དོལ་རྒྱལ་གནོད་འཚེ་ཅན་ཇི་ལྟར་ཡིན།

(དོལ་རྒྱལ་གྱི་བྱ་ངན་གྱི་ཁུངས་ཨ་ལགས་འཇིགས་མེད་དམ་ཆོས་རྒྱ་མཚོའི་རྣམ་ཐར་ནང་གསལ་བ་གང་འདིར་འཚམ་པར་སྣང་བས་ན་༧རྒྱལ་བའི་བཀའ་སློབ་དང་འབྲེལ་ནས་བཀོད་པ་ཡིན།)

ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཁུལ་དུ་ཡོད་པའི་བླ་སྤྲུལ་རྣམ་པ་དང༌། དགེ་བཤེས། ཉེ་འཁོར་གྲྭ་ཚང་གི་འཐུས་མི། གྲྭ་བཙུན་གཙོ་བོར་གྱུར་པའི་ཐོག་བཀའ་སྤྱི་དང་སྲི་ཞུའི་ལས་བྱེད་ཁོངས་གཏོགས་དང༌། ཚོགས་པ་ཁག་གི་རྒྱུན་ལས་འཐུས་མི། གཞན་ཡང་སེར་སྐྱ་མི་མང་ཁག་གཅིག་བཅས་ལ་དོལ་རྒྱལ་ལམ། རྒྱལ་ཆེན་ཤུགས་ལྡན་གྱི་སྐོར་ལ་ལོ་རྒྱུས་ཀྱི་ཡིག་ཆའི་ཁུངས་སྐྱེལ་དང་བཅས་སྤང་བླང་བྱེད་སྒོའི་བཀའ་སློབ་གསལ་བཤད་ཤིན་ཏུ་གལ་ཆེ་བ་ཞིག་སྩལ་བའི་བཀའ་སློབ།

     ཛེ་སྨད་རིན་པོ་ཆེས་བྲིས་པའི་ཕ་རྒོད་བླ་མའི་ཞལ་ལུང་ཟེར་བའི་དེབ་དེ་ཐོན་པའི་སྐབས་དེར་ང་ཚོས་འདི་གར་བོད་བསྟན་སྲིད་ཀྱི་དོན་དུ་གུ་རུའི་འབུམ་ཚོགས་འབུལ་བའི་སྐབས་ལ་བཙུན་མ་ཁ་ཤས་དེབ་དེས་རྐྱེན་བྱས། དོལ་རྒྱལ་གྱིས་གནོད་དོགས་ནས་ཡོང་ནུས་མ་ནུས་བྱས་འདུག༌། ངོས་རང་འདི་བདེ་པོ་ཞིག་རྩ་བ་ནས་མཐོང་མ་བྱུང༌། དེ་སྐབས་གུ་རུར་འབུམ་ཚོགས་འབུལ་བ་འདི་ངོས་རང་སྒེར་གྱི་དོན་དག་མིན། བོད་སྤྱི་པའི་དོན་དག་ཡིན། ག་རེ་བརྗོད་རུང་མ་བརྗོད་རུང་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་གནས་ཚུལ་གྱི་འོག་ནས་སློབ་དཔོན་རིན་པོ་ཆེ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ནི་ཧ་ཅང་གསལ་པོ་ཡིན། འདི་ལ་འབུམ་ཚོགས་འབུལ་རྒྱུ་དང་བོད་སྤྱི་པའི་དོན་དག་ལ་ངོས་རང་མི་སྒེར་གྱིས་བསོད་ནམས་བསགས་ནས་བོད་སྤྱི་པའི་དོན་ལ་འཕོ་འགྱུར་འགྲོ་གི་ཡོད་ན་ཁྱད་པར་མི་འདུག ངོས་རང་གཅིག་པུས་ཐབས་ཤེས་བྱེད་ཆོག་གི་རེད། ཡིན་ནའང་བོད་སྤྱི་པའི་བདེ་སྡུག་འདིར་བོད་སྤྱི་པ་རང་གི་ཐོག་ནས་བསོད་ནམས་བསགས་དགོས་པ་ལས། ང་མི་གཅིག་གིས་བསོད་ནམས་བསགས་པ་གཅིག་པུས་འགྲིག་གི་མེད། དེར་བརྟེན་འབུམ་ཚོགས་འབུལ་རྒྱུ་འདི་གལ་ཆེ་དོན་ཆེ་ལ་བརྩིས་ནས་འབུམ་ཚོགས་འབུལ་གྱི་ཡོད། དེ་ལ་ཞེད་སྣང་བྱེད་པ་ཞིག་ཆགས་དུས་བདེ་པོ་ཞིག་རྩ་བ་ནས་མ་བྱུང༌།

     ལར་ནས་ངོས་ཀྱིས་ཆོལ་ཁ་གསུམ་ཚང་མ་རྡོག་རྩ་ཆིག་བསྒྲིལ་དགོས་པ་དང་ཆབས་ཅིག་ང་ཚོས་ཆོས་དང་གྲུབ་མཐའ་ཕན་ཚུན་ལ་བརྟེན་ནས་སྡིག་པ་གསོག་པ་འདི་ཤིན་ཏུ་ཐབས་སྐྱོ་པོ་ཡིན་པ་དེ་སྔ་ང་རང་བོད་ལ་ཡོད་དུས་ནས་མཐོང་ཚུལ་འདི་ཡོད་ལ། ལྷག་པར་རྒྱ་གར་དུ་སླེབས་དུས་འདི་ཧ་ཅང་སྐྱོན་ཆེན་པོ་ཞིག་ཏུ་མཐོང་བྱུང༌། རིས་སུ་མ་ཆད་པའི་ྋརྒྱལ་བའི་བསྟན་པ་ལ་དག་སྣང་དང༌། ཉམས་ལེན་བྱེད་པའི་ཧ་ཅང་གི་མིག་དཔེ་བཟང་པོ་དང༌། ཕྱག་སྲོལ་བཟང་པོ་ཞིག་ལ་ཤེས་ནས་དད་པ་ཐོབ་པའི་ཐོག་ནས་ངོས་ནས་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་བྱེད་ཀྱི་ཡོད། འདིར་འགལ་རྐྱེན་གྱི་གནས་ཚུལ་ཆགས་ཡོང་དུས་འདི་ཡག་པོ་གང་ཡང་མི་འདུག དེར་བརྟེན་རྒྱལ་ཆེན་སྐོར་ཡོངས་བསྒྲགས་ཀྱིས་དམ་བསྒྲགས་བྱེད་པའི་འགོ་བཙུགས་པ་ཡིན། དེ་སྐོར་གོང་དུ་བཤད་མ་ཐག་པ་བཞིན་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་དེ་དུས་ངོས་ཀྱི་དམིགས་ཡུལ་བཟུང་སྟངས་ཧ་ཅང་གསལ་པོ་ཡིན། དོལ་རྒྱལ་འདི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་རྐྱེན་ངན་ཞིག་གི་ཐོག་ནས་བཀྲོངས་པ་ཡིན་ནའང་འདྲ། གང་ལྟར་ག་རེ་ཡིན་རུང་མིན་རུང་དོལ་རྒྱལ་འདི་བྱུང་བ་ཡིན་པ་རེད། མི་ཐོག་ཀྱང་མང་པོ་ཞིག་ཕྱིན་ཡོད།

