ཆོས་ལུགས་རིས་མེད་ཀྱི་སྐོར།

Page2

Button_Tibཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འབུམ་སྡེ་ལ་བསྟན་འཛིན་སྒང་དུ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་འདུས་སྡེས་གཙོས་སེར་སྐྱ་ཕོ་མོ་ ༥༠༠ སྐོར་ལ་གསང་བདེ་འཇིགས་གསུམ་གྱི་དབང་ཆེན་སྩལ་རྗེས་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།

   ངས་ནམ་རྒྱུན་རྟག་ཏུ་ཆོས་ལུགས་འཐེན་འཁྱེར་མ་བྱེད་ཅེས་བཤད་ཀྱི་ཡོད། དེའི་རྒྱུ་མཚན་རོབ་ཙམ་ཞིག་ཁ་སང་སྐད་ཆ་བྱུང་བ་རེད། ངོ་ཐོག་ཤེས་མཁན་ཞིག་གིས་བལྟས་པ་ཡིན་ན། རྙིང་མའི་ཐོག་ནས་རྫོགས་ཆེན་གྱི་ཀ་དག་ལྷུན་གྲུབ་ཅེས་པ་དང༌། དེ་བཞིན་ས་སྐྱའི་ཐོག་ནས་གསལ་སྟོང་འཛིན་མེད་འཁོར་འདས་དབྱེར་མེད་ཅེས་དང༌། བཀའ་བརྒྱུད་ཀྱི་ཕྱག་ཆེན། དགེ་ལུགས་པའི་ཐོག་ནས་བདེ་སྟོང་དབྱེར་མེད་ཅེས་གསུངས་པ་དེ་ཚོ་དངོས་གནས་བཤད་ཤེས་པ་གཅིག་དང༌། མཐོང་རྒྱ་ཆེ་བས་དཔེ་ཆ་མང་པོ་བལྟས་པའི་ཐོག་ནས་བཤད་ན་དངོས་གནས་གནད་འགག་བབས་ས་གཅིག་གི་སྒང་ལ་ཡོད་པ་དེ་ཏན་ཏན་རེད། ངས་ཆོས་ལུགས་བོན་པོས་མཚོན་པས་ས་དགེ་བཀའ་རྙིང་ཚང་མ་དགོངས་པ་གཅིག་ཅེས་བཤད་པ་དེ། འདྲ་ཆགས་ཆགས་གཅིག་དང༌། མིའི་ངོ་སྲུང་ཐོག་ནས་བཤད་པ་ལྟ་བུར་ཁ་ཤས་ཀྱིས་མཐོང་གི་མེད་དམ་དྲན་གྱི་འདུག དེ་འདྲ་མ་རེད། ངའི་འདི་ལ་རྒྱུ་མཚན་དངོས་གནས་ཡོད། དགེ་ལྡན་པའི་ཕྱོགས་ནས་ཡིན་ནའང༌། ༸པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ས་དགེ་བཀའ་རྙིང་ཚང་མ་མིང་མི་འདྲ་བ་ཡིན་ནའང་བབས་སའི་གནད་འགག་གཅིག་པ་རེད་ཅེས་གསུངས་ཡོད།

ངེས་དོན་ལུང་རིགས་ལ་བརྟེན་ཅིང༌། །
ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །
དཔྱད་ན་དགོངས་པ་གཅིག་ཏུ་བབས། །ཞེས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་འདི་ལྟར་གསུངས་ཡོད་ལ། ྋགོང་ས་ྋལྔ་པ་ཆེན་པོའི་གསུང་དེ་ཚོའི་ནང་ལ་ཡང་འཐོར་བུ་འཐོར་བུ་དོན་ཡོང་གི་འདུག གང་ལྟར་ས་དགེ་བཀའ་རྙིང་ཚང་མ་དངོས་གནས་དགོངས་པ་གཅིག་གི་ཐོག་ཏི་བབས་ཐག་ཆོད་རེད། དེ་འདྲ་ཡིན་དུས་ཕར་ཚུར་ཕྱོགས་རིས་བྱ་རྒྱུ་དེ་ཡག་པོ་མིན། མ་གཞི་ཕྱོགས་རིས་ཧ་ཅང་ཆེན་པོ་མེད་ན་ཡང་དེ་ཚོ་གཅིག་ཤེས་པ་བྱེད་དགོས།

   ཡང་ཁ་ཤས་ཀྱིས་ྋརྒྱལ་བ་རིན་པོ་ཆེས་རྙིང་མ་ལ་དོ་སྣང་བྱས་ཏེ་དེ་འདྲའི་ཐོག་ནས་རྒྱལ་ཆེན་ལ་དམ་བསྒྲགས་བྱས་པ་རེད་ཟེར་བ་དེ་འདྲའི་བསམ་ཚུལ་ཀྱང་མགོ་ཚོས་ལ་མ་ཚོས་ཀྱི་ཐོག་ནས་ཡོང་གི་ཡོད་པ་འདྲ། རྒྱུ་མཚན་ངོ་མ་ངས་ད་ལྟ་བཤད་པ་དེ་དག་ཡིན། ཆོས་ལུགས་ཀྱི་ཐོག་ནས་མ་ཡིན་ལ། གཞན་དག་གང་གི་ཐོག་ནས་ཀྱང་མ་རེད། མ་གཞི་ལར་ནས་བསྟན་པ་ལ་བསྲེ་ལྷད་ཟེར་རྒྱུའི་གནས་ཚུལ་དེ་ཁ་སང་ངས་རོབ་ཙམ་ལབ་པ་བཞིན། བསྟན་པ་ལ་བསྲེ་ལྷད་ཟེར་རྒྱུའི་དོན་དག་དེ་མཁས་གྲུབ་ཐམས་ཅད་མཁྱེན་པས་ལྟ་ངན་མུན་སེལ་ནང་གསུངས་ཡོད། དེའི་བསྲེ་ལྷད་ཀྱི་དོན་དག་ག་འདྲ་གསུངས་ཡོད་ཟེར་ན་རྗེ་རིན་པོ་ཆེའི་དབུ་མའི་ལྟ་བ་སྐྱོང་ལུགས་དང༌། དབུ་མའི་ལྟ་བ་འཛིན་ལུགས་དེ་ཚོའི་གྲས་དཔལ་ས་སྐྱ་པའི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ཟེར་བ་དེ་འདྲའི་ཆོས་སྐད་འདིར་བསྲེ་བར་མི་བྱ་ཞེས་དང༌། དེའི་ཐད་དེར་རྒྱུ་མཚན་འགྲེལ་བཤད་མང་པོ་ཞིག་བསྐྱོན།དེ་ནས་ས་སྐྱའི་འཁོར་འདས་དབྱེར་མེད་ལྟ་བའི་སྐོར་འགྲེལ་བཤད་བསྐྱོན། དེ་ནས་དེའི་མཚམས་དེ་ལ་རྗེ་བླ་མའི་ལྟ་བ་སྐྱོང་ཚུལ་དེ་ཚོ་སོ་སོ་ནས་བཤད་ཡོང་སྐབས་དེ་ལྟ་བུའི་དཔལ་ས་སྐྱ་པའི་འཁོར་འདས་དབྱེར་མེད་ལྟ་བའི་ཆོས་སྐད་འདིར་བསྲེ་བར་མི་བྱ་ཞེས་དང༌། དེའི་གཤམ་དུ་བསྡོམས་བསྐྱོན་པའི་སྐབས་ལ་གཞན་དག་གི་དོན་དང་ཐ་སྙད་གང་ཡང་འདིར་བསྲེ་བར་མི་བྱ་ཞིང༌། འདི་ནས་ཀྱང་དེ་དག་ཏུ་བསྲེ་བར་མི་བྱའོ། །ཞེས་གསུངས་ཡོད། འདི་གསལ་པོ་འདུག་གམ། འདིའི་དོན་དག་ནི། གསལ་སྟོང་ཟུང་འཇུག་ཟེར་བ་དང༌། གསལ་སྟོང་འཛིན་མེད་ཟེར་བ། འཁོར་འདས་དབྱེར་མེད་ཟེར་བ་དེ་འདྲ་དང༌། ཀ་དག་དང་ལྷུན་གྲུབ་ཟེར་རྒྱུ་ལྟ་བུ་རྫོགས་པ་ཆེན་པོའི་ཐ་སྙད་ཀྱི་ཚིག་དེ་ཚོའི་གྲས་བསྲེས་ན། བསྲེ་ལྷད་རེད་ཅེས་གསུངས་ཡོད། འདི་ནས་ཀྱང་དེ་དག་ལ་བསྲེ་བར་མི་བྱའོ། །གསུངས་ཡོང་དུས་རྙིང་མ་གཅིག་གིས་ལམ་རིམ་ཆེན་མོ་མ་བལྟ་གསུངས་པ་མིན། བཀའ་བརྒྱུད་པ་གཅིག་གིས་ལམ་རིམ་ཆེན་མོ་བལྟས་ན་བསྲེ་ལྷད་དུ་འགྲོ་བ་གསུངས་མེད། རྙིང་མ་བ་གཅིག་གིས་རྫོགས་ཆེན་རང་གི་མཁྲེགས་ཆོད་དང༌། ཐོད་རྒལ་ཉམས་ལེན་སྐོར་གསུངས་ཡོང་དུས་གསར་མའི་ཆོས་སྐད་ཕར་མ་བསྲེ་གསུངས་ཡོད།

