚུལ་འདུག་ལ། དེའི་ཐད་ཧ་ཅང་དམ་བསྒྲགས་ཆེན་པོ་བྱེད་ཀྱི་འདུག སྟོད་ཁུལ་དུ་མི་མང་ནས་སློབ་དཔོན་གྱི་སྐུ་ཆེན་པོ་ཞིག་བཞེངས་པ་རྒྱ་དམག་གིས་ས་ཆ་དེའི་མཐའ་བསྐོར་ཏེ་མི་གཅིག་ཀྱང་འཁྲིས་ལ་བཅར་ས་མེད་པ་བཟོས་འདུག དེ་ནི་པར་བརྒྱབ་པ་སོགས་བྱེད་རྒྱུའི་དོགས་པ་བྱུང་བ་མིན་ནམ། དེ་རྗེས་རྫས་མེ་བརྒྱབ་སྟེ་སློབ་དཔོན་གྱི་སྐུ་དེ་གཏོར་འདུག དེས་ན་གནས་ཚུལ་ཕྲན་བུ་ཛ་དྲག་པོ་ཆགས་ཡོང་གི་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༡ ཚེས་ ༧ ཉིན་འབྲས་སྤུངས་བློ་གསལ་གླིང་གི་འདུ་ཁང་ཡང་སྟེང་དུ་མཁན་པོ་ལས་ཟུར་དང༌། དཔེ་ཁྲིད་དགེ་རྒན་ཁག་གཅིག་ལ་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
དོལ་རྒྱལ་གྱི་སྐོར་བརྗོད་འདོད་པ་ལ། དོལ་རྒྱལ་སྐོར་གྱི་ཆོས་ཕྱོགས་ཀྱི་གནས་ཚུལ་དེ་དག་ཁྱེད་རང་ཚོས་ཐེངས་མང་པོ་གོ་ཡོད་སྟབས་ངས་བསྐྱར་ཟློས་བྱེད་དགོས་མི་འདུག བར་སྐབས་ཤིག་ནས་རྒྱ་མི་གུང་ཁྲན་གྱིས་དེའི་ཐོག་ལ་དམིགས་བསལ་གྱིས་དོ་སྣང་བྱེད་ཀྱི་འདུག བར་ལམ་སུད་སིར་ཡོད་པའི་དགོན་གསར་ཁོང་ཚོ་སྡོད་སར་ཆ་བཞག་ན། རྒྱ་གཞུང་གི་སྐུ་ཚབ་དེ་འདྲ་སུད་སིར་འབྱོར་སྐབས་ཁོང་ཚོའི་སར་འགྲོ་ཤག་དང༌། དགོན་པར་སྡོད་ཤག་ལྟ་བུ་བྱེད་པ་དང༌། དགོན་པས་ཀྱང་སྣེ་ལེན་གཟབ་རྒྱས་བྱེད་ཤག་བཅས་དམིགས་བསལ་གྱི་འབྲེལ་བ་ཞིག་འདུག

དེ་ནས་གངས་ཅན་རིན་པོ་ཆེར་ཆ་བཞག་ནའང༌། དམིགས་བསལ་རྒྱ་གཞུང་དང་འབྲེལ་བ་ཡོད་ཅིང༌། བོད་ཀྱི་ཆོས་དང་རིག་གཞུང་སྐོར་གྱི་ཚོགས་འདུ་འཚོགས་སྐབས། ཁོ་རང་གིས་ཇི་ཙམ་ཤེས་མིན་ལ་མ་བལྟོས་པར་བོད་ཀྱི་ཆོས་དང་རིག་གཞུང་གི་ཚབ་ལྟ་བུ་བྱེད་མཁན་ཆགས་ཏེ་རྒྱ་གཞུང་གིས་བེད་སྤྱོད་ཤུགས་ཆེན་པོ་བྱེད་ཀྱི་འདུག