     སྐུ་གོང་མའི་སྐབས་ལྷ་ཞིབ་གནང་སྟེ་ལྷ་འདྲེ་ཕེབས་མཁན་མང་པོ་ཞིག་ཕེབས་མ་ཆོག་པ་བཟོས་གནང་ཡོད། ཡིན་ནའང་སྤྲོ་བདེ་ཁང་གསར་གྱི་ལྷ་ཕེབས་རྒྱུ་དེ་འདི་མུར་བཞག་ཡོད་པ་ལས་ཕེབས་མ་ཆོག་པ་བཟོས་མེད། ཕེབས་མ་ཆོག་པའི་གྲས་དེ་རིགས་མ་རེད། ཡིན་ནའང་དེ་ལ་ཁོ་རང་གི་གནས་བབ་ཅིག་ཡོད་པ་ཡིན། བོད་དུ་ལུང་པ་རེར་ཡུལ་ལྷ་རེ་དང༌། གཞི་བདག་རེ་བྱས་ཏེ་མང་པོ་ཡོད་པ་དེ་ཚོ་སྐྱེས་ལྷ་ཡུལ་ལྷར་བསྟེན་ཏེ་གསོལ་བའི་ལུགས་སྲོལ་ཞིག་ཡོད། དེ་ནི་འགྲིགས་པ་ཡིན། དོལ་རྒྱལ་ཡང་སྐྱེས་ལྷ་ཡུལ་ལྷ་ལྟ་བུར་བརྩིས་ཏེ་གསོལ་མཁན་ཡོད་པ་ཡིན་ན་དེ་ལ་ཁྱད་གང་ཡང་མི་འདུག མི་ལ་ཡིན་ནའང་རང་བཞིན་གྱི་ཐོབ་དང་གོ་ས་ལ་གཞིགས་པའི་གནས་སྟངས་ཐོག་སྡོད་དགོས་པ་ཇི་བཞིན། ལྷའི་སྤྱི་ཚོགས་ཀྱི་ནང་དུའང་དེ་དེ་བཞིན་བྱས་ཏེ་མིང་གནས་ཀྱི་ཐོབ་ཐང་ཡོད་པ་དེ་རང་ཐོག་བཞག་ན་སྙོམས་པོ་ཡོད། སྐུ་གོང་མས་སྲིད་བྱུས་འདིའི་ཐོག་ཕྱིན་ཡོད་པ་རེད། གང་མཚམས་ནས་འབྲས་སྤུངས་དང༌། གདན་སའི་ནང་ཕྲན་བུ་མངོན་གསལ་དོད་པོའམ། ཤུགས་ཆེན་པོ་ཆགས་ཡོང་དུས་དམ་བསྒྲགས་གནང་ཡོད། རྩ་བ་ནས་ཕེབས་མ་ཆོག་པ་བཟོས་གནང་ཡོད་པ་མ་རེད། གནས་ཚུལ་དེ་ལྟར་ཡིན།

   ཆོས་དང་འབྲེལ་བའི་ཐོག་ནས་ཞུས་ན་ངོས་ཀྱིས་འདི་འདྲ་ཞིག་མཐོང་གི་འདུག དམ་པ་གོང་མ་སྤྱིའི་ཕྱག་བཞེས་དང༌། གསུང་སྟངས་ལ་སྒོ་བསྟུན་དུས་དམ་པ་རེ་ཟུང་གིས་གསུངས་པ་དེ་མ་མཐུན་པ་ཡོང་གི་ཡོད་ན། དེ་ནི་ལམ་རིམ་ཆེན་མོའི་ནང་རྗེ་རིན་པོ་ཆེས་གསུངས་པ་ལྟར། གཞུང་ཆེན་མོ་དང་རྣམ་པ་ཐམས་ཅད་དུ་འགལ་ན་མི་འགྲིགས། གལ་སྲིད་གཞུང་ཆེན་མོ་དང་འགལ་གྱི་འདུག་ན། འདོར་འོས་བྱ་བ་མན་ངག་ལ་བབས་པ་ཡིན་ཞེས་གསུངས་ཡོད། དེ་བཞིན་བྱས་ནས་བསྟན་པ་སྤྱིའི་འགྲོ་སྟངས་དང༌། དགེ་ལུགས་པའི་བསྟན་འཛིན་གྱི་སྐྱེས་བུ་སྤྱིའི་གཟིགས་ཕྱོགས་དང་མ་མཐུན་པ་ཞིག་ཡོང་གི་ཡོད་ན། རེ་ཟུང་རེ་ཟུང་གིས་གསུངས་པ་དེ་དོར་རྒྱུ་རེད་མ་གཏོགས། རེ་ཟུང་གིས་གསུངས་པ་དེ་རྒྱུ་མཚན་དུ་བྱས་ཏེ་བླ་མ་གོང་མ་མང་པོ་ཞིག་གིས་གསུངས་པ་དེ་དག་ནོར་འཁྲུལ་རེད་ཅེས་བརྗོད་རྒྱུ་ཧ་ཅང་ཁག་པོ་ཡིན།

   གཉིས་ནས་ཕྱོགས་གཅིག་ལ་ཕ་རྒོད་བླ་མའི་ཞལ་ལུང་ནང་ཡོད་པ་བཞིན་དོལ་རྒྱལ་གནོད་པ་ཚ་པོ་ཡོད་པའི་ཆེ་བ་བརྗོད་རྒྱུ་ཞིག་ཡོད་ཀྱང༌། ཕྱོགས་གཞན་ལ་དེ་ལས་རྒྱས་ཙམ་གྱི་གནས་ཚུལ་བརྗོད་རྒྱུ་ཡོད། བར་སྐབས་ཁམས་ཁུལ་གྱིས་མཚོན་པའི་དབུས་གཙང་གི་ས་ཁུལ་མང་པོ་ཞིག་གི་དགོན་པ་སྤྱི་དང༌། བླ་མ་གྲྭ་པ་སྒེར་སོ་སོས་ཕྱིས་སུ་རྒྱལ་ཆེན་གསར་སྤྲོས་ཀྱིས་བསྟེན་པའི་ཉེར་ལེན་གྱིས་གྲ་མ་འགྲིགས་པ་བྱུང་བ་མང་པོ་ཤོད་རྒྱུ་ཡོད། དེ་དག་ཀྱང་མིག་མཐོང་ལག་ཟིན་ཤ་སྟག་ཡིན། འདི་འདྲའི་རྩོད་པ་ཅན་ཞིག་ཡིན་དུས། ཕྱོགས་གཅིག་གི་ལོ་རྒྱུས་གཅིག་པུར་བལྟས་ནས་གཡག་ཞར་གྱིས་རྩྭ་ཟ་བ་ནང་བཞིན་མ་བྱས་པར། ཕྱོགས་ཚང་མའི་གནས་ཚུལ་ལ་བལྟས། བླ་མ་ཚད་ཐུབ་དེ་ཚོའི་གསུང་ལ་ཞིབ་འཇུག་བྱས་ཏེ་བསམ་བློ་ཞིག་བཏང་ན། གང་ལྟར་ངོས་ཀྱིས་བཤད་པ་དེ་དག་ལ་རྒྱུ་མཚན་མཐོང་གི་རེད། གང་ལྟར་ང་ཚོའི་སྤྱིའི་བསྟན་པའི་འགྲོ་སྟངས་ནི།

དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །

ཞེས་བཅོམ་ལྡན་འདས་ཁོང་རང་ཉིད་ཀྱིས་གསུངས་པ་ལྟར་བྱེད་དགོས། ངོས་ནས་བཤད་པ་འདི་ྋརྒྱལ་བ་རིན་པོ་ཆེས་བཤད་པ་རེད་ཅེས་བརྩི་དགོས་དོན་མེད། དངོས་ཡོད་གནས་ཚུལ་གང་འདྲ་ཡིན་མིན་ཞིབ་འཇུག་ཡག་པོ་བྱས། ལོ་རྒྱུས་ཁག་ལ་ཡག་པོ་ལྟོས་དང༌། ངོས་ནས་བཤད་པ་འདི་དག་ལ་རྒྱུ་མཚན་ཡོད། གལ་སྲིད་ངོས་ནས་བཤད་པ་འདི་དག་ལ་དོན་དངོས་གྱི་གནོད་བྱེད་ཡག་པོ་ཤོད་རྒྱུ་ཡོད་ན་འགྲིགས་ཀྱི་རེད། གནས་ཚུལ་ཐ་དད་ཡིན། འཇམ་མགོན་ྋརྒྱལ་བའི་བསྟན་སྲུང་ངོ་མ་ཞིག་ཡིན་ན། དོལ་རྒྱལ་དང་པོ་དྲག་པོའི་སྐུར་ཤར་ཚར་བའི་རྗེས་སུ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་སློབ་མ་རེད། པཎ་ཆེན་བློ་བཟང་ཆོས་རྒྱན་ལ་ཧ་ཅང་ཐུགས་དད་གནང་གི་ཡོད། དང་པོ་བཀྲ་ཤིས་ལྷུན་པོར་ཞལ་ཕྱོགས་ནས་ཕེབས་པ་ཡིན་པ་རེད། དེའི་སྐབས་བཀྲ་ཤིས་ལྷུན་པོའི་དགོན་པ་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བསྐོར་ནས་ནང་དུ་ཚུད་ཐུབ་མེད། འདི་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་མཛད་པའི་དོལ་རྒྱལ་གྱི་བསྟོད་འགྲེལ་ནང་ཡོད། ༼འདི་ནི་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ ༡༩༦༩ ལོར་མཛད་པའི་ཤུགས་ལྡན་གྱི་རྟོགས་བརྗོད་དམ་ཅན་རྒྱ་མཚོའི་རོལ་མོ་ཞེས་པ་དེའི་ནང་ཡོད། གསུང་དེའི་ནང་དོལ་རྒྱལ་རང་ཉིད་ཀྱིས་ས་སྐྱའི་བདག་ཆེན་བསོད་ནམས་རིན་ཆེན་གྱིས་ཁྱོད་སུ་ཡིན་ཞེས་དྲིས་པ་ན། ང་དགའ་ལྡན་པའི་དམ་སྲི་ཁོ་ཡིན་ཞེས་ལན་ཕུལ་བའང་གསལ་ཡོད། ༽

   རྣམ་ཀུན་རྒྱལ་ཆེན་བསྟེན་གསོལ་གནང་མཁན་ཚོས་ཀྱང་གསུང་གི་འདུག འདི་ག་རེ་བྱས་པ་ཡིན་ནམ་བསྟན་པ་སྤྱི་དང༌། ཡང་སྒོས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་སྲུང་མཁན་གྱི་ཆོས་སྲུང་ལ་ཆེད་དུ་གཉེར་ནས་དྲག་པོའི་སྐུར་བཞེངས་པ་ཞིག་ཡིན་ན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཁྱེན་དགོས་པ་ཡིན་ལ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱིས་ཀྱང་མཁྱེན་དགོས་པ་ཡིན། མ་མཁྱེན་པ་འདི་ཁྱད་མཚར་ཞིག་ཆགས་མི་འདུག་གམ། བཀྲ་ཤིས་ལྷུན་པོར་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བསྐོར་ནས་མ་ཐར་སྟབས་ས་སྐྱ་ལ་ཕྱོགས་ཏེ་སྐབས་དེའི་ས་སྐྱའི་བདག་ཆེན་ཞིག་གིས་ཁྲག་གི་གསེར་སྐྱེམས་མིན་ནམ་ཞིག་ཕུལ་བ་གནང་ནས་ས་སྐྱས་བསྟེན་སྟངས་དང་པོ་དེ་ལྟར་བྱས་ཏེ་བྱུང་འདུག རྒྱལ་ཆེན་རྟ་བཞོན་མ་དེ་ས་སྐྱ་ནས་བསྟེན་གྱི་ཡོད། དེ་ཡང་ས་སྐྱ་ཡོངས་རྫོགས་མ་རེད། ལྷག་དོན་དེང་སྐབས་ས་སྐྱའི་ནང་བསྟེན་མཁན་ཧ་ཅང་ཉུང་ཉུང་རེད། སྔ་མོ་ཡིན་ན་ས་སྐྱའི་རིགས་ཁ་ཤས་ཀྱིས་ཤུགས་ཆེན་པོ་བསྟེན་གྱི་ཡོད་འདུག

   སྔོན་མ་ཀ་ལུ་རིན་པོ་ཆེས་ཐེངས་གཅིག་ངོས་ལ་ལོ་རྒྱུས་ཤིག་གསུང་མྱོང༌། ཀ་ལུ་རིན་པོ་ཆེ་གཙང་སྟོད་ཕྱོགས་ལ་གནས་སྐོར་ལ་ཕེབས་ཏེ་ས་སྐྱ་ཁུལ་གྱི་དགོན་པ་ཞིག་ལ་ཕེབས་སྐབས་དེའི་དཀོན་གཉེར་གྱིས་འདུ་ཁང་དང་ལྷ་ཁང་ནང་སྤྱིར་བཏང་གནས་བཤད་བརྒྱབ་ནས་ཕྱིན་པ་མ་གཏོགས་དམིགས་བསལ་བྱེད་ཀྱི་མི་འདུག ལྷ་ཁང་ཞིག་གི་སྒོའི་འཁྲིས་ལ་སླེབས་སྐབས་དཀོན་གཉེར་དེས་ཕྱག་གསུམ་འཚལ། སྤོས་ཤིག་འཁྱེར། ཤིན་ཏུ་གལ་ཆེན་པོ་བྱས་ནས་འཁྲིད་བྱུང༌། དེ་ནི་དོལ་རྒྱལ་གྱི་མགོན་ཁང་རེད་འདུག་གསུང་གི་འདུག དོལ་རྒྱལ་གནོད་པ་ཚ་པོ་ཡོད་སྟབས་དཀོན་གཉེར་དེས་གལ་ཆེན་པོར་བརྩིས་པ་མིན་ནམ། ཕྱིས་སུ་ས་སྐྱའི་སྐྱེས་བུ་དམ་པ་མང་པོས་བསྟེན་པ་གནང་གི་མེད། དཔེར་ན། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ལ་ཆ་བཞག་ན་དོལ་རྒྱལ་ལ་སྡུག་ཐག་ཆོད་གནང་གི་འདུག དེ་ལྟར་དང་པོ་གནས་ཚུལ་ལྷགས་པའི་སྐབས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་སྐུ་མདུན་ལ་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བསྐོར་ནས་གང་ལྟར་མ་བཏང་བ་རེད། གནས་ཚུལ་དེར་ཡང་བསམ་བློ་གཏོང་དགོས་པ་ཞིག་འདུག་ཅེས་བཀའ་སྩལ།

   སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༡༩༩༧ ཕྱི་ཟླ་ ༡༠ ཚེས་ ༨ ཉིན་བཞུགས་སྒར་དུ་བལ་ཡུལ་ཁུལ་གྱི་མི་མང་སོགས་བརྟན་བཞུགས་འབུལ་མཁན་རྣམས་ལ་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
དགེ་ལུགས་པའི་ནང་དོལ་རྒྱལ་ཟེར་བ་དེ་རྩོད་པ་ཅན་དུ་གནས་པ་ལས། རྩོད་མེད་ཡོངས་གྲགས་ཚང་མས་གཅིག་གྱུར་གྱིས་ཚད་གྲུབ་ཐུབ་ཏུ་ངོས་འཛིན་གནང་བ་བྱུང་མེད། འདས་པའི་ལོ་དྲུག་ཅུ་ཙམ་རིང་དེ་དར་རྒྱས་ཆེན་པོ་ཕྱིན་ཡོད། དར་རྒྱས་ཆེན་པོ་ཕྱིན་པ་དེས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་ལ་ཕན་ཐོགས་གང་ཞིག་བྱུང་ཡོད་ལྟོས་དང༌། རྗེ་རིན་པོ་ཆེ་བྱོན་ནས་དང་། ལྷག་པར་ཕྱིས་ཀྱི་ལོ་དྲུག་ཅུ་བརྒལ་བ་དེའི་རིང་ཕན་ཐོགས་འདི་བྱུང་ཡོད་ཟེར་བ་ཞིག་དང༌། དགེ་ལུགས་པའི་བསྟན་པ་ལ་དམིགས་བསལ་དོལ་རྒྱལ་གྱི་རྐྱེན་པས་ཕན་ཐོགས་འདི་འདྲ་ཞིག་བྱུང་ཡོད་ཟེར་བ་ཕལ་ཆེར་མེད།