དེ་ག་ནང་བཞིན་དཔལ་ས་སྐྱའི་ལམ་འབྲས་ཀྱི་རྒྱུད་གསུམ་སྐབས་ཀྱི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་བཤད་ཡོང་དུས་རྗེ་རིན་པོ་ཆེས་ལྷག་མཐོང་ཆེན་མོའི་ནང་གསུངས་པའི་ཐ་སྙད་དེ་ཚོ་ཕར་མ་བསྲེ་གསུངས་ཡོད། འདིར་དེ་དག་གི་ཆོས་སྐད་བསྲེ་བར་མི་བྱ་ཞིང༌། འདི་ནས་ཀྱང་དེ་དག་ལ་བསྲེ་བར་མི་བྱའོ། །ཞེས་གསུངས་འདུག་གམ། དེའི་མཚན་གཞི་ངོས་བཟུང་ས་ཡག་ཤོས་དེ་ྋགོང་ས་ལྔ་པ་ཆེན་པོས་རི་བོ་དགེ་ལྡན་པའི་ཆོས་ཚུལ་གྱི་སྐོར་ལ་ལམ་རིམ་འཇམ་དཔལ་ཞལ་ལུང་མཛད་ཡོད། ལམ་རིམ་འཇམ་དཔལ་ཞལ་ལུང་གི་ལྟ་བ་སྐྱོང་ཚུལ་དེ་ཚོའི་ནང་ལ་ས་སྐྱ་པའི་ཆོས་སྐད། བཀའ་བརྒྱུད་པའི་ཆོས་སྐད། རྙིང་མའི་ཆོས་སྐད་ཟེར་རྒྱུ་དེ་ཚོ་ཟུར་ཙམ་ཡང་མེད། རྗེ་རིན་པོ་ཆེའི་ལྷག་མཐོང་ཆེ་ཆུང་དང༌། རྩ་འཇུག་རྣམ་བཤད་རྣམ་པ་གཉིས་དེ་ཚོའི་ཐ་སྙད་སོར་བཞག་བྱས་ནས་གསུངས་པ་ལས་གཞན་དག་བསྲེས་མེད། ཡང་ྋགོང་ས་ལྔ་པ་ཆེན་པོའི་གསུང་ནང་ལ་རྫོགས་ཆེན་གྱི་ཁྲིད་ཡིག་རིག་འཛིན་ཞལ་ལུང་དང༌། བྱང་གཏེར་གྱི་སྤྱན་རས་གཟིགས་འཁོར་བ་སྙིང་གྲོལ་མན་ངག་དང་འབྲེལ་བའི་རྫོགས་ཆེན་གྱི་ཁྲིད་ཡིག་གཅིག་ཡོད། དེ་ཚོའི་ནང་ལ་རྫོགས་ཆེན་རང་གི་ཆོས་སྐད་ཁོ་ན་ལས་ས་སྐྱའི་ཆོས་སྐད་བསྲེས་མེད་ལ། དགེ་ལྡན་པའི་ཆོས་སྐད་ཀྱང་བསྲེས་མེད། དེ་འདྲ་དེ་ལ་བསྲེས་ལྷད་མ་བྱས་པ་ཟེར་རྒྱུ་ཡིན་པ་ལས་ྋགོང་ས་ལྔ་པ་ཆེན་པོ་མི་གཅིག་གིས་ས་སྐྱ་དང༌། རྙིང་མ་ཉམས་སུ་བཞེས་པ་དེ་དག་བསྲེ་ལྷད་བྱས་པའི་དོན་ལ་འགྲོ་བ་མིན།

     ཕྱིས་སུ་རིགས་གཅིག་གིས་གོ་བ་ལ་རི་བོ་དགེ་ལུགས་པའི་ཆོས་བྱེད་མཁན་གཅིག་གིས་རྙིང་མའི་ཆོས་འཁོར་ལ་ལག་པ་འཆང་བ་ཙམ་གྱིས་བསྲེ་སླད་དུ་འགྲོ་གི་ཡོད་པ་ལྟ་བུ་དང༌། མ་གཞི་ས་སྐྱ་ཕྲན་བུ་དྲག་པ་འདུག ཤུགས་ལྡན་ས་སྐྱ་ལ་ཡོད་པ་དང༌། དེ་བཞིན་རྣལ་འབྱོར་མ་ས་སྐྱ་ནས་ཡོང་བ་ཡིན་ཙང་ས་སྐྱ་ཕྲན་བུ་དྲག་གི་རེད། བཀའ་བརྒྱུད་དང༌། རྙིང་མ། དེའི་ནང་ནས་སྔ་འགྱུར་རྙིང་མ་ཞེས་ལབ་དུས་རྙིང་དྲི་འཚུབ་འཚུབ་གཅིག་གི་སྒང་ལ་སྐྱེལ་གྱི་ཡོད། དགེ་ལུགས་པའི་མི་གཅིག་གིས་རྙིང་མ་བཀའ་བརྒྱུད་ཀྱི་ཆོས་བྱས་ན་བསྲེ་སླད་བྱས་པ་ཟེར་རྒྱུ་དེ་རེད་མི་འདུག དེ་བསྲེ་སླད་བྱས་པ་རྩ་བ་ནས་མ་ཡིན། བསྲེ་སླད་ཟེར་རྒྱུའི་དོན་དག་དེ་གཞུང་གང་ཡིན་གཅིག་བཤད་པའི་སྐབས་ལ། དཔེར་ན། གསང་བ་འདུས་པ་བཤད་པའི་སྐབས་ལ་བདེ་མཆོག་གི་ཆོ་ག་གཅིག་ཕར་མཉམ་བསྲེས་བཏང་བ་ཡིན་ན་དེ་བསྲེ་སླད་བྱས་པ་རེད། གསང་བ་འདུས་པའི་རིམ་ལྔ་བཤད་པའི་སྐབས་ལ་རྣལ་འབྱོར་བཞི་རིམ་སྐོར་ཐ་སྙད་སྦྱར་ནས་ཕྱིན་ན་འགྲིག་གི་མེད། བདེ་མཆོག་ལཱུ་ཨི་པའི་རྫོགས་རིམ་རྣལ་འབྱོར་ཆེན་པོ་བཤད་པའི་སྐབས་ལ་རིམ་ལྔ་རང་གི་འགྲོ་སྟངས་སྦྱར་ན་འགྲིག་གི་མེད། དོད་ཐུབ་བྱས་ན་འགྲིག་གི་མ་རེད། དེ་ལྟ་བུར་བསྲེས་ཞེས་པའི་དོན་དག་དེ་རེད། མཁས་གྲུབ་རིན་པོ་ཆེས་དེའི་མཇུག་ཏུ་དེ་ལ་བསྲེས་ན་དམ་པ་གོང་མ་ཚོས་ཆོས་བརྒྱུད་མི་འདྲ་བ་སོ་སོ་སོ་སོའི་རང་ལུགས་ཐུན་མོང་མ་ཡིན་པ་ཡོད་པ་འཆར་གྱི་མ་རེད་ཅེས་གསུངས་ཡོད། འོ་དེ་འདྲ་ཡིན་དུས་བསྲེས་ཟེར་རྒྱུ་དེ་མི་གཅིག་གིས་ཐམས་ཅད་བྱས་པ་དེར་ཟེར་གྱི་མེད།

     ཚུར་ཕྱོགས་དེ་ལ་དགེ་ལུགས་པ་ཡིན་ནའང་མི་གཅིག་གིས་རྙིང་མའི་ཆོས་དང༌། བཀའ་བརྒྱུད་པའི་ཆོས། ས་སྐྱའི་ཆོས་ཚང་མ་བྱེད་ཆོག་ལ་བྱེད་དགོས་ཀྱི་རེད། དེའི་ཁུངས་དང་རྒྱུ་མཚན་ལ། མདོ་བྱས་ན་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་ཁུངས་བགྲང་རྒྱུ་ཡོད། བསྟན་བཅོས་བྱས་ན་མངོན་རྟོགས་རྒྱན་གྱི་ཁུངས་བགྲང་རྒྱུ་ཡོད། དེ་ནས་རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོའི་ཁུངས་བགྲང་རྒྱུ་ཡོད། ཤེས་སོང་ངམ། དགེ་ལུགས་པའི་མི་གཅིག་གིས་རྙིང་མའི་ཆོས་བྱས་ན་འགྲིག་གི་མ་རེད། བྱ་རྒྱུ་མེད་ཟེར་རྒྱུ་དེ་ལ་བླ་མའི་གསུང་རྒྱུན་ཙམ་མ་གཏོགས་མེད། བླ་མའི་གསུང་རྒྱུན་དེ་དང་གཞུང་ཆེན་མོ་གཉིས་བསྡུར་ཏེ་གཉིས་པོ་དེ་མཐུན་གྱི་མི་འདུག་ན་མདོ་རྒྱུད་མན་ངག་ཟབ་པ་ཡིན་ཞེས་རྗེ་རིན་པོ་ཆེས་གསུངས་ཡོད། རྗེ་རིན་པོ་ཆེ་ལ་འཇམ་དབྱངས་ཞལ་གཟིགས་པའི་སྐབས་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་གཞུང་ཆེན་མོ་དང་མི་མཐུན་པ་བྱུང་ན། འདོར་རྒྱུ་མན་ངག་དག་ལ་བབ་པ་ཡིན་གྱི། གཞུང་ཆེན་མོ་ནི་ནམ་ཡང་དོར་བར་མི་བྱའོ། །ཞེས་འཇམ་དབྱངས་ཀྱིས་རྗེ་རིན་པོ་ཆེ་ལ་ནན་པོ་བྱས་ནས་གསུངས་མི་འདུག་གམ། དེར་བརྟེན་གལ་ཏེ་བླ་མའི་གསུང་རྒྱུན་དེ་དང་གཞུང་ཆེན་པོ་གཉིས་པོ་མི་མཐུན་པ་ཡོད་ན་བླ་མའི་ཞལ་རྒྱུན་དོར་རྒྱུ་ལས་གཞུང་ཆེན་མོ་དོར་ཤེས་ཀྱི་མ་རེད།