དེ་མིན་བལ་ཡུལ་དུ་དོལ་རྒྱལ་ཚོགས་པའི་ཟ་ཁང་ཞིག་ཡོད་ཅིང༌། ཟ་ཁང་དེའི་འགོ་སྟོད་ཀྱི་ཁང་གླ་རྒྱ་གཞུང་གིས་སྤྲོད་ཀྱི་ཡོད་པའི་སྐད་ཆ་འདུག་ལ། ཕྱིས་སུ་ཟ་ཁང་ཡོངས་རྫོགས་ཚུར་ཉོས་ཡོད་པ་རེད་ཟེར། དེ་དག་གི་འགྲོ་སོང་ཡང་རྒྱ་གཞུང་ནས་བཏང་བའི་སྐད་ཆ་འདུག དེ་ནི་ལོ་ལྔ་དྲུག་གོང་གི་སྐད་ཆ་རེད།

དེ་ནས་ཉེ་ཆར་བོད་ནས་ཡོང་མཁན་འགའ་ཞིག་གིས་ང་ལ་སྐད་ཆ་བཤད་བྱུང༌། དང་པོ་ཤོད་མཁན་གྱི་མི་དེ་བོད་པ་གུང་ཁྲན་ཏང་མི་རྒྱ་ནག་གཞུང་གི་ལས་བྱེད་བྱས་ཏེ་དེང་སྐབས་རྒས་ཡོལ་བྱས་ནས་སྡོད་མཁན་ཞིག་རེད་འདུག ངས་ཕར་གང་ཡང་བཤད་མེད། ཚུར་ང་ལ་རྗེས་མ་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་ཚུགས་སྐབས་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་མཁན་གྱི་ཚོགས་པ་ཞིག་བཙུགས་འདུག་ཅེས་དང༌། ཚོགས་པ་དེའི་འགོ་ཁྲིད་ང་བླ་མ་ཟེར་མཁན་ཞིག་འདུག་ཅེས་ང་ལ་བཤད་བྱུང༌། ཁམས་པ་དེ་གང་ཡང་རྒྱུས་མེད་མཁན་ཞིག་རེད། ངས་ཨ་ལས་ཞེས་བཤད་པ་ལས་གཞན་གང་ཡང་བཤད་མེད།

དེ་ནས་མགོ་ལོག་ནས་ཡོང་བའི་གྲྭ་པ་ཞིག་ང་དང་ཐུག་བྱུང་བར། དེས་པེ་ཅིང་ལ་དོལ་རྒྱལ་ཚོགས་པས་རྐང་བྱས་ཏེ་ཚོགས་པ་ཞིག་བཙུགས་ཡོད་པ་རེད་ཟེར་གྱི་འདུག པེ་ཅིང་དུ་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་ཡག་གི་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད་ཅེས་དེ་འདྲ་ཞིག་གོ་གི་འདུག་ཅེས་དང༌། ཁོ་རང་དང་འབྲེལ་བ་ཡོད་པའི་མགོ་ལོག་ས་ཁུལ་གྱི་དགོན་ཁག་དེ་ཚོ་ལ་ཁྱེད་རང་ཚོས་བླ་མ་དེ་དང་དེ་འདྲ་ལ་འབྲེལ་བ་རྩ་བ་ནས་བྱེད་རྒྱུ་མེད་ཅེས་གང་ཐུབ་ཀྱིས་བརྗོད་ཀྱི་ཡོད་ཟེར་གྱི་འདུག

དེ་ནས་ཡང་མི་གཞན་ཞིག་ཐུག་བྱུང༌། ཁོས་པེ་ཅིང་གིས་ཉེ་འཁོར་ཞིག་ལ་དོལ་རྒྱལ་ཚོགས་པའི་མི་སྡེ་ཆུང་ཆུང་ཞིག་བཙུགས་ཏེ་དེ་ལ་འགྲོ་མཁན་ཡོད་ན་རྒྱ་སྒོར་ཁྲི་རེ་སྤྲོད་ཀྱི་ཡོད་པ་རེད་ཅེས་བཤད་བྱུང༌། གང་ལྟར་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་བཙུགས་པ་གོ་རྒྱུ་འདུག ཤེས་སོང་ངམ།