   ལྡོག་ཕྱོགས་ནས་བཤད་ན་དོལ་རྒྱལ་གྱི་རྐྱེན་པས་དགེ་ལུགས་པར་མི་དགའ་བ་བྱེད་མཁན་དང༌། དགེ་ལུགས་པའི་ཆོས་ཡག་པོ་མ་རེད་ཅེས་བརྗོད་མཁན་བྱུང་སྟེ་ཆོས་ལུགས་ཕན་ཚུན་བར་དང༌། དགེ་ལུགས་པ་ནང་ཁུལ་ལའང་བར་སྐབས་ཕན་ཚུན་ཆགས་སྡང་ཕྱོགས་རིས་བྱེད་མཁན་མང་པོ་བྱུང་ཡོད། དཔེར་ན། དོལ་རྒྱལ་གྱི་རྐྱེན་པས་ཁམས་ཁུལ་དང༌། ངའི་མི་ཐོག་འདི་རང་ལ་ལྷོ་ཁ་ཁུལ་དུ་དོལ་རྒྱལ་གྱིས་རྐྱེན་བྱས་ཏེ་རྙིང་མའི་ལྷ་ཁང་ནང་བཞུགས་པའི་གུ་རུ་མཚན་བརྒྱད་ཀྱི་སྐུ་གཡུགས་ནས། དེའི་ཚབ་ལ་རྒྱལ་ཆེན་རིགས་ལྔ་བཞེངས་པའི་གནས་ཚུལ་བྱུང་བ་ད་ལྟ་མི་མ་ཤི་བར་གསོན་པོར་བསྡད་ཡོད།

   གཞན་ཡང་ཡང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཤིང་ཨ་ལགས་འཇིགས་མེད་དམ་ཆོས་༼༡༨༩༨ ནས་༡༩༤༦༽ ཀྱི་སྲས་ཀྱི་ཐུ་བོ་ཨ་ལགས་ཚེ་ཏན་ཞབས་དྲུང་གྱིས་ཨ་ལགས་འཇིགས་མེད་དམ་ཆོས་ཀྱི་རྣམ་ཐར་ཞིག་ཕྱོགས་བསྒྲིགས་མཛད་ནས་ཡོད། དེ་ཡང་ཨ་ལགས་འཇིགས་མེད་དམ་ཆོས་ཀྱི་གསུང་འབུམ་པོད་མང་པོ་ཞིག་འདུག ལྷག་དོན་དྲང་ངེས་ལེགས་བཤད་སྙིང་པོའི་འགྲེལ་ཆེན་པོད་གཉིས་ཡོད། དྲང་ངེས་ལེགས་བཤད་སྙིང་པོའི་འགྲེལ་པ་འདི་ལས་རྒྱས་པ་མེད། ཧ་ཅང་སྤུས་དག་པོ་ཞིག་ཡོད། དེ་འདྲ་མཛད་མཁན་གྱི་མཁས་པའི་དབང་པོ་ཞིག་ཡིན་ཞིང༌། ཁོང་མཚན་སྙན་གྲགས་ཆེན་པོ་ཡོད་དུས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་ཁོང་ལ་ཕྱག་བྲིས་ཤིག་ཕུལ་བའི་ནང་དོན་ཁོང་གི་རྣམ་ཐར་མཁས་དབང་ཚེ་བརྟན་གྱིས་མཛད་པའི་ནང་འདི་ལྟར་གསལ་ཏེ།

སྡེ་དགེ་སྨན་ཤོད་རྫོང་གསར་དགོན་ནས་སྔ་འགྱུར་བསྟན་པའི་གསལ་བྱེད་མཚུངས་མེད་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་སྐུ་མཁས་པའི་དབང་ཕྱུག་ཆོས་ཀྱི་བློ་གྲོས་ཞེས་ཞུ་བས་རྒྱུས་མེད་པར་སྐྱེས་དང་བཅས་ཞུ་ཡིག་ཕུལ་བའི་ནང༌།

   ཞེས་༸འཇམ་དབྱངས་མཁྱེན་བརྩེ་འི་དབང་པོའིརང་ལུགས་ས་སྐྱ་པ་ཡིན་ཡང། རིས་མེད་ཉམས་བཞེས་མཛད་མཁན་ཞིག་དང། རྫོགས་ཆེན་ཉམས་བཞེས་མཛད་མཁན་ཞིག་ཆགས་ཡོད། དེའི་ཡང་སྲིད་༸མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱང་རྩ་བའི་རང་ལུགས་ས་སྐྱ་ཡིན་ཡང༌། རྫོགས་ཆེན་ཉམས་བཞེས་གཙོ་བོར་གནང་བ་དང། བཀའ་བརྒྱུད་དང༌། དགེ་ལྡན་སོགས་རིས་མེད་གནང་གི་ཡོད། ༸མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དགོན་སྡེ་ཁག་ཏུ་ཕེབས་སྐབས་དགེ་ལུགས་ཀྱི་པཎ་ཞྭ་སེར་པོ་གཅིག་དང༌། ས་སྐྱའི་ས་ཞུ་དམར་པོ་ཞིག རྙིང་མའི་དབུ་ཞྭ་འདྲ་མིན། བཀའ་བརྒྱུད་ཀྱི་དྭགས་ཞྭ་སོགས་དབུ་ཞྭ་སྒམ་གང་ཡོད་པ་ཞབས་འབྲིང་པས་འཁྱེར་དགོས་ཅིང། དགེ་ལུགས་པ་ལ་དགེ་ལྡན་པའི་གཞུང་འཁྲིད་གནང་སྐབས་པཎ་ཞྭ་དང། ས་སྐྱ་པ་ཞིག་ལ་ས་ལུགས་ཀྱི་བཀའ་ཆོས་གནང་སྐབས་ས་ཞུ་བཞེས། དེ་བཞིན་དུ་རྙིང་མ་ལ་རྙིང་མའི་དབུ་ཞྭ་དང༌། བཀའ་བརྒྱུད་ལ་བཀའ་རྒྱུད་ཀྱི་དྭགས་ཞྭ་སོགས་བཞེས་པའི་ཕྱག་སྲོལ་ཅན་གྱི་ཚད་ཐུབ་ཀྱི་བསྟན་འཛིན་དུ་ཡོངས་སུ་གྲགས་པ་ཡིན། ཁོང་གིས་ཨ་ལགས་འཇིགས་མེ་དམ་ཆོས་རྒྱ་མཚོར་ཕུལ་བའི་སྤྲིན་ཡིག་ནང་འདི་ལྟར་ཡོད་དེ།

དངོས་མཇལ་སྤྲོ་ཡང་བདག་ནི་ལས་དབང་གིས་ན་རྒྱུ་ཆེ། ས་ཐག་རིང་བས་ཅི་བྱར་ཟད་ཀྱང་གསོལ་འདེབས་སྨོན་ལམ་ཞབས་བརྟན་གྱི་འབྲེལ་བ་ཡིད་མཁར་རྟག་ཏུ་བཀོད་ཅིང༌། ཞེས་པའི་མཇུག་ཏུ་འདི་ལྟར་ཡོད་དེ།