   གཞུང་ཆེན་མོའི་ནང་ཁ་སང་ཞུས་པ་བཞིན། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌། །ཞེས་པའི་ཚིག་འདི་དངོས་གནས་ནུས་པ་ཆེན་པོ་རེད། འདི་ང་ལ་ཉམས་མྱོང་གཅིག་བྱུང༌། ཉམས་མྱོང་ག་རེ་བྱུང་ཞེ་ན། ང་རྡ་རམ་ས་ལར་ཡོད་པའི་སྐབས་ཤིག་ལ་ཁུ་ནུ་ཡིན་པ་རང་ལོ་བདུན་ཅུ་རྩ་གྲངས་སུ་སླེབས་པའི་སྤོ་ལགས་ཆོས་པ་རྣམ་དག་གཅིག་ངའི་སར་ཡོང་ནས་ཁོ་རང་ཚེ་དང་སྒྲུབ་པ་མཉམ་པ་བྱས་ཏེ་རི་ཁྲོད་འགྲིམས་ནས་སྡོད་ཀྱི་ཡོད་ཟེར། ཁོ་རང་ཉམས་ལེན་གང་ལ་གང་འཚམ་བྱེད་ཀྱི་ཡོད་པ་འདྲ། ཁོང་གིས་ང་ལ་ཐོད་རྒལ་གྱི་ཉམས་ལེན་བྱེད་སྟངས་སྐོར་སྐད་ཆ་དྲིས་བྱུང༌། ང་ལ་ཐོད་རྒལ་སྐོར་སྐད་ཆ་བཤད་རྒྱུ་མེད། ངས་ཐོད་རྒལ་སྦྱངས་མེད། མ་སྦྱངས་པ་ལ་ཤེས་ཀྱི་མ་རེད། ང་སེམས་སྐྱོ་བྱུང༌། ངས་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སེམས་བསྐྱེད་ཡོད་པས།སེམས་ཅན་གཅིག་གི་དོན་ཡིན་ནའང་བྱ་དགོས་པ་ཞིག་ཡིན་ཀྱང༌། དེ་འདྲའི་མི་སྤོ་བོ་ལགས་དེས་ཁ་ཞེ་གཉིས་མེད་ཀྱི་དད་པའི་ཐོག་ནས་ངའི་སར་སྐད་ཆ་འདྲི་བར་ཡོང་སྐབས་ངས་དེ་མ་ཤེས་སྟབས་ང་ལ་ལག་ཐོགས་སོང༌། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌། །ཞེས་པའི་དོན་སྒྲུབ་མ་ཐུབ་ན། ཚིག་དེས་ཕན་མ་སོང༌། སྤྱིར་ན་ཉན་ཐོས་ཀྱི་ལམ་དང༌། རང་སངས་རྒྱས་ཀྱི་ལམ་དེ་བྱང་ཆུབ་སེམས་དཔའ་རང་གི་ཉམས་ལེན་གྱི་ཆ་ནས་བལྟས་ན་གོལ་ས་ཡིན་པས་མ་ཚད་སྦོམ་པོ་བརྒྱད་བཤད་ཡོང་དུས།
མཚན་ཉིད་མི་ལྡན་ཕྱག་རྒྱར་བསྟེན་དང་འདུ་ཤེས་གསུམ་བྲལ་སྙོམས་འཇུག་བྱེད། །
སྣོད་མི་རུང་ལ་གསང་རྫས་སྟོན་དང་ཚོགས་འཁོར་དུས་སུ་འཐབ་རྩོད་བྱེད། །
དད་པས་འདྲི་ལ་ལན་ལོག་འདེབས་དང་ཉན་ཐོས་ནང་དུ་ཞག་བདུན་གནས། །ཞེས་པ་ལྟར། ཉན་ཐོས་རང་མཚན་པ་རང་དོན་ཡིད་བྱེད་ཀྱི་བསམ་བློའི་ཐོག་ནས་ཐར་པ་བསྒྲུབ་ཀྱི་ཡོད་དུས། ང་རང་ཚོ་ཐེག་ཆེན་གྱི་ཆོས་གསང་སྔགས་ཉམས་ལེན་བྱེད་མཁན། བདག་པས་གཞན་གཅེས་པར་འཛིན་པའི་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་མཁན་གཅིག་གིས་དགོས་པ་གཞན་མེད་པར་རང་དོན་ཡིད་བྱེད་ཁོ་ནའི་བསམ་བློ་གཏོང་མཁན་མི་གཅིག་གི་ནང་ལ་བདུན་ཕྲག་གཅིག་བསྡད་ན་རང་གི་གཞན་ཕན་བྱང་ཆུབ་སེམས་དཔའི་ལྟ་སྤྱོད་ཀྱི་ཉམས་ལེན་ཐོག་ལ་གནོད་པ་འགྲོ་བའི་ཉེན་ཁ་ཡོད་སྟབས་ཉན་ཐོས་ནང་དུ་ཞག་བདུན་གནས་ན་སྦོམ་པོའི་ཉེས་པ་ཕོག་པར་གསུངས་ཡོད། འོན་ཀྱང་གཞན་དོན་སྒྲུབ་པའི་སླད་དུ་ཉན་རང་གི་ལམ་ཤེས་དགོས་པ་ཡིན། ཞེས་བཀའ་སྩལ། །

ཕྱི་ལོ་ ༡༩༩༧ ཟླ་ ༡༡ ཚེས་ ༡༢ ཉིན་དོན་གྲུབ་གླིང་གཞིས་ཆགས་ཀྱི་སེར་སྐྱ་མི་མང་དང༌། སློབ་ཕྲུག་བཅས་ལ་སྩལ་བའི་བཀའ་སློབ།
དེ་ནས་བར་སྐབས་ཀྱི་གནས་ཚུལ་བྱུང་སྟངས་ལ་ལྟ་དུས་གནས་ཚུལ་གཉིས་མཐོང་གི་འདུག་ གནས་ཚུལ་གཅིག་ནི་ཁྱེད་རང་ཚོས་ཤེས་གསལ་ལྟར། རྒྱལ་བསྟན་རིས་སུ་མ་ཆད་པར་རང་སོ་སོས་ཉན་བསམ་སྒོམ་གསུམ་བྱས་ནས་རྒྱལ་བསྟན་རིས་མེད་ལ་དད་པ་དག་སྣང་གི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པ་ཞིག་བྱུང་ན་ཧ་ཅང་ཡག་པོ་ཡིན། ང་རང་གིས་ཀྱང་དེ་ལྟར་བྱེད་ཀྱི་ཡོད་ལ། གཞན་ལའང་འབོད་སྐུལ་བྱེད་ཀྱི་ཡོད། རྙིང་མའི་བླ་སྤྲུལ་རྣམ་པ་ཚོ་དང་མཁས་དབང་རྣམ་པ་ཚོས་དགེ་ལུགས་དང་ས་སྐྱའི་གཞུང་ལ་གཟིགས་དགོས་ཀྱི་འདུག་ཅེས་ཞུ་གི་ཡོད། དེ་བཞིན་ས་དགེ་བཀའ་རྙིང་ཡོངས་རྫོགས་ཆོས་ལུགས་རིས་མེད་ཀྱི་གཞུང་ཐམས་ཅད་ལ་གཟིགས་དགོས་ཀྱི་འདུག་ཅེས་ཞུ་གི་ཡོད། རང་སོ་སོར་རྩ་བའི་ཆོས་བརྒྱུད་ཞིག་ཡོད་པ་དེ་གཙོ་བོར་བཞག་པའི་ཐོག་ནས་ཆོས་བརྒྱུད་གཞན་ལའང་རྒྱུས་ཡོད་པ་དང༌། དེ་རྣམས་ལ་བག་ཆགས་འཇོག་ཐུབ་པ་ཞིག་བྱུང་བ་ཡིན་ན། དངོས་གནས་དག་སྣང་རིས་སུ་མ་ཆད་པར་ཁྱབ་ཟེར་བ་ཁ་ཙམ་མ་ཡིན་པར་དོན་ངོ་མའི་ཐོག་ནས་ཡོང་བའི་དགེ་མཚན་ཆེན་པོ་ཡོད།དཔེར་ན། ྋརྒྱལ་བ་སྐུ་ཕྲེང་རིམ་བྱོན་ལས་རྗེ་དགེ་འདུན་རྒྱ་མཚོ་དང༌། བསོད་ནམས་རྒྱ་མཚོ། ྋགོང་ས་ལྔ་པ་ཆེན་པོ་སོགས་མདོར་ན་སྐུ་ཕྲེང་མང་པོ་ཞིག་གིས་ཆོས་ལུགས་རིས་མེད་ཉམས་བཞེས་གནང་ཡོད་པ་རེད། དུས་ཕྱིས་སུ་འཇམ་དབྱངས་མཁྱེན་བརྩེ་ལ་ཆ་བཞག་ནའང་དངོས་གནས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཉམས་བཞེས་གནང་སྟེ་རིས་མེད་ཀྱི་བསྟན་པའི་བདག་པོར་གྱུར་པ་ཚང་མས་མཁྱེན་གསལ་རེད། དེ་བཞིན་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལ་ཆ་བཞག་ནའང་རིས་མེད་ཐོག་ལ་དོ་སྣང་གནང་སྟེ་བཟང་པོའི་མིག་དཔེ་དེ་སྔ་བོད་ལ་ཡོད་བཞིན་པ་རེད། དེར་བརྟེན་ངས་རྒྱལ་བསྟན་རིས་མེད་ལ་དད་པ་དག་སྣང་གི་ཐོག་ནས་ཉན་བསམ་སྒོམ་གསུམ་གྱི་ཉམས་བཞེས་གནང་ཐུབ་པ་བྱུང་ན་ཡག་པོ་རེད་ཅེས་འབོད་སྐུལ་ཞུ་གི་ཡོད་ལ། དེ་ཡང་དོལ་རྒྱལ་བསྟེན་མཁན་གྱི་ཕྱོགས་ནས་དེར་འགལ་རྐྱེན་ཞིག་ཆགས་ཡོང་གི་ཡོད།

དོལ་རྒྱལ་བསྟེན་མཁན་གྱི་ལོ་རྒྱུས་ཤོད་སྲོལ་ཞིག་ལ་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་རྙིང་མ་གནང་བའི་རྐྱེན་བྱས་ཏེ་དོལ་རྒྱལ་གྱིས་ཚར་བཅད་པ་རེད་ཅེས་བརྗོད་ཀྱི་ཡོད། དེ་བཞིན་ང་ངོས་འཛིན་གནང་མཁན་རྭ་སྒྲེང་རིན་པོ་ཆེས་ཀྱང་རྙིང་མ་གནང་བའི་རྐྱེན་ལས་དོལ་རྒྱལ་གྱིས་ཚར་བཅད་པ་རེད་ཅེས་བརྗོད་སྟབས། ངས་འདིར་རིས་མེད་ཀྱི་རྒྱལ་བསྟན་ཉན་བསམ་སྒོམ་གསུམ་གྱི་འཛིན་སྐྱོང་སྤེལ་གསུམ་གནང་སྲོལ་དེ་གལ་ཆེན་པོ་མཐོང་གི་འདུག སྔར་ནས་ཡོད་པའི་རིས་མེད་ཀྱི་ཕྱག་སྲོལ་འདི་ང་ཚོས་གོང་ནས་གོང་འཕེལ་གཏོང་དགོས་ཀྱི་འདུག་ཅེས་འབད་བརྩོན་བྱེད་རྒྱུར་གདེང་འཁེལ་བ་ཞིག་ཆགས་ཡོང་གི་འདུག དེ་དོན་ཚན་གཉིས་པ་ཡིན།