དེ་ནས་དཀྲོག་གཏམ་དང་ཟེར་སྐད་མ་ཡིན་པར་གནས་ཚུལ་ངོ་མ་ག་རེ་བྱུང་ཡོད་ཅེ་ན། རྒྱ་ནག་གཞུང་གི་མི་སྣ་དང་མཉམ་དུ་ང་ཚོས་འབྲེལ་བ་ཐེངས་གསུམ་བྱས་པ་དེ་སྐབས་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མས་ཁ་བྲལ་བྱེད་ཀྱི་འདུག་ཅེས་ཟེར་དགོས་པའི་རྒྱུ་མཚན་གཅིག་ནས་གཉིས་སུ་བགྲངས་ཏེ་ཚུར་བཤད་པའི་དོན་སུམ་ཅུ་སོ་བདུན་ཚགས་པར་ནང་དུ་བཏོན་འདུག་ཟེར་བ་ལས། ཏཱ་ལའི་བླ་མའི་གཞུང་གི་ཐོག་ནས་བཤད་པའི་སྐད་ཆ་ཚིག་གཅིག་བཀོད་མི་འདུག དེ་ནས་དོན་ཚན་གཅིག་ལ་འདས་པའི་ལོ་རྒྱུས་ནང་ལ་བོད་རྒྱ་ཐ་དད་ཅེས་པའི་གསུང་བཤད་ཁ་ཤས་ནང་དབྱིན་སྐད་དུ་ ༼occupation༽ བོད་སྐད་དུ་བཙན་བཟུང་བྱས་པ་ཞེས་པ་འདི་མཚམས་མཚམས་ལ་ཤོད་ཀྱི་ཡོད་པ་རེད། དེ་འདྲའི་ཐོག་ནས་བོད་རྒྱ་ཁོངས་ཡིན་པ་ཁས་ལེན་གཙང་མ་མ་བྱས་ན་ད་ལྟ་གནས་སྐབས་སྐད་ཆ་འགྲིགས་པ་ཡིན་ནའང་མ་འོངས་པར་བོད་པའི་གནས་ཚུལ་དེ་བསྐྱར་ལངས་བྱེད་ཀྱི་རེད། ཕྱིན་ཆད་བོད་ཁ་བྲལ་ནམ་ཡང་མི་འགྲོ་བ་ཞིག་འགན་ལེན་དགོས་ཀྱི་རེད་ཅེས་དེ་འདྲ་བཤད་ཡོད། དེ་ནས་འབྲེལ་བ་ཐེངས་ལྔ་པའི་སྐབས་ལ་ཏཱ་ལའི་བླ་མས་མ་འོངས་པར་རང་བཙན་རྩོད་ཀྱི་མེད་པ་དེ་གསལ་པོ་འདུག་ཅེས་ཁས་ལེན་བྱས་ཡོད། དེ་དུས་ང་ཚོ་ཧ་ཅང་དགའ་པོ་བྱུང༌། དེ་ནི་ཕྱི་ལོ་ ༢༠༠༦ ལོའི་ཟླ་བ་གཉིས་པའི་ནང་རེད། ད་ལྟ་བར་དུ་སྐད་ཆ་བཤད་པའི་གྲུབ་འབྲས་ལ་རྒྱ་ནག་གཞུང་གིས་མ་འོངས་པར་ཏཱ་ལའི་བླ་མས་ཁ་བྲལ་རྩོད་ཀྱི་མེད་པ་དེ་གསལ་པོ་ཤེས་ཏེ་ངོས་ལེན་བྱས་པ་རེད། དེ་ང་ཚོའི་གྲུབ་འབྲས་ཤིག་རེད་བསམ་པ་དྲན་བྱུང༌།

