དོལ་རྒྱལ་གྱིས་རང་ཉིད་དགེ་ལྡན་པའི་དམ་སྲིར་དངོས་སུ་ཁས་བླངས་པ།

དེ་ཡང་གྲགས་རྒྱན་གྲོངས་རྗེས་དེ་སྔ་རང་གི་མ་ལགས་ཨ་རྒྱལ་གྱི་གཡོ་སྒྱུའི་ཐབས་ལས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གཟིམ་ཁང་གོང་གི་སྤྲུལ་སྐུར་ངོས་འཛིན་བྱུང་པར་བློ་གཏད་ཀྱིས་སླར་ཡང་པཎ་ཆེན་ནམ་གང་གི་ཞལ་སློབ་རྣམ་པས་རང་ལ་སྲུང་མའི་ཚུལ་དུ་བདག་པོ་བྱེད་སྲིད་སྙམ་དུ་རེ་ནས་བཀྲ་ཤིས་ལྷུན་པོར་ཕྱིན་པ་ན། རྣམ་སྲས་རྟ་བདག་བརྒྱད་ཀྱིས་ཕྱག་སྦྲེལ་ཏེ་འགྲོར་མི་གནང་བ་ནི་དོལ་རྒྱལ་གྱི་བསྟོད་པའི་ཚིགས་བཅད།

དེ་ནས་གཙང་ཕྱོགས་ལྷུན་པོར་བྱོན་གྱུར་ཀྱང་། །
ཅུང་ཟད་རྟེན་འབྲེལ་འཆོལ་བའི་དེ་མ་ཐག།  །ཁྲོས་པའི་ཚུལ་གྱིས་ས་སྐྱར་གཤེགས་པ་ན། །ཞེས་པའི་བསྟོད་འགྲེལ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་མཛད་པ་ལས་འདི་ལྟར་བྱུང་སྟེ།

   གྲགས་རྒྱན་ཉིད་སྔར་པཎ་ཆེན་ཆོས་རྒྱན་གྱི་དྲུང་ནས་ཟབ་ཆོས་མང་དུ་གསན་པའི་སྟབས་ཀྱིས་དྲེགས་པའི་སྐུར་བཞེངས་རྗེས་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ་བཀྲས་ལྷུན་དགོན་གྱི་སྲུང་མ་མཛད་རྩིས་ཀྱིས་བྱོན་པ་ན། བཀྲ་ཤིས་ལྷུན་པོའི་གླིང་བསྐོར་གྱི་ལམ་དུ་རྣམ་སྲས་རྟ་བདག་བརྒྱད་ཕྱག་སྦྲེལ་ཏེ་སྲུང་བའི་ཚུལ་ལྟ་བུ་ཞིག་གཟིགས་ཏེ་རྟེན་འབྲེལ་ཅུང་ཟད་འཆོལ་བར་བརྟེན་དེ་མ་ཐག་ཐུགས་ཁྲོས་པའི་ཚུལ་གྱིས་སྔར་རྗེ་བཙུན་ས་པཎ་དུ་འཁྲུངས་པའི་བག་ཆགས་རྗེས་སུ་དྲན་ཏེ་ས་སྐྱར་གཤེགས་པ་ན།

   ཞེས་པ་འདི་ལས་དོལ་རྒྱལ་དྲེགས་པར་སྐྱེས་རྗེས་བཀྲ་ཤིས་ལྷུན་པོར་ཕྱིན་པས་མ་ཐར་ནས་ས་སྐྱར་སོང་བ་གསལ་ལ། དོལ་རྒྱལ་ས་སྐྱར་སོང་ནས་བདག་ཆེན་མཇལ་མ་ཐག་ང་དགེ་ལྡན་པའི་དམ་སྲི་ཁོ་ཡིན་ཞེས་རང་ཉིད་དགེ་ལྡན་པའི་དམ་སྲིར་དངོས་སུ་ཁས་བླངས་པ་ནི་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་མཛད་པའི་དོལ་རྒྱལ་གྱི་སྲོག་གཏད་ཀྱི་སྔོན་འགྲོའི་ཁ་སྐོང་ཞེས་པ་དེའི་ནང་གསལ་ཏེ། གསུང་དེ་ནི་ད་ལྟ་༸སྐྱབས་རྗེ་ཕ་བོང་ཁའི་གསུང་འབུམ་ཇ་པའི་ནང་དོལ་རྒྱལ་གྱི་སྲོག་གཏད་ཀྱི་ལྷན་ཐབས་སུ་བསྒྲིགས་ནས་ཡོད་ལ། དེའི་ནང་ཇི་ལྟར་ཡོད་ཅེ་ན། དེ་ཉིད་ལས།