   དོན་ཚན་གཞན་ཞིག་ནི་བར་སྐབས་བོད་པའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ལ་ཆོས་དངོས་གནས་ཤེས་མཁན་ཞིག་གི་ངོས་ནས་གལ་ཆེ་ཤོས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་མཁན་ཏན་ཏན་ཡོད་ཀྱི་རེད། ཡིན་ནའང་སྤྱིར་བཏང་ང་ཚོའི་སྤྱི་ཚོགས་ནང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུར་དོ་སྣང་དེ་ཙམ་མེད་མཁན་དང༌། ལྷ་ཡི་རྣལ་འབྱོར་འདོན་རྒྱུ་ལ་དོ་སྣང་ཇེ་ཆེར་སོང་སྟེ་རིམ་བཞིན་སྲུང་མའི་གསོལ་ཀ་གཏོང་རྒྱུ་གལ་ཆེ་བ་རྩི་མཁན་ཞིག་ཆགས་འདུག དཔེར་ན་ལྷ་ཁང་ཞིག་གི་ནང་བསྐྱོད་ན་ལྷ་ཁང་གི་རྟེན་གཙོ་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་དུ་བ་འཚུབ་འཚུབ་བྱེད་མཁན་གྱི་མཆོད་མེ་རྒྱུན་བཙུགས་ཤིག་ཡོད་ན་ཨང་དང་པོ་རེད། དེའི་ཟུར་ཞིག་ཏུ་མགོན་ཁང་ཡིན་ཞེས་ཁང་པ་ནག་ཁུང་ལྡེབས་རིས་ངོས་སུ་མཆེ་བ་གཙིགས་ཤིང་མིག་དང་ཁ་གདངས་པའི་རི་མོ་ཞེད་སྣང་ཚ་པོ་ཡོད་པ་དེའི་ནང་ཞོགས་པ་སྔ་པོ་ནས་མཆོད་པ་བྱེད་པའི་སྲོལ་ཞིག་ཡོད་པར་མ་ཟད་དེའི་ནང་ཇ་དྲི་དང་ཆང་དྲི་ཐུལ་བ། དཀོན་གཉེར་ལའང་སྐྱེམས་ཡོན་ཡིན་ཞེས་དངུལ་ལོར་འཇོག་གི་འདུག འོན་ཀྱང་སྟོན་པ་ཐུབ་པའི་དབང་པོའི་སྐུ་མདུན་དུ་མལ་དང་ལྷུང་བཟེད་བཞག་སྟེ་འདིར་ཕུལ་དགོས་ཡོད་མདོག་མདོག་བྱས་ཀྱང་ཕུལ་མཁན་ཏོག་ཙམ་ཉུང་བ་ཡོད། དེར་བརྟེན་མགོན་ཁང་གི་དཀོན་གཉེར་དང་འདུ་ཁང་གི་དཀོན་གཉེར་གཉིས་བསྡུར་ན་མགོན་ཁང་གི་དཀོན་གཉེར་ལ་མཐོང་ཆེ་བ་བྱེད་ཀྱི་ཡོད། དཀོན་གཉེར་ཆང་འཐུང་རྒྱག་མཁན་དེ་འདྲ་ཡིན་ན་གསེར་སྐྱེམས་ཕུལ་ཚར་བའི་རྗེས་ལ་སོ་སོས་ཀྱང་འཐུང༌། ཁྱོད་ཚོས་སྲུང་མ་ཞེས་བཤད་དུས་རྩ་ཆེན་པོ་རྩི་གི་འདུག སྲུང་མའི་ནང་ལའང་སྲུང་མ་ཡོད་པ་རེད། དངོས་གནས་རྒྱུད་སྡེ་ནས་བཤད་པའི་སྲུང་མ་མགོན་པོ་ཕྱག་བཞི་ལྟ་བུ་དང༌། དེ་བཞིན་སྔ་འགྱུར་རྙིང་མའི་ནང་ལའང་སྲུང་མ་མང་པོ་ཞིག་ཡོད། དེར་བརྟེན་རྒྱུད་སྡེ་ནས་བཤད་པའི་སྲུང་མ་ཞིག་ཡིན་ན་གནས་ཚུལ་ཐ་དད་ཡིན། དེར་ཁུངས་གཏུགས་ས་ཡོད། དེ་མིན་བར་སྐབས་མི་ཤི་བཙན་སྐྱེས་དེ་ཚོ་སྲུང་མའི་རྒྱལ་པོར་བརྩིས་པ་ཡིན་ན་ཏན་ཏན་ནོར་འཁྲུལ་ཆེན་པོ་བཟོ་གི་ཡོད།

ཕྱི་ལོ་ ༡༩༩༨ ཟླ་ ༨ ཚེས་ ༢༧ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
   གང་ལྟར་དོལ་རྒྱལ་བསྟེན་ནས་འཇམ་མགོན་བླ་མའི་བསྟན་པར་ཁ་ཡོད་ལག་ཡོད་ཀྱིས་མིང་དོན་མཚུངས་པའི་ཕན་ཐོགས་འདི་བྱུང་ཞེས་བཤད་རྒྱུ་མེད་པའི་ཐོག དེ་ལས་ལྡོག་སྟེ་དོལ་རྒྱལ་བསྟེན་གསོལ་བྱས་པ་དང་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གྱི་མིའི་བྱེད་སྟངས་ཀྱིས་རྐྱེན་པས་ཁམས་ཁུལ་དང༌། ལྷོ་ཁ་ཁུལ། གཙང་ཁུལ་བཅས་གང་སར་འདས་པའི་ལོ་དྲུག་ཅུ་རེ་གྲངས་ནང་ཆོས་ལུགས་ཕན་ཚུན་བར་དམ་ཚིག་སེལ་ལྷད་ཆེན་པོ་བྱུང་ཡོད་པ་དང༌། དོལ་རྒྱལ་གྱིས་རྐྱེན་པས་དགེ་ལུགས་པ་ལ་མཐོང་ཕྱོགས་བྱེད་མཁན་མང་དུ་ཕྱིན་པ་དེ་འདྲའི་ཐོག་ནས་འཇམ་མགོན་བླ་མའི་བསྟན་པ་ལ་མི་མཛེས་པ་མཐོང་མཁན་མང་དུ་འགྲོ་བའི་རྐྱེན་རྩ་གཙོ་བོ་དོལ་རྒྱལ་ཆགས་ཡོད། འཇམ་མགོན་བླ་མའི་གསུང་ནང་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་ལ་ཕྲན་བུ་མི་མཐུན་པ་ཡོད་པའི་རྐྱེན་གྱིས་དགེ་ལུགས་པར་ཟུར་ཟ་དང་ཀླན་ཀ་བྱེད་མཁན་ཡོང་མི་ཤེས། ༸འཇམ་མགོན་བླ་མའི་འགྲེལ་བཤད་དེ་དག་ནི་རྒྱ་གར་གྱི་མཁས་པ་ཚད་ཐུབ་ཀྱི་གཞུང་ལ་ཁུངས་གཏུགས་ནས་དགོངས་པ་བླངས་ཏེ་མ་རྟོགས་པ་དང་ལོག་པར་རྟོག་པའི་གོ་བ་སྐྱོན་དང་བྲལ་བའི་ཐོག་ནས་མཐའ་དག་གསལ་པོར་གཏན་ལ་ཕབ་ཡོད། བློ་གཟུ་བོར་གནས་པའི་མཁས་པ་ཡིན་ཕྱིན། དེ་སྔ་རྙིང་མའི་ནང་ནས་བསྔགས་བརྗོད་བྱེད་མཁན་ཇི་སྙེད་བྱུང་ཡོད་ལ། དེ་བཞིན་བཀའ་བརྒྱུད་པ་དང༌། ས་སྐྱའི་ནང་ནས་ཀྱང་བྱུང་ཡོད།

   དགེ་ལུགས་པའི་བསྟན་པ་ཞེས་འཇམ་མགོན་བླ་མས་གཏན་ལ་ཕབ་པའི་ལུང་གི་བསྟན་པ་དང༌། རྟོགས་པའི་བསྟན་པའི་ཡོན་ཏན་ལ་བསམ་བློ་བཏང་ན་དེ་ལ་ཆ་འཇོག་བྱེད་རྒྱུ་ལས་སུས་ཀྱང་བསྙད་འདོགས་བྱེད་ས་རྩ་བ་ནས་མེད། དེང་སྐབས་དོལ་རྒྱལ་བསྟེན་མཁན་དགེ་ལུགས་པ་ཞིག་ཡིན་ཕྱིན་རྙིང་མ་དང་ཆོས་བརྒྱུད་གཞན་བྱས་ན་དོལ་རྒྱལ་གྱིས་ཚར་གཅོད་ཀྱི་ཡོད་ཚུལ་བཤད་པ་དེས་རྐྱེན་པས་ཆོས་ལུགས་ཕན་ཚུན་བར་འགལ་རྐྱེན་ཆེན་པོ་ཆགས་པ་ཧ་ཅང་གསལ་པོ་ཡིན།ྋརྒྱལ་བ་རིན་པོ་ཆེས་སྔོན་མ་ནས་ཆོས་ལུགས་རིས་མེད་ཐོག་དགོངས་པ་བཞེས་ཀྱི་ཡོད། ཡིན་ན་ཡང་ྋསྐྱབས་མགོན་རིན་པོ་ཆེ་གདན་འདྲེན་ཞུས་པ་ཡིན་ན་དེའི་མཇུག་ཏུ་སྒོ་གསང་འཛུལ་མཁན་གྱི་གབ་འདྲེ་ག་རེ་ཡོད་དམ་བསམ་ནས་ཞེད་སྣང་ཡོང་གི་འདུག་ཅེས་ང་ལ་ཤོད་མཁན་ཡོང་མྱོང༌། དེས་ན་སངས་རྒྱས་ཀྱི་ཆོས་སྤུས་དག་པོ་འདི་ལྷ་གསོལ་ཀླུ་གསོལ་གྱི་ཐོག་ཏུ་ཕྱིན་ན་ཧ་ཅང་ཐབས་སྐྱོ་པོ་ཡིན།