དེ་བཞིན་ང་ཚོའི་སྐུ་ཚབ་དང་ཐེངས་དྲུག་པ་ཐུག་སྐབས་རྒྱ་ནག་གཞུང་གིས་གང་ཞིག་བརྗོད་ཡོད་ཅེ་ན། བོད་དོན་ཞེས་པ་གང་ཡང་མེད་པས་སྐད་ཆ་བཤད་རྒྱུ་མེད། རྙོག་དྲ་གང་ཡང་ཡོད་པ་མ་རེད། དེ་ནི་ཏཱ་ལའི་བླ་མ་སྒེར་གྱི་གནས་ཚུལ་ཞིག་རེད་ཅེས་ཧ་ཅང་མཁྲེགས་པོ་བཤད་ཡོད། དེའི་སྐབས་སུ་ང་ལ་སྐྱོན་འཛུགས་བྱེད་པའི་དོན་ཚན་གཅིག་ལ་ཏཱ་ལའི་བླ་མས་ཆོས་དད་རང་མོས་མེད་པ་བཟོ་ཡི་འདུག་ཅེས་དང༌། ཤུགས་ལྡན་བསྟེན་པ་དེ་ལ་ཏཱ་ལའི་བླ་མས་དགག་པ་རྒྱག་གི་ཡོད་པ་རེད་ཅེས་བཤད་ཡོད། བཤད་སྟངས་དེ་ཡང༌། ང་ཚོ་གུང་ཁྲན་ཏང་ལ་ཆོས་ཡོད་པ་མ་རེད། ཡིན་ནའང་ཏཱ་ལའི་བླ་མས་ཆོས་དད་རང་མོས་གཏོར་བཤིག་བཏང་བའི་ཉེར་ལེན་ལ་བརྟེན་ནས་ང་ཚོ་ཆོས་མེད་མཁན་ཚོ་ཡང་ཆོས་ཀྱི་སྐོར་ལ་སྐད་ཆ་བཤད་དགོས་པ་ཆགས་ཀྱི་འདུག་ཅེས་ང་ལ་སྐྱོན་འཛུགས་བྱེད་པའི་དོན་ཚན་གཅིག་དེ་དོལ་རྒྱལ་ཚོགས་པའི་སྐོར་རམ་ངས་དོལ་རྒྱལ་དམ་བསྒྲགས་བྱས་པ་དེ་རྒྱ་གཞུང་ནས་གླེང་གི་འདུག ཤུགས་ལྡན་གྱི་རྙོག་དྲ་དེ་ད་ཆ་ཚད་གང་འདྲ་ཞིག་ལ་སླེབས་འདུག་གམ། ཕར་ཕྱོགས་ལ་ལོ་མང་རིང་རྒྱ་གཞུང་ནས་རོགས་རམ་དང་རྒྱབ་སྐྱོར་བྱས་ཡོད་པ་དང༌། དངོས་སུ་ང་ཚོའི་མི་སྣ་ཐུག་པའི་སྐབས་ང་ལ་ནག་ཉེས་བཙུགས་པའི་དོན་ཚན་གཅིག་ལ་དེ་བགྲངས་པར་མ་ཟད། ཉེ་ཆར་ལྷ་ས་ནས་ཡོང་བའི་མི་ཁ་ཤས་ང་དང་ཐུག་བྱུང༌། ལྷ་སར་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པ་དེ་འདྲ་སེ་ར་དགོན་པར་དོལ་རྒྱལ་བསྟེན་མཁན་འགའ་ཤས་ཡོད་པ་དེ་ཚོའི་སར་ཕྱིན་ཏེ་ཏཱ་ལའི་བླ་མས་ཆོས་དད་རང་མོས་སྤྲོད་ཀྱི་མེད། ཆོས་དད་རང་མོས་ལ་གཏོར་བཤིག་གཏོང་གི་ཡོད་པ་རེད། ང་ཚོ་གུང་ཁྲན་ཏང་གིས་ཁྱེད་ཚོར་ཆོས་དད་རང་མོས་སྤྲོད་ཀྱི་ཡོད་པས་ཁྱེད་རང་ཚོས་དོལ་རྒྱལ་ངེས་པར་དུ་བསྟེན་དགོས་པ་དང༌། ཁྱེད་རང་ཚོ་དམིགས་བསལ་གྱི་བླ་མ་དེ་འདྲའི་ས་ནས་བཀའ་ཆོས་ཞུ་བར་ཕར་འགྲོ་བའམ། ཡང་རྒྱ་གར་ནས་བླ་མ་ཚུར་གདན་འདྲེན་ཞུ་དགོས་པ་དེ་འདྲ་ཡོད་ན་ང་ཚོར་མིང་ཐོ་སྤྲོད་དང་ང་ཚོས་དམིགས་བསལ་གྲ་སྒྲིག་བྱེད་ཀྱི་ཡིན་ཞེས་བཤད་འདུག ཤེས་སོང་ངམ།