   སྐུ་ཞབས་ཕ་བོང་ཁ་པ་རིན་པོ་ཆེའི་ཞལ་སློབ་ཁ་ཤས་ནས་གསར་སྙིང་གི་གྲུབ་མཐའ་ཆེན་པོ་རྩོད། པད་མ་འབྱུང་གནས་ཀྱི་སྐུ་དང་ཞི་ཁྲོའི་ལྷ་བཤིག བཛྲ་གུ་རུ་བཏོན་ན་ཕན་ཡོན་མེད་ཚུལ། པད་མ་བཀའ་ཐང་མེ་ཆུར་སྦྱངས་པ་ལ་སོགས་པའི་ལོག་སྤྱོད་མང་པོ་དང༌། གཞན་ཡང་མ་ཎི་སོགས་ཀྱི་འཁོར་ལོ་སྐོར་བ་དང༌། གཤིན་པོའི་བདུན་ཚིགས་འཛིན་རྒྱུ་སོགས་དགོས་པ་མེད་ཚུལ་མང་པོ་བཤད་ནས་སྐྱེ་བོ་དག་ལོག་ལྟའི་གནས་ལ་འགོད་པ་དང༌། མཆོག་གསུམ་ཀུན་འདུས་རྒྱལ་པོ་ཤུགས་ལྡན་སྐྱབས་ཀྱི་མཆོག་ཏུ་འཛིན། ལྷོ་རྒྱུད་ཀྱི་དགོན་ཆུང་འགའ་ཞིག་གི་གྲྭ་པ་མང་པོ་ལ་ཤུགས་ལྡན་བབས་པ་ཡིན་ཟེར་ཕྱོགས་མཐའ་དག་ཏུ་སྨྱོ་རྒྱུགས་བྱས་ནས་རྟེན་གསུམ་བཤིག་བཅོམ་རང་མཚང་མང་ཞིང༌། རྗེ་ྋརྒྱལ་བ་གཉིས་པ་ཙོང་ཁ་པའི་བསྟན་པའི་རྨ་འབྱིན་ཆེན་པོར་འདུག་པས། སྤྱི་ལ་ཕན་པའི་སྤྲིངས་ཡིག་ཅིག་མཛད་ནས་པར་དུ་བསྐྲུན་ཏེ་དབུས་གཙང་ཁམས་གསུམ་ལ་བཀྱེས་པ་མཛད་ན་བསྟན་པའི་འཁྲུག་སེལ་ལ་བཀའ་དྲིན་ཆེ་ཞུ། ངེད་ལ་ཉིད་མཛད་རྟོག་བདུན་རྒྱུད་འགྲེལ་ཞིག་དགོངས་གཏད་དང་བཅས་གནང་གྲུབ་མཁྱེན་མཁྱེན། ཅེས་པ་ལ་སོགས་པ་ཞུ་གནང་མཛད་འདུག་པའང་གསེར་མདོག་ཅོད་པན་འཆང་བའི་རང་བསྟན་གྱི་ཁུར་བསྣམས་པ་ལ་མདོ་དབུས་སུ་ཟླ་མེད་པའི་གྲགས་པ་ཆེ་བ་དང༌། མཁས་བཙུན་བཟང་པོའི་རླབས་ཕྲེང་དཀར་པོ་གྲུབ་མཐའ་རིས་མེད་ཀྱི་བསྟན་འཛིན་ཆེས་ཆེ་བར་དག་གི་ཐུགས་རང་དབང་མེད་པར་འཕྲོག་པའི་དན་རྟགས་སུ་འཁུམས་སོ།། ༼དེབ་གཟུགས་ཤོག་གྲངས་ ༣༩༤ ཕྲེང་ ༡༥ ནས་གྲངས་ ༣༩༥ བར་གསལ།༽

   དེ་ཡང་འདིར་ཇི་ལྟར་འཁོད་པ་ལྟར་ཁམས་ཕྱོགས་སུ་སྐྱབས་རྗེ་ཕ་བོང་ཁ་པ་རིན་པོ་ཆེའི་སློབ་བརྒྱུད་ཀྱི་ནང་ནས་དགེ་ལུགས་པའི་ཞེན་ཁོག་ཡིན་ཁུལ་བྱས་ཏེ་བྱེད་སྟངས་མི་རུང་བ་སྣ་ཚོགས་དང། ལྷག་པར་རྒྱལ་པོ་དོལ་རྒྱལ་སྐུ་ཕེབས་ཀྱིས་དོལ་རྒྱལ་གཙོ་འཁོར་ཡིན་ཞེས་བརྗོད་མཁན་དེ་འདྲས་རྐྱེན་པས་སློབ་དཔོན་རིན་པོ་ཆེའི་སྐུ་ཆུ་ལ་བསྐྱུར་བ་སོགས་འདྲ་མིན་བྱུང་ཡོད།

   གཞན་ཡང་ཡབ་ཚང་གི་ཨ་མ་ལགས་རྒྱ་གར་དུ་སླེབས་ཡོད། ཨ་མ་ལགས་ཀྱིས་ང་ལ་ལོ་རྒྱུས་ཤིག་བཤད་པར། སྔར་བོད་དུ་ཆབ་མདོ་དགོན་པའི་ཉེ་འཁྲིས་ཀྱི་དགོན་པ་ཞིག་ལ་དོལ་རྒྱལ་གཙོ་འཁོར་དགུ་ཞེས་པའི་ལྷ་ཕེབས་མཁན་ཞིག་བྱུང་ཡོད། དེས་ལྷ་ཕེབས་ནས་དགོན་པའི་ནང་དུ་ཕྱིན་ཏེ་སློབ་དཔོན་གྱི་སྐུ་ཆུ་ལ་གཡུགས་པ་སོགས་ཀྱི་ལོ་རྒྱུས་ཡོད༌།

     དེ་ལྟར་ཨ་ལགས་འཇིགས་མེད་དམ་ཆོས་ནི་མདོ་སྨད་ཁུལ་གྱི་བླ་མ་ཚད་ལྡན་ཞིག་ཆགས་ཡོད་ལ། ཁོང་གི་རྣམ་མཐར་མཛད་མཁན་ཚེ་ཏན་ཞབས་དྲུང་ཡང་མཁས་པ་ཆེན་པོ་ཞིག་ཡིན་ཞིང༌། དེ་སྔ་ང་རང་རྒྱ་ནག་ཏུ་འགྲོ་སྐབས་ཁོང་དང་མཇལ་མྱོང༌། བར་ལམ་འདས་པའི་ལོ་དྲུག་ཅུའི་རིང་ཤུགས་ལྡན་གྱིས་རྐྱེན་པས་དགེ་ལུགས་པར་མཐོང་ཕྱོགས་བྱུང་ཡོད་པ་དེ་ཚོའི་ཐོག་ནས་དགེ་ལུགས་པར་ཕན་ཐོགས་ཆེ་བ་བྱུང་འདུག་གམ། ཡང་ན་མཚན་ཤས་དང་ཆོས་ལུགས་མི་མཐུན་པའི་གནས་ཚུལ་མང་བ་བྱུང་འདུག དེ་གཉིས་ལྕི་ཡང་ཞིག་འདེགས་དང་ཤེས་ཀྱི་རེད།

   འདས་པའི་ལོ་སུམ་བརྒྱ་བཞི་བཅུ་བརྒལ་བའི་རིང་རྩོད་པ་ཅན་དུ་གནས་པའི་དང་པོའི་རྐྱེན་རྩ་ྋགོང་ས་ལྔ་པ་ཆེན་པོ་དང་མ་འགྲིགས་པ་ཡོད་པ་འདི་ཡིན་པ་ཧ་ཅང་གསལ་པོ་ཡིན། ྋགོང་ས་ལྔ་པ་ཆེན་པོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ནང་དོལ་རྒྱལ་ལ་བསྲེགས་པ་མེའི་ལས་སྦྱོར་མཛད་པ་དང༌། དེའི་སྐབས་གཟུ་དཔང་ཞིག་ཀྱང་མཛད་པ་ཡིན་ཞེས་འཁོད་འདུག གཟུ་དཔང་དེ་ྋགོང་ས་ལྔ་པ་ཆེན་པོའི་གསུང་འབུམ་ད་པའི་ནང་བསྲུང་མའི་གསོལ་མཆོད་ཀྱི་སྡེ་ཚན་ཞིག་ཡོད་པ་དེའི་ནང་ཧ་ཅང་གསལ་པོ་འདུག དེའི་འགོ་བརྗོད་ནང་སྨོན་ལམ་ལོག་པའི་དམ་སྲི་ཞེས་ཐག་བཅད་ནས་གསུངས་པ་དང༌། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དེ་ཡང་པཎ་ཆེན་བསོད་ནམས་གྲགས་པའི་ཡང་སྲིད་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་མིན་པ་ཐག་བཅད་ནས་གསུངས་དོན།