   ཁ་སང་དབྱིན་ཇིའི་སྦི་སྦི་སིའི་གསར་འགོད་པ་ཞིག་ཐུག་བྱུང༌། ཁོས་རི་བོ་དགེ་ལུགས་པའི་ཆོས་ཟེར་བ་འདི་གཙོ་བོ་དོལ་རྒྱལ་བསྟེན་རྒྱུ་དེ་རེད་ཅེས་བརྗོད་ཀྱི་འདུག གང་ལྟར་དོན་དངོས་མ་ཤེས་པའི་དབང་གིས་གནས་ཚུལ་དེ་འདྲ་ཆགས་ཡོང་གི་འདུག

དོན་ཚན་གསུམ་པ་ཚང་མས་མཁྱེན་གསལ་ཡིན། རིས་མེད་ཆོས་ལུགས་ཕན་ཚུན་བརྩི་བཀུར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞིང༌། དེའི་ནང་ཚན་ནས་ང་རང་ཚོ་ནང་པ་སངས་རྒྱས་པའི་ཆོས་ལུགས་པ་ནང་ཁུལ་དང༌། ལྷག་པར་དུ་བོད་གངས་ཅན་ལྗོངས་ལ་ཡོད་པའི་དབུ་མ་པ་གཅིག་གྱུར་ཡིན་པས་ས་དགེ་བཀའ་རྙིང་བཞི་པོ་འདི་སྔོན་བྱོན་མཁས་པ་མང་པོ་ཞིག་གིས་རིས་མེད་ཀྱི་ཉམས་བཞེས་གནང་ཡོད། དེས་རིས་མེད་ཀྱི་བསྟན་པ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ལོ་རྒྱུས་ནང་ཧ་ཅང་གསལ་པོ་ཡོད། དཔེར་ན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གནང་བ་ཡིན་དུས། གཡང་པ་ཆོས་རྗེས་མཛད་པའི་ཐམས་ཅད་མཁྱེན་པ་དགེ་རྒྱ་མཚོའི་རྣམ་ཐར་ནང་སྐབས་དེར་ཐམས་ཅད་མཁྱེན་པས་ཆོས་ལུགས་ཀྱི་གྲུབ་མཐར་ཕྱོགས་རིས་མ་གནང་བར་བརྟེན་གྲུབ་མཐའ་རིས་མེད་པའི་རྒྱལ་བ་ཞྭ་སེར་མོ་བ་ཞེས་མཚན་གསོལ་མཁན་བྱུང་ཡོད། ཁོང་ནི་རྒྱལ་བ་དགེ་འདུན་གྲུབ་པའི་ཡང་སྲིད་འབྲས་སྤུངས་ཀྱི་བླ་མ་དང༌། སེ་འབྲས་ཀྱི་མཁན་པོ་ཡང་ཡིན་པས་དབུ་ཞྭ་པཎ་ཞྭ་སེར་པོ་བཞེས་ཀྱི་ཡོད། ཡིན་ནའང་གྲུབ་མཐའ་རིས་མེད་གནང་གི་ཡོད་སྟབས། རིས་མེད་པའི་རྒྱལ་བ་ཞྭ་སེར་མོ་བ་ཞེས་མཚན་གསོལ་བྱུང་ཡོད། དངོས་གནས་རིས་མེད་གནང་བའི་ཕྱག་སྲོལ་ཡོད་པ་འདི་ནི་ཤིན་ཏུ་གལ་ཆེན་པོ་ཡིན།

      སྔར་ངའི་ངོ་ཤེས་ས་སྐྱའི་མཁན་པོ་རིན་ཆེན་ཞུ་བ་ཞིག་ཡོད། ཁོང་ཧ་ཅང་མཁས་པ་ཡིན། ད་ཆ་གཤེགས་ཟིན། ཁོང་རང་ལུགས་ས་སྐྱ་དང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་སློབ་མ་གནང་སྟེ། ཁོང་གི་དྲུང་ནས་སྙིང་ཐིག་གི་དབང་ལུང་མན་ངག་གསན་ཏེ་རྫོགས་ཆེན་གྱི་ཉམས་ལེན་གནང་མཁན་ཞིག་རེད། དེ་དང་ཆབས་ཅིག་རྗེ་རིན་པོ་ཆེས་མཛད་པའི་ལེགས་བཤད་གསེར་ཕྲེང་ཁམས་ནས་གཟིགས་ཡོད། རྒྱ་གར་དུ་ཕེབས་རྗེས་གདན་སའི་དགེ་ལུགས་པའི་མཁན་པོ་ཚོ་དང་མཉམ་དུ་བགྲོ་གླེང་འདྲ་མིན་གནང་བ་དང༌། སློབ་སྦྱོང་ཡང་མཉམ་དུ་གནང་ཞིང༌། ཕྱིས་སུ་འཇམ་མགོན་གྱི་དབུ་ཚད་དང་དབུས་མཐའི་གཞུང་རྣམས་ཐུགས་ལ་མངའ་ཞིང་གང་ལྟར་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་སོང༌། ཁོང་ནི་སུ་གང་ལ་གོ་བསྟུན་མི་གནང་མཁན། སྣ་ཁུག་དུམ་དུམ་ཞིག་ཡོད། ངས་ཆོས་འགྲེལ་ཞུས་མེད་ཀྱང་ངའི་ཆོས་གྲོགས་ཡིན། ཁོང་ལ་དོགས་དཔྱོད་དང་བཀའ་འདྲི་མང་པོ་ཞུས་མྱོང༌། མཁན་པོ་རིན་ཆེན་ལྟ་བུ་རེ་ཟུང་མ་གཏོགས་མེད།

   བླ་མ་མཁན་པོ་ཚོའི་ནང་དུ་བོད་གངས་ཅན་པའི་བསྟན་པ་རིས་སུ་མ་ཆད་པ་ཐུགས་རྒྱུད་ལ་མངའ་བ་དང༌། རིས་སུ་མ་ཆད་པའི་གནད་འགག་མཁྱེན་ནས་གསུང་མཁན་ཧ་ཅང་ཉུང་ཉུང་རེད། འདི་བློ་ཕམ་དང་ཐབས་སྐྱོ་པོ་ཡིན། དངོས་གནས་སྔར་བོད་ལ་རིས་སུ་མ་ཆད་པའི་བསྟན་པ་ཉམས་བཞེས་གནང་མཁན་བྱུང་མ་མྱོང་བ་མིན། སྔར་ཡོད་པ་དེ་དག་ཉམས་འདུག དེ་འདྲའི་སྲོལ་བཟང་པོ་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་བྱེད་ཐུབ་པ་བྱུང་ན་བསམ་པའི་རེ་བ་དང་འབད་བརྩོན་བྱེད་ཀྱི་ཡོད། གནས་ཚུལ་འདི་འདྲའི་སྐབས་སུ་དགེ་ལུགས་པ་ཞིག་གིས་ཐ་ན་རྙིང་མའི་དཔེ་ཆ་ཞིག་སོ་སོའི་ཁང་པའི་ནང་བཞག་པ་ཡིན་ན། དོལ་རྒྱལ་གྱིས་གནོད་པ་སྐྱེལ་གྱི་རེད། ཚར་གཅོད་ཀྱི་རེད་ཅེས་བཤད་ནས་མི་བདེ་བ་བཟོ་གི་ཡོད།

 ཕྱི་ལོ་ ༡༩༩༨ ཟླ་༩ ཚེས་ ༡༠ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོལ་ཁ་གསུམ་གྱི་ཚོགས་བཅར་བ་རྣམས་ལ་དོལ་རྒྱལ་སྐོར་བཀའ་སློབ་སྩལ་བ།
  དོན་ཚན་གཅིག་ནི་རིས་སུ་མ་ཆད་པའི་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བོད་     གངས་ཅན་ལྗོངས་ཀྱི་མཁས་གྲུབ་མང་པོ་ཞིག་གིས་གནང་ཡོད་ལ། ཕྱག་སྲོལ་དེ་ནི་ཧ་ཅང་ཡག་པོ་ཡིན་པས་ང་རང་ཡིད་འཕྲོག་ནས་གང་ཐུབ་ཀྱིས་ཉམས་ལེན་བྱེད་ཀྱི་ཡོད། དཔེར་ན་ྋགོང་ས་ལྔ་པ་ཆེན་པོས་རྩོད་མེད་ཡོངས་གྲགས་ཀྱི་རིས་མེད་ཉམས་བཞེས་གནང་གི་ཡོད། ལྷག་དོན་རྙིང་མ་ཉམས་བཞེས་ཤུགས་ཆེན་པོ་གནང་གི་ཡོད། ྋརྒྱལ་དབང་དགེ་འདུན་རྒྱ་མཚོ་དང༌། བསོད་ནམས་རྒྱ་མཚོ་ཡང་དེ་དེ་བཞིན་རེད། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པས་དགེ་ལུགས་པ་གནང་གི་ཡོད་ལ། རྙིང་མའི་ཆོས་ཀྱང་ཉམས་བཞེས་གནང་གི་ཡོད། མདོ་སྟོད་སྨད་དབུས་གཙང་དང་བཅས་པའི་ས་ཁུལ་གང་སའི་སྔོན་གྱི་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་ཁག་གཅིག་གིས་ཆོས་ལུགས་རིས་མེད་གནང་བའི་ཕྱག་སྲོལ་ཡོད་པ་དང༌། ཡང་ཁག་གཅིག་གིས་རང་རང་སོ་སོའི་གྲུབ་མཐའ་ཁེ་གཙང་གནང་བའི་ཕྱག་སྲོལ་ཡང་ཡོད། དེང་སང་གི་དུས་ཚོད་དང༌། ང་ཚོ་མ་འོངས་པར་གཞི་བྱེས་མཉམ་འཛོམས་བྱུང་བའི་དུས་སྐབས་བཅས་འཕྲལ་ཕུགས་གནས་ཚུལ་གང་ནས་བལྟས་ཀྱང་རིས་མེད་བྱ་རྒྱུ་འདིར་དགེ་མཚན་ཆེན་པོ་འདུག སོ་སོ་སྒེར་གྱི་ཉམས་ལེན་ཐོག་ལའང་ཕན་ཐོག་ཆེན་པོ་འདུག སྤྱིའི་ངོས་ནས་བཤད་པ་ཡིན་ནའང་རིས་མེད་བྱས་ན་ཧ་ཅང་ཡག་པོ་ཡོད།