དེ་དང་ཆབས་ཅིག་ལྷ་ཀླུ་ས་དབང་ཆེན་མོའི་སྲས་ལྕགས་ར་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ཁོ་རང་ཡོངས་གྲགས་རེད། དོལ་རྒྱལ་སྐོར་ལ་ཞེ་དྲག་ཤུགས་ཆེན་པོ་བྱེད་པ་དང༌། རྒྱ་གཞུང་ལའང་བསྟོད་བསྔགས་ཧ་ཅང་ཆེན་པོ་བྱེད་མཁན་ཞིག་རེད་འདུག རྒྱ་གཞུང་ནས་ཀྱང་བློས་འཁེལ་པོ་ཞིག་ཏུ་རྩི་གི་འདུག ཁོ་རང་ཡང་སེ་ར་དགོན་པར་སློབ་གསོ་གཏོང་བར་བསྐྱོད་ཡོད་པ་དང༌། ཕལ་ཆེར་ཁོས་རྒྱུད་བསྐུལ་བྱས་པ་རེད་ཟེར་གྱི་འདུག གང་ལྟར་བོད་མི་ཞིག་གིས་བྱས་པ་ཐག་གིས་ཆོད། ག་རེ་བྱས་ཡོད་ཟེར་ན་བསམ་ཡས་གཙུག་ལག་ཁང་གི་གཡས་གཡོན་ཞིག་ལ་སློབ་དཔོན་གྱི་སྐུ་ཆེན་པོ་ཞིག་བཞེངས་ཡོད་པ་དེ་བཤིག་ཡོད། ཤེས་སོང་ངམ།

ཡང་དེ་རྗེས་ཟླ་བ་གཅིག་གཉིས་ཙམ་གྱི་གོང་ལ་མིན་ནམ་སྟོད་ཁུལ་གྱི་ས་ཆ་ཞིག་འདུག་པ་ངས་དེའི་པར་མཐོང་བྱུང༌། ཕལ་ཆེར་བྱང་ནས་ལྷོར་ཁ་ཕྱོགས་པའི་རི་ཆེན་པོ་ཞིག་འདུག དེའི་སྟེང་དུ་སློབ་དཔོན་གྱི་སྐུ་ཆེན་པོ་ཞིག་བཞེངས་ཡོད་པ་དེ་རྒྱ་དམག་གིས་རྫས་མེ་བརྒྱབ་ནས་གཏོར་འདུག དེ་གཏོར་བའི་ཉིན་མོ་བཅིངས་གྲོལ་དམག་གིས་གཡས་གཡོན་གང་ས་ནས་མཐའ་བསྐོར་ཏེ་པར་སོགས་རྩ་བ་ནས་རྒྱག་ཐབས་མེད་པ་བཟོས་ཏེ་སློབ་དཔོན་གྱི་སྐུ་དེ་གཏོར་འདུག རྒྱ་མི་གུང་ཁྲན་གྱིས་ཆོས་ལ་ངོ་རྒོལ་བྱས་ནས་སྐུ་གཏོར་བ་ཡིན་ན་ཐུབ་དབང་གི་སྐུ་ཡང་གཏོར་དགོས། འོན་ཀྱང་སློབ་དཔོན་གྱི་སྐུ་དམིགས་བསལ་བྱས་ཏེ་གཏོར་བ་དེ་ནས་ཤུགས་ལྡན་ཚོགས་པ་དེའི་ནང་འབྲེལ་བ་སླེབས་ཡོད་པ་གསལ་པོ་ཡིན། ད་ཆ་གནས་སྟངས་དེ་འདྲ་ཞིག་གི་ཐོག་ཏུ་སླེབས་ཡོད་པར་བརྟེན་དོལ་རྒྱལ་སྐོར་ངས་དམ་བསྒྲགས་མུ་མཐུད་ནས་བྱེད་ཀྱི་ཡོད།