   གད་ཁ་སའི་ལགས་ཨ་རྒྱལ་གྱི་འཕྲུལ་ལ་བརྟེན་ནས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་སྐུ་སྐྱེ་བརྫུས་མ་ལམ་དུ་སོང་བ་སྨོན་ལམ་ལོག་པའི་དམ་སྲིར་གྱུར་ཏེ། འགྲོ་བ་མང་པོར་གནོད་ཚབས་ཆེས་པར་བསྲེགས་པ་མེའི་ལས་སྦྱོར་མཛད་སྐབས་བརྩམས་པ་ཡིན་ཞེས་གསུངས་འདུག དེ་ལྟར་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་པཎ་ཆེན་བསོད་གྲགས་ཀྱི་ཡང་སྲིད་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་མིན་པ་དང༌། རྗེས་སུ་སྨོན་ལམ་ལོག་པའི་དམ་སྲིར་སྐྱེས་པ་ྋརྒྱལ་བ་ལྔ་པ་ཆེན་པོས་ཐག་བཅད་གནང་༸གོང་ས་ལྔ་པ་ཆེན་པོའི་གསུང་རྣམ་དུ་ཤིན་ཏུ་གསལ་བར་ཡོད།

ཕྱི་ལོ་ ༡༩༩༧ ཟླ་ ༡༢ ཚེས་ ༩ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སེ་ར་ཐེག་ཆེན་གླིང་གི་ཆོས་སྒར་དུ་སེར་སྐྱ་མང་ཚོགས་ལ་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
ཁྱེད་རང་ཚོ་ཁ་ཤས་ཀྱིས་དོལ་རྒྱལ་བསྟེན་ན་ལམ་འགྲོ་དང༌། དངུལ་ཡོང་གི་རེད་ཟེར་བ་དེ་ནི་ནོར་འཁྲུལ་ཡིན། དངུལ་ཕྲན་བུ་ཡོང་བ་རྒྱུ་མཚན་དུ་བྱས་ནས་རྩ་བ་ཆེན་པོ་རེད་ཅེས་བརྗོད་པ་སངས་རྒྱས་ཀྱི་བསྟན་པའི་གནད་མ་ཤེས་པའི་རྟགས་ཡིན། རིགས་ཁ་ཤས་ཀྱིས་ངས་ད་ལྟ་དམ་བསྒྲགས་བྱས་པ་འདིས་ཆོས་དད་རང་མོས་ལ་འགལ་རྐྱེན་བཟོ་གི་འདུག ཆོས་དད་རང་མོས་སྤྲོད་ཀྱི་མི་འདུག་ཅེས་ཤོད་ཀྱི་ཡོད། དངོས་གནས་བྱས་ན་དམ་བསྒྲགས་བྱེད་པ་དེ་ནི་ཆོས་དད་རང་མོས་སྲུང་སྐྱོབས་བྱེད་ཀྱི་ཡོད། གོང་དུ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཕྱག་བྲིས་ནང་ཡོད་པ་ལྟར་གནས་ཚུལ་དེ་ཁམས་ཁུལ་ཙམ་དུ་མ་ཟད། གཙང་ཁུལ་དང༌། ལྷོ་ཁ་ཁུལ་སོགས་མང་པོ་ཞིག་ལ་གནས་ཚུལ་དེ་བྱུང་འདུག ང་ཚོ་རྒྱ་གར་ལ་སླེབས་ནས་གནས་ཚུལ་མང་པོ་དེ་འདྲ་བྱུང་ཡོད། གོང་གི་གནས་ཚུལ་ཤེས་མཁན་གྱི་མི་ད་ལྟ་གསོན་པོ་བསྡད་ཡོད། དེ་འདྲའི་ལྷ་གཅིག་བསྟེན་པ་ཡིན་ན་དགེ་ལུགས་པ་གཅིག་གིས་གལ་ཏེ་རིས་མེད་ཀྱི་ཆོས་ལུགས་གཞན་དག་རྙིང་མ་དང༌། བཀའ་བརྒྱུད་སོགས་ཉམས་ལེན་བྱས་ན་རྗེ་རིན་པོ་ཆེ་ཐུགས་ཁྲོས་ཀྱི་རེད་ཤོད་ཀྱི་ཡོད། ཐུགས་ཁྲོས་ཀྱི་མ་རེད་ཀྱང་ཤོད་སྟངས་དེ་འདྲ་འཐོན་གྱི་ཡོད། ཡང་ན་ཆོས་ལུགས་གཞན་དག་ལ་འགྲམ་ཆུ་ལྡང་དགོས་མ་རེད་ཟེར། རྗེ་རིན་པོ་ཆེ་ཡི་པོ་ཏི་བཅོ་བརྒྱད་དེ་མདོ་རྒྱུད་གང་ལའང་མ་ལྡང་བ་དང༌། མ་འགྲིགས་པ་རྩ་བ་ནས་མེད་ཅེས་བཤད་ན་དེ་ནི་རྒྱུ་མཚན་ཡང་དག་པ་ཡིན། དེ་མིན་དགེ་ལུགས་པ་ཞིག་གིས་རྙིང་མ་དང་བཀའ་བརྒྱུད་ཀྱི་ཆོས་བྱས་ན་འདྲེས་གནོད་ཀྱི་རེད། ལྷས་གནོད་ཀྱི་རེད་ཅེས་བཤད་ན་དེ་ནི་ཞེད་སྣང་བྱེད་པ་འདི་དགེ་ལུགས་པའི་བསྟན་པ་གཙང་མ་ཡིན་ཞེས་བཤད་ན་བྱབ་ཆུང་དང༌། གད་མོ་ཤོར་བའི་གནས་ཡིན། ངས་དེ་ལ་དག་ཐེར་བྱེད་པ་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་ལ་དག་ཐེར་བྱེད་ཀྱི་ཡོད་བསམ་གྱི་འདུག མི་ཁ་ཤས་ཀྱིས་ྋརྒྱལ་བ་རིན་པོ་ཆེའི་བྱེད་སྟངས་ཀྱིས་རྐྱེན་པས་དགེ་ལུགས་པའི་བསྟན་པ་ལ་གནོད་ཀྱི་འདུག་མདོག་མདོག་བཤད་ཀྱི་འདུག དེ་འདྲ་མིན་བསམ་གྱི་ཡོད། ངས་འཇམ་མགོན་བླ་མའི་བསྟན་པ་ལ་དངོས་གནས་དག་ཐེར་བྱེད་ཀྱི་ཡོད་བསམ་པ་དྲན་གྱི་འདུག རྗེ་བླ་མའི་བསྟན་པ་ཕྱི་གཙང་ནང་གཙང་གང་ནས་བལྟས་ཀྱང་རྟགས་ཐོན་པ་ཞིག་ཡོད་པ་འདི་གནས་ན་ཡག་པོ་ཡོད། རྗེ་རིན་པོ་ཆེའི་གསུང་འབུམ་པོ་ཏི་བཅོ་བརྒྱད་སྤུས་དག་པོ་དེ་ལ་སྐྱོན་འདོགས་ས་ཅུང་ཟད་ཙམ་ཡང་མེད། འདས་པའི་ལོ་དྲུག་བརྒྱའི་ནང་བྱུང་ཡོད་པ་མ་རེད་ལ་ད་དུང་ཡང་ཡོང་གི་མ་རེད། འོན་ཀྱང་དགེ་ལུགས་པའི་ལྷ་དེ་གནོད་པ་ཚ་པོ་འདུག་ཅེས་བཤད་ནས་ལྟ་ཕྱོགས་འཛིན་གྱི་འདུག དེ་ལ་ཆོ་གང་ཡང་མི་འདུག ཁྱེད་རང་ཚོས་བསམ་བློ་བཏང་ནས་ལྐུག་པ་ཨུ་ཚུགས་དང༌། གཏི་ཐུག་སྙིང་རྗེའི་ཡུལ་དུ་གྱུར་པ་དེ་འདྲ་བྱེད་རྒྱུ་མེད་ཅེས་གསུངས།

ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༢ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་དང༌། རྒྱ་ཆེའི་སེར་སྐྱ་མང་ཚོགས་རྣམས་ལ་དོལ་རྒྱལ་སྐོར་བཀའ་སློབ་སྩལ་བ།
ཐོག་མར་ངས་ཀྱང་བསྟེན་པ་ཡིན། དེ་ནས་རིམ་པས་དངོས་ཡོད་གནས་ཚུལ་ལ་ལྟ་དུས། དེ་ནི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང༌། ཡང་སྒོས་འཇམ་མགོན་བླ་མ་ཡབ་སྲས་ཀྱི་དགོངས་པ་དང་མཐུན་པ་ཞིག་མཐོང་གི་མི་འདུག གང་ལྟར་དེ་ནི་མི་མ་ཡིན་དང༌། དེ་ཡང་དྲེགས་པ་ཞིག་ཆགས་ཡོད། འདི་འདྲ་ཞིག་ཤུགས་ཆེ་བསྟེན་གསོལ་བྱེད་མཁན་རྣམས་ཚེ་འདིར་ཡང་ལམ་འགྲོ་ཡོང་རྒྱུ་ཧ་ཅང་ཁག་པོ་དང༌། ཚེ་ཕྱི་མར་ཡང་འདྲེ་ཡི་འཁོར་ལ་སྐྱེ་རྒྱུའི་ཉེན་ཁ་ཡོད། དུས་རྒྱུན་རྒྱལ་པོ་དང་བཙན་སོགས་ཤུགས་ཆེ་གསོལ་མཁན་དེ་རིགས་སྐྱེ་བ་ཕྱི་མ་རྒྱལ་བཙན་སོགས་ཀྱི་འཁོར་གཡོག་ཏུ་སྐྱེས་ཏེ་མི་ཤི་བཙན་སྐྱེས་ལྟ་བུ་ཡོང་གི་ཡོད། དེས་ན་ང་རང་སྒེར་གྱི་ངོས་ནས་ཆ་བཞག་ན། སྤྱིར་ཐུབ་པའི་བསྟན་པའི་བཀའ་སྲུང་དང༌། ཡང་སྒོས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བཀའ་སྲུང་མགོན་པོ་ཕྱག་དྲུག་པ་དང༌། དམ་ཅན་ཆོས་ཀྱི་རྒྱལ་པོ། ལས་ཀྱི་གཤིན་རྗེ་སོགས་དེ་དག་ནི་འཇིག་རྟེན་ལས་འདས་པ་ཡིན་པས་བསླུ་བ་ཡོད་པ་མ་རེད། མགོན་པོ་ཡིད་བཞིན་ནོར་བུ་ལྟ་བུར་ཆ་མཚོན་ན། ཚེ་འདིར་བར་ཆད་ཞི་བ་དང༌། ཕྱི་མའི་ལམ་སྣ་འདྲེན་ཐུབ་པ་ཞིག་ཡིན། སྲུང་མ་དེ་ལྟ་བུ་བསྟེན་དགོས་པ་ལས། ཚེ་འདིར་འཕྲལ་སེལ་དཔལ་འབྱོར་ལོངས་སྤྱོད་ཀྱི་ཕན་ཐོགས་ཕྲན་ཚེགས་ཡོང་གི་ཡོད་ཀྱང༌། ཕུགས་སུ་རང་ཉིད་འདྲེ་ཡི་འཁོར་དུ་སྐྱེ་རྒྱུའི་ལས་གསོག་རྐྱེན་གྱི་ཐོག་ཏུ་ཕྱིན་ན། དེ་ལ་སྙིང་པོ་གང་ཡང་མེད། དེས་ན་ངས་བཀག་འགོག་དམ་བསྒྲགས་བྱེད་དགོས་པའི་རྒྱུ་མཚན་གང་ཞིག་ཡིན་པ་དང༌། དགོས་པ་གང་ཞིག་ཡིན་པ། དེ་ཡང་ངས་བསམ་བཏང་དྲན་སྐྱེས་བྱས་པ་ལྟ་བུ་མིན་པར། འདས་པའི་ལོ་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད། ལོ་རྒྱུས་དེ་དག་ལ་ཡར་དེད་ནས་ཞིབ་འཇུག་དང༌། རྩད་གཅོད་ཡག་པོ་ཞིག་བྱས་ཏེ་བསམ་བློ་གཏོང་དགོས་པ་ཡིན། མདོ་དོན་སྙིང་པོ། ང་རང་ལ་དངོས་སུ་ཉམས་མྱོང་བྱུང་བའི་ཐོག་ནས་ཤ་ཚས་བཤད་ཀྱི་ཡོད་པ་ལས། དེ་མིན་ང་ལ་དམིགས་བསལ་ཁེ་ཕན་ཡོང་རྒྱུ་གང་ཡང་མེད། དེ་ལྟར་བརྗོད་པས་མང་པོ་ཞིག་མི་བདེ་བ་ཡོང་གི་ཡོད་པ་ངས་ཤེས་ཀྱི་ཡོད། འོན་ཀྱང་བསྟན་སྲིད་སྤྱིའི་ཁུར་ཞིག་ཡོད་པར་བརྟེན་སངས་རྒྱས་ཀྱི་བསྟན་པ་དང༌། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་ལ་ཕྱོགས་གང་ཐད་ནས་སྐྱོན་འདོགས་བྱེད་ས་མེད་པ་ཞིག་བྱུང་ན་བསམ་ནས་ཞེན་ཤ་ཚས་བཤད་པ་ཡིན། ཉན་དང་མི་ཉན་སོ་སོས་བསམ་བློ་གཏོང་རྒྱུ་ལས། ངས་ཞུ་བ་འཐེན་དགོས་དོན་མེད། ཁྱེད་རང་ཚོ་མགོ་མཇུག་སློག་ནས་ཕྱིན་པ་ཡིན་ནའང་གང་ཡང་བཤད་རྩིས་མེད། ཤེས་སོང་ངམ། འོན་ཀྱང་བསྟན་སྲིད་སྤྱི་དོན་གྱི་གནས་སྟངས་གང་འདྲ་ཆགས་ཀྱི་འདུག་དང༌། ཁེ་གྱོང་གང་ཞིག་འདུག འཇམ་མགོན་བླ་མའི་བསྟན་པ་ལ་ཁེ་གྱོང་ཕན་གནོད་གང་ཞིག་འདུག སྒེར་སོ་སོར་ཆ་ཡང་ཕན་གནོད་གང་ཞིག་འདུག་བལྟ་དགོས། བར་སྐབས་དོལ་རྒྱལ་བསྟེན་གསོལ་གནང་མཁན་གྱི་བླ་མ་སྐྱེས་ཆེན་ཚོའི་ཡང་སྲིད་དང་བཅས་པའི་སྐུ་ཚེ་མཛད་འཕྲིན་གོང་ནས་གོང་དུ་འཕེལ་བ་ཞིག་ཡོང་རྒྱུ་དཀའ་མོ་རེད་འདུག དེ་དག་ལ་ཉམས་ཞིབ་ཡག་པོ་བྱས་ན་ཤེས་ཐུབ། ལྐུགས་པ་ཨུ་ཚུགས་བྱས་ནས་བསྡད་ན་དེ་ནི་གནས་ཚུལ་ཐ་དད་རེད་ཅེས་གསུངས།