   དེང་སང་དོལ་རྒྱལ་བསྟེན་མཁན་ཚོས་དགེ་ལུགས་པ་དོལ་རྒྱལ་བསྟེན་མཁན་ཞིག་གིས་རྙིང་མ་དང་བཀའ་བརྒྱུད་བྱས་པ་ཡིན་ན་དོལ་རྒྱལ་གྱིས་གནོད་པ་སྐྱེལ་གྱི་རེད་ཅེས་ཞེད་སྣང་བསྐུལ་གྱི་ཡོད། དཔེར་ན། དགེ་ལུགས་པ་གྲུབ་མཐའ་ཁེ་གཙང་འཛིན་མཁན་ཞིག་གི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྨད་དུ་བྱུང་བའི་ལེགས་བཤད་འདི་དག་གི་ཐོག་ནས་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པ་ཞིག་ཡོད་པ་རྣམས་སོ་སོས་ཤེས་ནས་རྒྱུ་མཚན་མཐོང་སྟེ་དད་པ་སྐྱེས། འདིས་རང་ཉིད་ཡིད་ཚིམས་ཏེ། རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ་སོགས་ལ་ལྟ་རྟོག་བྱེད་དགོས་མེད་པ་མཐོང་ན་དེ་ནི་གནས་ཚུལ་ཐ་དད་ཡིན། རྙིང་མའི་ཆོས་ཞུ་འདོད་ཀྱང་དོལ་རྒྱལ་གྱིས་གནོད་མི་ཡོང་ངམ་བསམ་ནས་ཞེད་སྣང་བྱས་ཏེ་སྡོད་དགོས་བྱུང་ན། དེ་ནི་ཆོས་དད་རང་མོས་འཕྲོག་པ་ཡིན། དགེ་ལུགས་པ་ཞིག་གིས་རིས་མེད་བྱེད་རྒྱུར་བར་ཆད་བྱེད་ཀྱི་ཡོད་པ་ནི་འགལ་རྐྱེན་རེད།

ཕྱི་ལོ་ ༢༠༠༤ ཟླ་ ༡ ཚེས་ ༧ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཨོ་རི་སའི་གཞིས་ཆགས་སུ་ཆིབས་སྒྱུར་སྐབས་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
རང་རེ་བོད་མིའི་སྤྱི་ཚོགས་ནང་ཞིབ་ཚགས་པོའི་བརྟག་དཔྱད་བྱེད་སྐབས་ཆོས་བྱེད་ཀྱི་ཡོད་ཅེས་ལྷ་གསོལ་ཀླུ་གསོལ་བྱེད་པའི་སྣང་ཚུལ་ཁྱབ་གདལ་ཆེ་ཙམ་ཡོད། ནད་ན་ཚ་དང་གློ་བུར་གོད་ཆགས་འདྲ་ཡོང་སྐབས་ལྷས་གནོད་འདུག ཀླུས་གནོད་འདུག་ཅེས་ལྷ་གསོལ་ཀླུ་གསོལ་བྱེད་ཀྱི་ཡོད། སྐབས་རེ་འཕྲལ་རྐྱེན་ཕྲན་བུ་ནི་ཡོང་སྲིད་པ་རེད། འོན་ཀྱང་ནད་ན་ཚ་ལྟ་བུར་བཅོས་ཐབས་གལ་ཆེ་ཤོས་ནི་སྨན་བཅོས་འཕྲོད་བསྟེན་གཟབ་ནན་བྱེད་དགོས་པ་ལས་ལྷ་གསོལ་ཀླུ་གསོལ་གྱིས་ཕན་ཐོགས་ཡོང་ཐབས་མེད། ལྡོག་ཕྱོགས་ནས་བཤད་ན། ལྷ་གསོལ་ཀླུ་གསོལ་བྱས་དྲགས་ན་རང་རྒྱུད་ཀྱི་སྐྱབས་འགྲོའི་བསླབ་བྱ་དང་འགལ་བའི་ཉེས་པ་བསགས་རྒྱུར་མ་ཟད། སྐྱབས་འགྲོ་སྟོང་རྒྱུའི་ཉེན་ཁ་ཡོད། འཇིག་རྟེན་པའི་དྲེགས་པ་སྤྱི་དང༌། རྩོད་པ་ཅན་གྱི་སྨོན་ལམ་ལོག་པའི་དམ་སྲི་དོལ་རྒྱལ་ཤུགས་ལྡན་བསྟེན་གསོལ་བྱེད་པ་ལྟ་བུ་ནི་འདི་ཕྱི་གཉིས་མེད་དང༌། རང་གཞན་གཉིས་ཕུང་གི་ལས་གསོག་གི་ཡོད། བླང་དོར་གྱི་གནད་ཕྱིན་ཅི་མ་ལོག་པར་བསྟན་རྒྱུ་ནི་ངོས་ཀྱི་འོས་འགན་ཡིན། ཉན་དང་མི་ཉན་རང་རང་སོ་སོའི་རང་དབང་རེད། དོལ་རྒྱལ་ཤུགས་ལྡན་ལ་མཚོན་ན། དེ་བསྟེན་གསོལ་བྱས་པར་བརྟེན་ནས་ནང་པའི་རྗེས་འཇུག་ནང་ཕན་ཚུན་དམ་ཚིག་མི་མཐུན་པ་ཡོང་གི་ཡོད། སྟོན་པ་བཀའ་དྲིན་ཅན་ནས་གདུལ་བྱའི་ཁམས་དང་མོས་པ་མི་འདྲ་བར་དགོངས་ནས་གང་ལ་གང་འདུལ་གྱི་ལམ་སྟོན་གནང་ཡོད་པ་དང༌། བོད་གངས་ཅན་ལྗོངས་སུ་དར་རྒྱས་བྱུང་བའི་ས་དགེ་བཀའ་རྙིང་སོགས་ནང་པའི་ཆོས་བརྒྱུད་ཚང་མ་སྟོན་པ་གཅིག་གི་རྗེས་འཇུག་ཡིན། དེའི་ནང་ནས་ཐེག་པ་ཆེན་པོའི་བསྟན་པར་ཡིད་ཆེས་དང༌། དེའི་ནང་ཚན་དབུ་མའི་ལྟ་བའི་རྗེས་འཇུག་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པར་ཉམས་ལེན་བྱེད་མཁན་གཅིག་གྱུར་ཡིན། འོན་ཀྱང་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཚོས་ཁྱེད་ཚོ་དང༌། ང་ཚོ་ཞེས་ནང་ཁུལ་འཐེན་འཁྱེར་གྱིས་དམ་ཚིག་མི་གཙང་བ་བཟོ་གི་ཡོད་པ་ཚང་མའི་མཐོང་ཆོས་ཀྱི་གནས་ཚུལ་ཡིན།

   བཙན་བྱོལ་ནང་དེ་སྔ་ཚོ་ཁག་བཅུ་གསུམ་ཟེར་བའི་དཀའ་ངལ་ཞིག་འཕྲད་ཡོད། དེ་སྐབས་བོད་གཞུང་ནས་དགེ་ལུགས་པར་བལྟ་སྐྱོང་བྱེད་པ་ལས་ཆོས་ལུགས་གཞན་ལ་བལྟ་སྐྱོང་བྱེད་ཀྱི་མ་རེད་ཅེས་འཁྱོག་བཤད་ཀྱི་གླེང་གཞི་བཟོ་མཁན་བྱུང་ཡོད། ཀརྨ་པ་སྐུ་གོང་མ་སྐུ་ཚེའི་སྨད་ལ་བསྙུན་གཞི་བཞེས་ཏེ་དགོངས་པ་གཞན་དོན་དུ་གཤེགས་པ་རེད། ཡང་དེ་སྐབས་བོད་གཞུང་གིས་བཀྲོངས་པ་རེད་ཅེས་ཁུངས་ལུང་གཏན་ནས་མེད་པའི་འུད་སྒྲོག་བྱས་ཡོད།

