དོལ་རྒྱལ་བསྟེན་མི་དང་ཆོས་དང་ཟང་ཟིང་གི་འབྲེལ་བ།

ཕྱི་ལོ་ ༢༠༠༨ ཟླ་ ༡ ཚེས་ ༩ ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
གནས་སྟངས་དེ་འདྲའི་འོག་ད་དུང་ཉ་དང་ཉུང་མ་མཉམ་སྲེས་བྱས་ཏེ་བསྡད་ན་མང་པོ་ཞིག་ལ་དཀའ་ངལ་འཕྲད་ཀྱི་འདུག བར་སྐབས་དོལ་རྒྱལ་ཚོགས་པས་རྒྱ་གར་གཞུང་ལ་དོལ་རྒྱལ་བསྟེན་མཁན་ཚོར་ཏཱ་ལའི་བླ་མས་ཆོས་དད་རང་མོས་བཀག་གི་འདུག དེར་བརྟེན་ཉེན་ཁ་འདུག་པས་རྒྱ་གར་གཞུང་གིས་སྲུང་སྐྱོབ་བྱེད་རོགས་ཞེས་རྒྱ་གར་གཞུང་ལ་ཞུས་འདུག རྒྱ་གར་གཞུང་གི་ཕྱི་སྲིད་ལས་ཁུངས་ནས་དེ་ལ་འབྱོར་ལན་སྤྲད་པ་གནང་འདུག དེས་ན་གནས་ཚུལ་འདི་གཞི་ལྕི་པོའི་ཐོག་ཏུ་སླེབས་ཡོད། ངས་ད་ལྟ་བར་དགེ་སྐྱོན་བཤད་ཡོད། དེ་ནི་ང་རང་གི་ཉམས་མྱོང་གི་ཐོག་ནས་སྐྱོན་མཐོང་བ་དང༌། དེ་བཞིན་བླ་མ་གོང་མ་ཚོའི་གསུང་གཞི་ལ་བཞག་སྟེ་སྐྱོན་ཆ་འདི་འདྲ་འདུག་ཅེས་བརྗོད་རྒྱུ་དེ་ངའི་ལས་འགན་ཡིན། ཉན་དང་མི་ཉན་མི་སོ་སོའི་བསམ་བློ་ཡིན་པ་ལས། ངས་དོལ་རྒྱལ་བསྟེན་ཆོག་གི་མ་རེད་ཅེས་བརྗོད་པ་མེད། དང་པོ་ཉིད་ནས་ངས་ཁ་ཆེ་ཕ་ལུའི་ནང་གི

ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། །ཉན་དང་མི་ཉན་སོ་སོའི་འདོད་པ་རེད། །