   བདག་ཆེན་བསོད་ནམས་རིན་ཆེན་གྱིས་ས་སྐྱར་གསུང་ངག་རིན་པོ་ཆེ་ཚོགས་བཤད་གནང་སྐབས་མཚན་མོ་རྡོ་ཆར་འབེབས་པ་དང་། སྐྱེ་བོ་འགའ་ཞིག་ལ་ཆོ་འཕྲུལ་སྣ་ཚོགས་པ་བསྟན། ས་ཆེན་གྱི་མནལ་ལམ་དུ་ས་སྐྱའི་རྩེ་ཆེན་ལྷ་ཁང་གི་འགག་ན་བན་གཟུགས་མིག་མང་པོ་ཡོད་པ་ཞིག་ཤར་བས་ཁྱོད་སུ་ཡིན་གསུངས་པ་ལ། དགེ་ལྡན་པའི་དམ་སྲི་ཁོ་ཡིན་ཟེར་བ་ཞིག་བྱུང་།

   ཞེས་པ་འདི་བྱུང་ལ། འདིའི་ཁུངས་ནི་ས་ཆེན་ཀུན་བློའི་རྣམ་ཐར་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས་ཞེས་བྱ་བ་ས་སྐྱའི་ལམ་འབྲས་སློབ་བཤད་ཆེན་པོ་པོད་ཆ་པའི་ནང་ཤོག་གྲངས་༣༥༤ལ་འདི་ལྟར་སྣང་སྟེ།

   དེ་ནས་གདན་སའི་གཟིམ་ཆུང་དུ་ཕེབས་དགོང་མནལ་ལམ་དུ། ཡབ་རྗེ་རཏནའི་མཚན་ཅན་(བདག་ཆེན་བསོད་ནམས་རིན་ཆེན་)ཉིད་བཞུགས་ཁྲི་ཤིན་ཏུ་མཐོ་བར་སློབ་དཔོན་ཟ་ཧོར་པའི་ཆས་ཅན་སྐུ་མདུན་ན་ཉི་ཟླ་ཡོད་པ་ཤིན་ཏུ་གཟི་བརྗིད་ཅན་དང་མཇལ་བས་མཎྜལ་གྱི་སྟེང་དུ་ནོར་བུ་གསུམ་བཅས་འབུལ་གནང་དང་། སྐུ་ལུས་ལས་ཁྲག་སྣག་སོགས་བྱུང་བའི་མོད་ནས་བརྩེ་ཆེན་ལྷ་ཁང་གི་སྒོ་འགག་ན་གྲྭ་གཟུགས་ཐམས་ཅད་མིག་གིས་གང་བ་ཞིག་ནས་མ་ཡག་པོ་ཡོད་དེ་དགེ་ལྡན་པའི་དམ་སྲི་ལ་བཅོས་གྱིས་ཟེར་བ་ཞིག་འཁྲུངས་ཤིང་།  ཞེས་བྱུང་བ་ལྟར་ལུང་སྔ་ཕྱི་གཉིས་ལས་དོལ་རྒྱལ་གྱིས་དངོས་སུ་རང་ཉིད་ཀྱི་ངང་ཚུལ་གསལ་པོར་སྨྲས་པ་ཡང་ཤེས་ཐུབ་ལ།

དེ་ཡང་དོལ་རྒྱལ་དགེ་ལྡན་པར་འཁུ་བའི་དམ་སྲི་ཡིན་པ་ནི་དོལ་རྒྱལ་རང་གིས་ཁས་བླངས་པ་མ་ཟད་༸གོང་ས་ལྔ་པ་ཆེན་པོས་ཀྱང་། དམ་མིན་དམ་བརྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །ཞེས་གསུངས་པ་དང་ཡང་མཐུན། གཞན་ཡང་དེ་དུས་ཀྱི་ལས་སྦྱོར་མཛད་མཁན་གྱི་སློབ་དཔོན་གཏེར་བདག་གླིང་པའི་རྣམ་ཐར་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཆོས་འབྱུང་དུ་གསུངས་པ་དང་ཡང་རྩེ་མཐུན་པས་འདི་ཉིད་ཁོ་ན་ཡིན་པ་ངེས་པར་བྱའོ། །

འདི་དང་འབྲེལ་བའི་དོགས་དཔྱོད་ཁ་སྐོང་གི་ཚུལ་རྒྱས་པ་གཞན་དུ་ཡོད་པས་དེར་གཟིགས་པར་སྐུལ་ལོ། །