   སྔར་བཞུགས་སྒར་དུ་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཆོས་ཚོགས་ཚོགས་ཆེན་ཚོགས་ནས་ཆོས་ཚོགས་གྲོལ་ཏེ་བདུད་འཇོམས་རིན་པོ་ཆེ་ཀ་སྦུག་ཏུ་ཕྱིར་ལོག་ཕེབས་འཕྲལ་འབྲེལ་ཡོད་སློབ་མ་ཞིག་མཇལ་ཁར་བཅར་ནས་ད་རེས་ཆོས་ཚོགས་ཀྱི་གྲོས་ཆོད་ནང་བོད་ཀྱི་ནང་ཆོས་ཚང་མ་དགེ་ལུགས་པར་བསྒྱུར་རྒྱུ་གཏན་འབེབས་བྱས་ཡོད་པ་འདྲ། འདི་གཏན་ནས་འགྲིགས་མི་འདུག་ཅེས་ཞུས་ཡོད་པ་དང༌། ཡང་ཁ་ཤས་ནས་རྡ་སའི་གདུགས་ཆེན་པོ་དེའི་ཏོག་འཁྱོག་འདུག་ཅེས་ཟུར་ཟའི་སྐད་ཆ་བཤད་པའི་གནས་ཚུལ་བྱུང་ཡོད། དེ་དག་ནི་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་རྣམས་དང་ཐུགས་སྣང་མི་མཐུན་པའི་སེམས་ཀྱི་རྣམ་རྟོག་ལས་བྱུང་བ་དང༌། དེ་མིན་ཟེར་ལོ་དང་ཐོས་ལོའི་སྐད་ཆར་གཞི་བཅོལ་བ་ལས་བྱུང་བ། ཁ་ཤས་ནི་ཆེད་མངགས་ཕུང་དཀྲུག་གི་འཁྱོག་བཤད་སྤེལ་བ་ལས་བྱུང་བ་བཅས་དེ་དག་ལ་བདེན་དོན་སྤུ་ཙམ་མེད། ཆོས་ལུགས་ཕན་ཚུན་ཐུགས་སྣང་མི་མཐུན་པ་དང༌། འཐེན་འཁྱེར་ཡོང་བའི་རྒྱུ་རྐྱེན་གཙོ་བོ་གཅིག་རྩོད་པ་ཅན་གྱི་དོལ་རྒྱལ་བསྟེན་གསོལ་གྱི་གནས་ཚུལ་ལ་ཐུག་ཡོད་པ་ཕ་རྒོད་བླ་མའི་ཞལ་ལུང་ཟེར་བའི་དེབ་ཐོན་པ་དེའི་ནང་བལྟས་ན་ཕྱི་གསལ་ནང་གསལ་རེད། དེབ་དེའི་ནང་རྩལ་དུ་བཏོན་ནས་བཤད་པ་ནི་གལ་ཏེ་དགེ་ལུགས་པའི་ཆོས་ཉམས་ལེན་བྱེད་མཁན་དང༌། དད་ལྡན་པ་ཞིག་གིས་གསང་སྔགས་རྙིང་མ་སོགས་ཆོས་ལུགས་གཞན་གྱི་གྲུབ་མཐའི་གཞུང་ལུགས་དང༌། གདམས་པ་ཉམས་ལེན་བྱས་ཚེ་དོལ་རྒྱལ་གྱིས་ཚར་གཅོད་ཀྱི་ཡོད་པའི་གནས་ཚུལ་བང་བསྒྲིག་ནས་བཀོད་དེ་གཞན་ལ་འཇིགས་སྐུལ་བྱས་འདུག སྐབས་དེར་དྷ་ས་ཁུལ་ཁྱིམ་ཚང་ཁ་ཤས་ནས་སློབ་དཔོན་རིན་པོ་ཆེའི་སྣང་བརྙན་དང༌། བཀའ་ཐང་སྡེ་ལྔའི་ཕྱག་དཔེ་སོགས་ཡོད་པ་དོལ་རྒྱལ་ཤུགས་ལྡན་འཁོན་དོགས་ཀྱིས་ཕྱིར་བཏོན་པའི་གནས་ཚུལ་ཡོད། དེ་སྐབས་ཤིག་ཏུ་ངོས་རང་ཀ་རྡོར་ཁུལ་དུ་བསྐྱོད་ནས་དེ་གའི་བཀའ་རྙིང་གི་དགོན་པ་ཁག་གིས་གདན་ཞུ་ལྟར་ཆོས་མཇལ་དང་རབ་གནས་སོགས་བྱེད་རྒྱུའི་གོ་སྐབས་བྱུང་ཡོད། འོན་ཀྱང་ང་ཆོས་མཇལ་ཟིན་རྗེས་ཁོང་ཚོས་བསང་བདུགས་བྱས་ཏེ་ྋརྒྱལ་བ་རིན་པོ་ཆེ་བྱོན་པ་སྐལ་བ་བཟང་པོ་ཡིན་ཡང༌། ཁོང་གི་རྗེས་སུ་འདྲེ་ངན་ཞིག་ཡོད་པ་འདི་ཕྱིར་འབུད་བྱེད་དགོས་ཞེས་བརྗོད་པའི་གནས་ཚུལ་ཡོད། འབྲུག་པ་ཚོས་ཀྱང་དགེ་ལུགས་པར་ཞུ་རྒྱུ་གང་ཡང་མེད། འོན་ཀྱང་དེང་སྐབས་དགེ་ལུགས་པའི་མཇུག་ཏུ་འདྲེ་ངན་གྱི་ལྟས་ངན་ཞིག་ཡོང་གི་འདུག་ཅེས་བཤད་སྲོལ་ཡོད།

ཡང་བལ་ཡུལ་ཁུལ་གྱི་དགེ་ལུགས་ཀྱི་དགོན་པ་ཞིག་ལ་རྙིང་མའི་བླ་མ་ཞིག་གིས་གསང་བ་འདུས་པའི་ཕྱག་དཔེའི་སྐོར་རྩད་གཅོད་གནང་བར། དགོན་པ་དེའི་ལས་སྣེ་ཞིག་གིས་ང་ཚོར་གསང་བ་འདུས་པའི་སྐོར་གསལ་པོ་ཞུ་རྒྱུ་མེད། འོན་ཀྱང་རྣལ་འབྱོར་མའི་ཆོས་སྐོར་ཡིན་ན་རྒྱུས་མངའ་ཡོད་ཅེས་བརྡ་ལན་ཕུལ་འདུག རྗེ་རིན་པོ་ཆེའི་བསྟན་པ་ངོས་འཛིན་གྱི་ཚད་གཞི་འདི་གང་འདྲ་ཡིན་ནམ། རྗེ་རིན་པོ་ཆེས་གསང་བ་འདུས་པའི་ཆོས་སྐོར་གལ་ཆེན་པོ་གནང་བ་ལྟར་རྗེ་བཙུན་ཤེས་རབ་སེང་གེས་རྒྱུད་གྲྭ་འཛུགས་པ་གནང་བ་དང༌། རྒྱུད་པའི་ཕྱག་ལེན་ནང་ལངས་ན་གསང་བ་འདུས་པ་དང༌། ཉལ་ན་གསང་བ་འདུས་པ་ཞེས་གསུང་རྒྱུན་དུ་ཡོད། གང་ལྟར་དགེ་ལུགས་པའི་དགོན་པ་ཞིག་གིས་གསང་བ་འདུས་པའི་སྐོར་མི་ཤེས་པ་འདི་གནས་ཚུལ་སྐྱོ་པོ་ཞིག་མ་རེད་དམ།

ངོས་རང་ལ་ཆ་བཞག་ན་ཐོག་མ་ནས་དགེ་ལུགས་པའི་གཞུང་ལ་ཐོས་བསམ་སློབ་གཉེར་བྱས་པ་ཡིན། འོན་ཀྱང་རིམ་པས་དཔལ་ས་སྐྱ་དང༌། རྙིང་མ། བཀའ་བརྒྱུད་སོགས་ཀྱི་དབང་ལུང་མན་ངག་དང༌། ཕྱག་ལེན་རྣམས་ཞུས་ནས་རིས་མེད་ཀྱི་ཉམས་ལེན་བྱེད་ཀྱི་ཡོད། འདིས་སྤྱི་སྒེར་གང་ལའང་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་གི་འདུག ྋརྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལ་མཚོན་ན། སྐུ་ཕྲེང་དང་པོ་ྋརྒྱལ་དབང་དགེ་འདུན་གྲུབ་པས་རིས་མེད་ཀྱི་ཉམས་བཞེས་གནང་ཡོད། ྋརྒྱལ་དབང་དགེ་འདུན་རྒྱ་མཚོས་ཀྱང་རིས་མེད་ཉམས་བཞེས་གནང་བར་བརྟེན་ནས་ཁོང་ལ་རིས་མེད་པའི་ྋརྒྱལ་བ་ཞྭ་སེར་པོ་ཞུ་གི་ཡོད། ྋརྒྱལ་དབང་བསོད་ནམས་རྒྱ་མཚོ་དེ་བས་རིས་མེད་ཉམས་བཞེས་ཆེན་པོ་གནང་མཁན་ཞིག་ཡིན། ྋགོང་ས་ལྔ་པ་ཆེན་པོའི་སྐུ་དུས་བཀའ་བརྒྱུད་པའི་སྐོར་དམིགས་བསལ་ཉམས་བཞེས་ཡོད་མེད་མ་ཤེས་ཀྱང༌། དཔལ་ས་སྐྱ་དང༌། གསང་སྔགས་རྙིང་མའི་སྐོར་ཉམས་བཞེས་ཤུགས་ཆེན་པོ་གནང་བ་ཧ་ཅང་གསལ་པོ་ཡིན། རྣམ་ཀུན་དོལ་རྒྱལ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོས་དགེ་ལུགས་གཅིག་པུ་མ་གཏོགས་ཆོས་ལུགས་གཞན་ཉམས་བཞེས་གནང་ན་དམ་ཚིག་མི་གཙང་བར་བརྩིས་ནས་འབྲེལ་ཐག་གང་རིང་རིང་བྱེད་པ་དང༌། ཐ་ན་སྡང་ཟུག་དང་དགྲ་ཟླའི་འཁོན་སེམས་བཅངས་ནས་ཆོས་ལུགས་ནང་ཁུལ་དང༌། ཆོས་པ་ནང་ཕན་ཚུན་དམ་ཚིག་དང་ཐུགས་སྣང་མི་གཤིན་པའི་དཀའ་ངལ་མང་པོ་ཞིག་བྱུང་བའི་ལོ་རྒྱུས་རྩད་ཞིབ་ཡག་པོ་བྱས་ན་གནས་ཚུལ་ཧ་ཅང་གསལ་པོ་ཡོད། ྋགོང་ས་ལྔ་པ་ཆེན་པོའི་སྐབས་དོལ་རྒྱལ་དང་མི་མཐུན་པ་བྱུང་ནས་གང་ལྟར་དོལ་རྒྱལ་ཤུགས་ལྡན་བོད་གཞུང་དགའ་ལྡན་ཕོ་བྲང་པའི་གཞུང་དང་མི་མཐུན་པའི་སྨོན་ལམ་ལོག་པའི་དམ་སྲིར་གྱུར་ཡོད། ང་རང་གི་མི་ཚེ་འདིའི་ནང་དུའང་བླ་མ་དགེ་བཤེས་དོལ་རྒྱལ་ཤུགས་ལྡན་སྤྲོས་པ་ཆེན་པོས་བསྟེན་གསོལ་བྱེད་མཁན་དེ་ཚོའི་སྐུ་ཚེའི་མཇུག་ཏུ་བཀྲ་མི་ཤིས་པའི་གནས་ཚུལ་ཆེན་པོ་ཡོང་གི་ཡོད། ཚང་མས་སྔ་ཕྱིའི་ལོ་རྒྱུས་ལ་བསམ་བློ་བཏང་སྟེ་དོ་སྣང་དང་བརྟག་དཔྱད་བྱས་ན་གནས་ཚུལ་མི་གཞན་གྱིས་འགྲེལ་བཤད་རྒྱག་མི་དགོས་པར་སོ་སོས་གསལ་པོ་ཤེས་རྟོགས་ཐུབ་ཡོད།