ཅེས་པ་འདི་ལུང་དྲངས་ནས་བཤད་ཡོད། དེར་བརྟེན་ཉན་དང་མི་ཉན་སོ་སོའི་བསམ་བློ་རེད། ངས་བཤད་པར་ཉན་དགོས་ཞེས་སྔར་བཤད་མེད་ལ༌། ད་ལྟ་ཡང་ཤོད་ཀྱི་མེད། ཡིན་ནའང་བ་རེ་བོ་རེ་ལྟ་བུ་བྱས་ཏེ་བསྡད་ན་འགྲིག་ཐབས་མེད་པས་ད་ཆ་གསལ་པོ་བཟོ་དགོས་པ་འདུག དེས་ན་དམ་ཆོས་འདུལ་བའི་གཞུང་ནས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱེད་པའི་དོན་ཚན་བདུན་གསུངས་ཡོད། རྩྭ་དང་ཚུལ་ཤིང་བཀྲམ་པ་ཞེས་དེ་འདྲ་ཞིག་ཡོད་པ་ལྟར། ད་ལྟ་ང་ཚོ་ཚུལ་ཤིང་བཀྲམ་པའི་དུས་ཚོད་དེར་སླེབས་འདུག དེང་གི་མང་གཙོའི་འགྲོ་སྟངས་ལྟར་མང་མོས་ཀྱི་སྐད་ཆ་དྲི་བའི་མཚམས་ལ་སླེབས་འདུག དེས་ན་ད་ལམ་འདིར་བློ་གསལ་གླིང་གི་མཛད་སྒོ་གྲུབ་རྗེས་ཁྱེད་རང་ཚོ་གདན་ས་སོ་སོ་དང༌། ཁུངས་སོ་སོར་ལོག་འགྲོ་གི་རེད། དེ་ནས་ཁྱེད་རང་ཚོས་ཁུངས་སོ་སོའི་མི་ཡོངས་ལ་དོལ་རྒྱལ་བསྟེན་འདོད་ཡོད་མེད་ཀྱི་དྲི་ཤོག་བཏོན་ཏེ་བསྟེན་འདོད་ཡོད་མཁན་ཚོས་བསྟེན་འདོད་ཡོད་ཅེས་ས་ཡིག་བརྒྱབ། བསྟེན་འདོད་མེད་མཁན་ཚོས་བསྟེན་འདོད་མེད་ཅེས་ས་ཡིག་བརྒྱབ། ཤེས་སོང་ངམ། དོལ་རྒྱལ་བསྟེན་མཁན་དང་མཉམ་དུ་ཆོས་དང་ཟང་ཟིང་གི་སྐལ་བ་མཉམ་སྤྱོད་བྱེད་འདོད་ཡོད་མཁན་ཚོས་བྱེད་འདོད་ཅེས་ས་ཡིག་བརྒྱབ། དོལ་རྒྱལ་བསྟེན་མཁན་དང་ཆོས་དང་ཟང་ཟིང་གི་སྐལ་བ་མཉམ་སྤྱོད་བྱེད་འདོད་མེད་མཁན་དེ་ཚོས་བྱེད་འདོད་མེད་ཅེས་ས་ཡིག་བརྒྱབ། ཤེས་སོང་ངམ། མང་མོས་ཀྱི་ཐོག་ནས་འོས་བསྡུ་ཞིག་བྱས། དེ་ལ་སུས་ཀྱང་བཙན་དབང་ཤོད་ཀྱི་མེད། ངས་བཙན་དབང་ཤོད་ཀྱི་མེད། མང་མོས་ཀྱིས་དོལ་རྒྱལ་བསྟེན་གྱི་ཡིན་ཞེས་བརྒྱ་ཆ་དྲུག་ཅུ་ཡན་གྱིས་བརྗོད་ན། ཉི་མ་དེ་ཉིན་ནས་ངས་དོལ་རྒྱལ་སྐོར་ཚིག་གཅིག་ཀྱང་བཤད་མི་ཡོང༌། ཤེས་སོང་ངམ། དེ་ནས་བཟུང་དེའི་འགན་ཁྱེད་རང་ཚོས་ཁྱེར་དགོས་པ་ཡིན། ཡང་བརྒྱ་ཆ་དྲུག་ཅུ་བདུན་ཅུ་བརྒལ་བས་དོལ་རྒྱལ་བསྟེན་གྱི་མིན། དོལ་རྒྱལ་བསྟེན་མཁན་དང་ཆོས་དང་ཟང་ཟིང་གི་སྐལ་བ་མཉམ་སྤྱོད་བྱེད་འདོད་མི་འདུག་ཅེས་བརྗོད་ན། དེ་ལ་གཞིགས་པའི་བསམ་བློ་ཞིག་གཏོང་དགོས་པ་ཡིན།

   དོལ་རྒྱལ་བསྟེན་མཁན་ཚོ་དངོས་གནས་བྱས་ན་རྒྱ་གར་ལ་ཡོང་དགོས་དོན་མེད། ང་ཚོ་རྒྱ་གར་ལ་ཡོང་མཁན་དེ་དག་རྒྱ་ནག་གཞུང་གི་སྲིད་བྱུས་འགྲིག་གི་མི་འདུག་ཅེས་ང་ཚོ་འདིར་ཡོང་བ་ཡིན། དོལ་རྒྱལ་བསྟེན་མཁན་ཚོ་རྒྱ་ནག་གཞུང་གིས་བདག་པོ་རྒྱག་གི་ཡོད། རྒྱ་ནག་གཞུང་གིས་དམིགས་བསལ་ལྟ་རྟོག་ཀྱང་བྱེད་ཀྱི་ཡོད། དེར་བརྟེན་ལྟ་རྟོག་བྱེད་མཁན་དེའི་སར་ཕར་ཕྱིན་ན་ཡག་ཤོས་རེད། འདིར་སྡོད་དགོས་དོན་གང་ཡང་མེད། ཤེས་སོང་ངམ། དེས་ན་མང་བས་དོལ་རྒྱལ་བསྟེན་གྱི་ཡིན་ཞེས་ཐག་གཅོད་བྱུང་ན། འོ་ལགས་སོ་ཞེས་ཞུ་རྒྱུ་ལས་ང་ལ་ཁྱད་པར་རྩ་བ་ནས་མེད། དེ་སྔ་ང་རང་གིས་བསྟེན་པ་ཡིན། ངས་ནོར་འདུག ནོར་བ་དེ་བླ་མ་གོང་མ་ཚོར་དགོངས་དག་ཞུས་ཏེ་ང་རང་ནས་སྤང་བླང་ཕྱིན་ཅི་མ་ལོག་པ་བྱས་པ་ཡིན། གཞན་དག་མང་བ་ཚོས་བསྟེན་གྱི་ཡིན་ཞེས་བརྗོད་ན་སོ་སོ་རང་དབང་ཡིན་པས་གང་ཡང་ཡོད་པ་མ་རེད། ཤེས་སོང་ངམ།