ཕྱི་ལོ་༢༠༠༥ ཟླ་ ༨ ཚེས་ ༡༦ ཉིན་ལྡི་ལི་བསམ་ཡས་གླིང་གཞིས་སྒར་དུ་བོད་ནས་གསར་འབྱོར་ཁག་གཅིག་ལ་མཇལ་ཁའི་སྐབས་ཀྱི་བཀའ་སློབ།
དེ་ནས་དོལ་རྒྱལ་དང་འབྲེལ་དགག་པ་རྒྱག་པའི་རྒྱུ་མཚན་གཞན་གཅིག་ནི། གོང་དུ་བརྗོད་པ་ལྟར་བོད་ཀྱི་སངས་རྒྱས་ཀྱི་ཆོས་འདི་ཧ་ཅང་སྤུས་དག་པོ་ཞིག་ཡོད་ཀྱང༌། ང་རང་ཚོའི་བྱེད་ཕྱོགས་ཀྱིས་རྐྱེན་པས་ལྷ་གསོལ་གྱི་ཐོག་ཏུ་འགྲོ་གི་འདུག ལྷག་པར་གསོལ་རྒྱུའི་ལྷ་དེ་ཁུངས་ལྡན་ཞིག་དང༌། ཚད་ཐུབ་རྒྱལ་པོ་སྐུ་ལྔ་དང་བསྟན་མ་བཅུ་གཉིས་ལྟ་བུ་ཡིན་ན། སློབ་དཔོན་རིན་པོ་ཆེའི་སྐབས་ནས་བཟུང་སྟེ་གཏན་འཁེལ་ལྷིང་འཇགས་ཀྱིས་རྩོད་པ་མེད་པ་ཞིག་རེད། རྒྱལ་པོ་དོལ་རྒྱལ་ནི་འདས་པའི་ལོ་སུམ་བརྒྱ་དྲུག་ཅུ་ལྷག་ཙམ་གྱི་གོང་ལ་བྱུང་བ་ཐོག་མར་བསྟེན་མཁན་ས་སྐྱའི་ནང་བྱུང་བ་དང༌། དེ་ནས་དགེ་ལུགས་པའི་ནང་ཕྲན་བུ་བྱུང་ཡོད། འོན་ཀྱང་དགེ་ལུགས་པ་མང་ཆེ་བས་བསྟེན་གྱི་མེད། མདོ་སྨད་ཁུལ་ལ་ཧ་ཅང་ཉུང་ཉུང་རེད། སྐུ་འབུམ་དང་བཀྲ་ཤིས་འཁྱིལ་ལ་གོ་རྒྱུ་མི་འདུག རེ་ཟུང་ཡོད་ན་ལས་ཧ་ལམ་མེད། དེ་བཞིན་དབུས་གཙང་གི་ཁུལ་ལ་ཆ་བཞག་ན། དེ་སྔ་འབྲས་སྤུངས་དང༌། སེ་ར། དགའ་ལྡན་བཅས་ལ་མེད། ཁང་ཚན་རེ་ཟུང་ལ་ཡོད་ན་ལས་རྩ་བ་ནས་མེད། དེ་ཡང་གླེང་གཞི་ཅན་དང༌། རྩོད་པ་ཅན་ཞིག་གི་ཐོག་ཏུ་བསྡད་པ་རེད།

   དཔེར་ན། ངས་ལོ་རྒྱུས་ཤིག་བཤད་ན། སྤྲོ་བདེ་ཁང་གསར་ཞེས་དོལ་རྒྱལ་གྱི་ལྕོག་དེ་ལྷ་སར་ཡོད་པ་དེར་དོལ་རྒྱལ་ལྷ་ཕེབས་་ཟིན་པའི་རྗེས་རྟེན་མདུང་གཅིག་གཡུག་ནས་དགའ་ལྡན་ཕོ་བྲང་གི་མགོ་ལ་འདི་འཁྱེར་ཞེས་པའི་ཚིག་དེ་བརྗོད་ནས་རྟེན་མདུང་དེ་མར་གཡུག་གི་རེད་ཅེས་བརྗོད་པའི་ལོ་རྒྱུས་ཤིག་འདུག དེས་ན་དགའ་ལྡན་ཕོ་བྲང་དང་མ་འགྲིགས་པའི་གནས་ཚུལ་ཡོད་པ་གསལ་པོ་རེད་འདུག དེར་བརྟེན་ངས་བརྗོད་རྒྱུར་དགའ་ལྡན་ཕོ་བྲང་དང་མ་འགྲིགས་པ་དང་གཅིག ཆོས་ལུགས་རིས་མེད་ཀྱི་བསྟན་པ་དར་སྤེལ་བྱེད་པ་ལ་འགལ་རྐྱེན་ཡོད་པ་དང་གཉིས། དོན་ཚན་གསུམ་པ་ནི་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་སྤྱི་ཡོངས་རང་དགར་ལྷ་གསོལ་བ་ལྟ་བུ་ཞིག་དང༌། ལྷ་དེ་ཡང་ལོ་རྒྱུས་གཙང་མ་མེད་པ་ཞིག་གསོལ་བ་ལྟ་བུ་བྱས་ན་གཏན་ནས་མི་འགྲིགས་པས་དེ་ལྟར་བྱེད་རྒྱུ་མེད་ཅེས་བརྗོད་པའི་རྒྱུ་མཚན་འདི་ཡིན། དེ་ཁྱེད་རང་ཚོར་ཞོར་འཕྲོས་སུ་བཤད་པ་ཡིན། ཁྱེད་རང་ཚོ་དེ་སྔ་བོད་ནས་དོལ་རྒྱལ་དང་འབྲེལ་བ་ཡོད་ཀྱང༌། ད་ཆ་འབྲེལ་བ་མཚམས་འཇོག་བྱེད་ཀྱི་ཡིན་ཞེས་བརྗོད་པ་ཡག་པོ་བྱུང་འདུག་ཅེས་བརྗོད་པའི་རྒྱུ་མཚན་ཡང་དེ་ལྟར་ཡིན། ཁྱེད་རང་ཚོ་བློ་བདེ་པོ་བྱེད་པ་ལས་གནོད་ཀྱི་རེད་བསམ་པ་རྩ་བ་ནས་དྲན་དགོས་དོན་མེད། ཤེས་སོང་ངམ། ངས་དགེ་སྐྱོན་ཆ་ཚང་མཐོང་ནས་གསལ་བཤད་བྱས་རྗེས་སྤང་བླང་ཚུལ་བཞིན་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད། དེ་ཡང་བོད་པ་གཅིག་པུ་མིན་པར་ལ་དྭགས་ནས་མོན་བར་མང་པོ་བྱུང་ཡོད། དེ་དག་ལ་བསྐྱར་དུ་གནོད་པའི་ལོ་རྒྱུས་གང་ཡང་གོ་རྒྱུ་མི་འདུག ཧ་ཅང་ཡག་པོ་རེད། དེར་བརྟེན་ཁྱེད་རང་ཚོ་བློ་བདེ་པོ་བྱེད། ཡང་རེ་ཟུང་ནས་མུ་མཐུད་བསྟེན་གྱི་ཡོད་པ་དེ་ཡང་སོ་སོའི་རང་དབང་རེད། ཆོས་བྱས་དང་མ་བྱས་སོ་སོའི་རང་དབང་རེད། ལྷ་གང་ཞིག་བསྟེན་མིན་ཡང་སོ་སོའི་རང་དབང་རེད། མགོ་མཇུག་སློག་ནས་ཕྱིན་ཀྱང་སོ་སོའི་རང་དབང་ཡིན་པས་དེ་ལ་ཤོད་རྒྱུ་གང་ཡང་མེད། ཤེས་སོང་ངམ། གནས་ཚུལ་འདི་ལྟར་ཡིན།།