ཕྱི་ལོ་ ༢༠༠༥ ཟླ་ ༨ ཚེས་ ༡༦ ཉིན་ལྡི་ལི་བསམ་ཡས་གླིང་གཞིས་སྒར་དུ་བོད་ནས་གསར་འབྱོར་ཁག་གཅིག་མཇལ་ཁའི་ཐོག་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
ངས་ཆོས་ལུགས་རིས་མེད་ལ་དད་པ་དང་དག་སྣང་བྱས་ཏེ། ང་རང་གི་ངོས་ནས་ས་སྐྱ་དང༌། རྙིང་མ། བཀའ་བརྒྱུད་སོགས་ཆོས་བརྒྱུད་མང་པོ་ཞིག་ལ་དད་པ་དང་དག་སྣང་བྱེད་ཀྱི་ཡོད། ང་རང་གི་སློབ་སྦྱོང་བྱེད་རྒྱུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྨད་དུ་བྱུང་བའི་ལེགས་བཤད་ལ་བརྟེན་ནས་སློབ་སྦྱོང་བྱས་པ་དང༌། གཞན་ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དང༌། ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་ཀྱིས་མཚོན་རྙིང་མའི་བླ་མ་མང་པོའི་དབང་བསྐུར་མན་ངག་སོགས་ཞུས་པ་ཡིན། ང་རང་གིས་ཉམས་ལེན་ལའང་ཕན་གྱི་འདུག དེ་ནི་ངས་ངོ་སྲུང་བྱས་པ་ཞིག་མིན། མདོ་སྔགས་ཐུན་མོང་གི་དབུ་མའི་ལྟ་བ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་པ་དེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་ལས་ལྷག་པ་ཞིག་སུས་ཀྱང་ཐོན་མེད། དེ་ནི་ཧ་ལས་དགོས་པའི་གནས་ཡིན།

   གསང་སྔགས་བླ་མེད་སྐབས་ཀྱི་འོད་གསལ་སེམས་ཀྱི་རྡོ་རྗེ་ཞེས་པའི་གཉུག་མའི་འོད་གསལ། གསང་བ་འདུས་པའི་ཆོས་སྐད་ལྟར་ན། སྟོང་པ་བཞི་པ་ཐམས་ཅད་སྟོང་པ་འོད་གསལ་ཞེས་པ་དེའི་རྣམ་གཞག་གི་ཐོག་ལ་བཀའ་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོའི་ནང་དང༌། ལྷག་པར་རྫོགས་པ་ཆེན་པོའི་སྐབས་ནས་སེམས་གསལ་རིག་ལ་ཤན་ཕྱེ་བའི་ཐོག་ནས་རིག་པ་ངོ་སྤྲོད་ཅེས་པ་དེས་སྟོང་པ་བཞི་པ་ཐམས་ཅད་སྟོང་པ་འོད་གསལ་གཏན་ལ་ཕབ་པ་ལ་གོ་བ་ལྷག་པོ་ཐོན་པ་ཞིག་ཡོད། དེས་ན་ངས་ཤེས་ནས་དད་པ་ཐོབ་སྟེ་རྙིང་མ་དང༌། ས་སྐྱ། བཀའ་བརྒྱུད། དགེ་ལུགས་བཅས་ཚང་མ་ཉམས་ལེན་བྱེད་པའི་གནད་འགག་དེ་ལ་ཐུག་ཡོད།

   གཉིས་ནས་དེ་སྔ་བོད་ལ་ཆོས་བརྒྱུད་རིས་མེད་གནང་མཁན་གྱི་སྐྱེས་ཆེན་དམ་པ་མང་པོ་བྱུང་ཡོད། ཡང་རང་གི་ཆོས་བརྒྱུད་ཁོ་ན་མ་གཏོགས་གཞན་དང་འབྲེལ་བ་མེད་པའི་ཐོག་ཕན་ཚུན་དགག་པ་རྒྱག་རེས་ཀྱང་མང་པོ་བྱུང་འདུག མཁས་པའི་རྣམ་དཔྱོད་ཀྱི་ཐོག་ནས་དགག་པ་བརྒྱབ་ན༑ དེ་ནི། མཁས་པ་མཁས་པའི་ནང་དུ་མཛེས། །ཞེས་པ་ལྟར་དེ་ལ་རྒྱུ་མཚན་ཡོད་པ་ཡིན། རིགས་ཁ་ཤས་ཀྱིས་རྨོངས་ཞེན་དང༌། འཇིག་རྟེན་ཕལ་པའི་ཞེན་ཁོག་གི་ཐོག་ནས་ཆགས་སྡང་ཕྱོགས་རིས་བྱེད་པ་ལྟ་བུ་ཡོང་གི་ཡོད། དེ་ནི་ཧ་ཅང་ཐབས་སྐྱོ་པོ་རེད། དེང་སྐབས་ང་ཚོ་བོད་སྤྱི་པ་གང་འདྲ་ཞིག་ཆགས་གྲབས་ཡོད་མེད་མ་ཤེས་པའི་མཚམས་འདིར། ཆོས་ལུགས་རིས་སུ་མ་ཆད་པ་ཐམས་ཅད་མཐུན་པོ་བྱུང་ན་ཡག་པོ་ཡོད། དེས་ན་ངས་ཆོས་ལུགས་རིས་མེད་མཐུན་པོ་འབྱུང་ཐབས་ལ་རྒྱ་གར་དུ་སླེབས་པ་ནས་བཟུང་འབད་བརྩོན་བྱས་པ་ཡིན། དེ་འདྲའི་སྐབས་སུ་ཛེ་སྨད་རིན་པོ་ཆེ་ང་དང་ཧ་ཅང་ཡག་པོ་ཡོད། བླ་མ་ཚད་ལྡན་ཧ་ཅང་ཡག་པོ་ཞིག་ཡོད། འོན་ཀྱང་ཁོང་གིས་ཕ་རྒོད་བླ་མའི་ཞལ་ལུང་ཟེར་བའི་དེབ་གཅིག་བརྩམས་པ་དེའི་ནང་དུ་སྡེ་པ་གཞུང་གི་གཞུང་ཞབས་པ་དང༌། དགེ་ལུགས་པའི་བླ་མ་འགའ་ཞིག་གིས་རྙིང་མའི་ཆོས་བྱས་པའི་རྐྱེན་གྱིས་མཐའ་མ་རྒྱལ་ཆེན་ཤུགས་ལྡན་གྱིས་ཚར་བཅད་པ་རེད་ཅེས་པའི་ལོ་རྒྱུས་དེ་འདྲ་བཀོད་ཡོད། དེབ་དེས་རྐྱེན་བྱས་ཏེ་རྡ་རམ་ས་ལར་སློབ་དཔོན་རིན་པོ་ཆེར་འབུམ་ཚོགས་འབུལ་བའི་སྐབས་སུ་ཨ་ནེ་ཁག་གཅིག་འབུམ་ཚོགས་ལ་སླེབས་མ་བྱུང༌། རྒྱུ་མཚན་གང་ཡིན་དྲིས་པར། དེབ་གསར་པ་ཞིག་ཐོན་འདུག དེས་ཨ་ནེ་ཚོ་ཞེད་ནས་འབུམ་ཚོགས་ལ་ཡོང་མ་ནུས་པ་རེད་ཅེས་བརྗོད་ཀྱི་འདུག དེ་ངའི་རྣ་བར་ཕྱིན་མ་སོང༌། དེ་རྗེས་ངོས་ནས་གནས་ཚུལ་གསལ་པོ་བྱས་ཏེ་བརྗོད་པ་ཡིན། རྐྱེན་གཅིག་དེ་བྱུང་ཡོད།

   དེར་བརྟེན་ཆོས་ལུགས་རིས་མེད་ལ་དད་པ་དག་སྣང་སྦྱོང་བ་ལ། དོལ་རྒྱལ་བསྟེན་ན་དགེ་ལུགས་ཁེ་གཙང་བྱས་ན་མ་གཏོགས་ཡོང་གི་མ་རེད་བརྗོད་པ་དེས་རྐྱེན་པས། དགེ་ལུགས་པ་ཞིག་གིས་རྙིང་མའི་ཆོས་བྱེད་རྒྱུ་ཕར་བཞག རྙིང་མའི་དཔེ་ཆ་ཞིག་ཁང་པའི་ནང་དུ་ཉར་བ་ཡིན་ནའང་གནོད་ཀྱི་རེད་ཅེས་པའི་སྐད་ཆ་ཞིག་ཡོད། དཔེར་ན་ཨོ་རི་སའི་མི་ཚང་ཞིག་ལ་དོལ་རྒྱལ་གྱི་གཡང་བུམ་གྱིས་རྒྱུ་དངོས་དང། ཚོང་ལམ་འགྲོ་ཡོང་གི་རེད་བརྗོད་པར་བརྟེན་དོལ་རྒྱལ་ལམ་ཤུགས་ལྡན་གྱི་གཡང་བུམ་ཞིག་ཉར་བ་དེས་རྐྱེན་པས་མི་ཚང་དེའི་ནང་སློབ་དཔོན་རིན་པོ་ཆེའི་རྣམ་ཐར་པདྨ་བཀའ་ཐང་ཞིག་ཡོད་པ་དེ་ཡང་ཉར་མ་ནུས་པར་ངོ་ཤེས་གཞན་ཞིག་གི་སར་བསྐྱལ་བའི་གནས་ཚུལ་བྱུང་ཡོད། དེས་ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུར་གནོད་ཀྱི་འདུག བོད་ནང་ཆ་བཞག་ན། སྔར་ནས་བླ་མ་མང་པོས་དགག་པ་བསྐྱོན་ཡོད། ས་སྐྱའི་ནང་དོལ་རྒྱལ་བསྟེན་མཁན་ཡོད་ཀྱང༌། དགག་པ་ཧ་ཅང་ཤུགས་ཆེན་པོ་གནང་མཁན་ཡོད། རྙིང་མ་ངོས་ནས་ལོས་ཡིན། བཀའ་བརྒྱུད་པའི་ནང་ནས་ཀྱང་དེ་བཞིན་ཡིན། དེས་ན་བསམ་པ་རྣམ་དག་གིས་ཆོས་ལུགས་རིས་མེད་ཡོང་བ་ལ་དེས་གནོད་སྐྱོན་བྱེད་ཀྱི་ཡོད་སྟབས། ངས་དགག་པ་རྒྱག་པའི་རྒྱུ་མཚན་གཅིག་འདི་ཡིན།