དོལ་རྒྱལ་དྲེགས་པར་བཞེང་པར་གནས་ཆུང་གིས་བསྐུལ་ཞེས་པའི་འཆལ་གཏམ་འགོག་པ།

Page5

Button_Tibདེ་ཡང་དོལ་རྒྱལ་རྗེས་འབྲང་པས་དོལ་རྒྱལ་ལམ་རྒྱལ་པོ་ཤུགས་ལྡན་སྲུང་མའི་སྐུར་བཞེངས་རྒྱུར་གནས་ཆུང་གིས་སྐུལ་མ་བྱས་ལུགས་ལ། འདི་ལྟར་དཔྱད་པར་བྱ་སྟེ། དོལ་རྒྱལ་བསྟེན་དུ་མི་རུང་བའི་གཏམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་ཐོག་མར་སྙན་གསན་ཞུ་མཁན་ནི་གནས་ཆུང་ཆོས་རྒྱལ་ཆེན་པོ་ཡིན་པ་༸རྒྱལ་བའི་བཀའ་སློབ་རིམ་པར་ཐོན་པ་ལྟར་ལགས་ཤིང། དེ་བཞིན་༸རྒྱལ་དབང་ལྔ་པ་ཆེན་པོ་དང་༸རྒྱལ་དབང་བཅུ་གསུམ་པར་ཡང་དོལ་རྒྱལ་སྐོར་གཟབ་པར་སྐུལ་མཁན་ནི་གནས་ཆུང་ཆོས་རྒྱལ་ཆེན་པོ་ཡིན་པས། ཅི་སྟེ་གནས་ཆུང་ཆོས་རྒྱལ་གྱིས་དོལ་རྒྱལ་སྲུང་མའི་ངོ་བོར་བཞེངས་རྒྱུར་སྐུལ་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེ་བས་ཀྱང་གསོལ་མཆོད་དགོས་པའི་དགེ་སྐུལ་ཞུ་དགོས་པ་ལས། དེ་ལས་བཟློག་སྟེ། དགོས་པའི་མཆོད་རྟེན་ནག་པོར་བཞག།།མི་དགོས་བྲག་ལ་སྐུ་དཀར་གསོལ། །ཞེས་པ་ལ་སོགས་པའི་སྒོ་ནས་ཨ་སྲས་འཁྱམ་པོ་བསྟེན་ན་མི་འགྲིག་ཚུལ་དུ་མ་ཞིག་གནས་ཆུང་ཆོས་རྒྱལ་ནས་ཞུ་དགོས་དོན་ཅི་ཡང་མེད་པའི་ཕྱིར། དེ་བས་ན་ཁྱེད་ཅག་ལ་ཕལ་ཆེར་གནས་ཆུང་དོལ་རྒྱལ་ལ་ཕྲག་དོག་གིས་མ་བཟོད་ནས་རེད་ཅེས་སྨྲ་རྒྱུ་ལས་གཞན་ཅི། དེ་ལྟར་གནས་ཆུང་ཚད་མར་བརྩིས་ནས་དོལ་རྒྱལ་སྲུང་མར་བཞེངས་རྒྱུའི་བརྒྱུད་སྐུལ་བྱེད་མཁན་དུ་འདོད་པ་དང། ཡང་དྲེགས་པ་ཕལ་པ་ལྟ་བུར་བརྩིས་ནས་དོལ་རྒྱལ་ལ་ཕྲག་དོག་བྱེད་པར་སྨྲ་བ་གཉིས་ནང་འགལ་གྱི་ཕུང་པོ་ཡིན་ནོ། །

   གཞན་ཡང་གནས་ཆུང་ཆོས་རྒྱལ་ཆེན་པོ་ནི་བོད་གངས་ཅན་ལྗོངས་སུ་ཤིན་ཏུ་བཀའ་དྲིན་ཆེ་བའི་གུ་རུ་པདྨ་འབྱུང་གནས་ཀྱིས་བཀའ་བཀོད་དམ་འཇོག་གི་སྲུང་མ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནས་བཟུང་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་འབྲེལ་བའི་ཆོས་སྲུང་དང་བོད་གངས་ཅན་པ་སྤྱིའི་སྲུང་མ་ཡང་ཡིན་པས། ཅི་སྟེ་གནས་ཆུང་གིས་བསྐུལ་ཡོད་ན་དོལ་རྒྱལ་གུ་རུའི་བསྟན་པར་སྡང་ཟུག་བྱེད་མཁན་དང། ཕྱོགས་རིས་ཅན་དེ་ལྟ་བུ་མིན་པར་དག་སྣང་ཅན་གྱི་སྲུང་མ་བོད་ཀྱི་རྒྱལ་བསྟན་ཡོངས་རྫོགས་སྲུང་ཞིང་སྐྱོང་མཁན་ཞིག་ཡོང་དགོས་རྒྱུ་ལས། དོལ་རྒྱལ་ནི་དེ་དག་ཀུན་ལས་བཟློག་སྟེ་ཆོས་ཕུང་གི་ལས་ཁོ་ན་ལ་རང་གཞན་ཀུན་སྦྱོར་བར་བྱེད་པའི་བྱ་སྤྱོད་ཅན་དེ་ལྟ་བུ་དང་ལྡན་པའི་དམ་སྲི་སྟེ་དེ་ལ་བསྟན་པ་འཛིན་པའི་ཆོས་སྲུང་དུ་གནས་ཆུང་ཆོས་རྒྱལ་ཆེན་པོ་ཅིའི་ཕྱིར་རེ།

   ཅི་སྟེ་དོལ་རྒྱལ་གནས་ཆུང་གིས་བསྐུལ་བས་སྲུང་མར་བཞེངས་ན་དོལ་རྒྱལ་བསྟེན་མཁན་ཚོས་གནས་ཆུང་ལ་ཤིན་ཏུ་མི་དགའ་བ་བྱེད་པ་བོད་པའི་སྤྱི་ཚོགས་ནང་ཡོངས་གྲགས་ལྟར་དང། དེ་བཞིན་རྙིང་མའི་ཆོས་ལ་ཡང་ཤིན་ཏུ་མི་དད་པ་བྱེད་དོན་ཅི་ཞིག་ཡིན། དེ་ལྟར་དོལ་རྒྱལ་རྙིང་མ་ལ་མི་དགའ་བ་བྱེད་པ་ནི། དོལ་རྒྱལ་ལ་༸རྒྱལ་དབང་ལྔ་པས་དྲག་ལས་མཛད་དུས་སུ་༸ལྔ་པ་ཆེན་པོ་ལས་གཞན་པའི་རྡོར་སློབ་གཙོ་བོ་རྙིང་མའི་བླ་ཆེན་གཏེར་བདག་འགྱུར་མེད་གླིང་པ་སོགས་ཀྱིས་སྣེ་འཁྲིད་པ་དང། གུ་རུའི་སྐུ་མང་དག་གི་ཞབས་གནོན་དུ་དོལ་རྒྱལ་ཡོད་པའི་རྒྱུ་མཚན་དང་། དགེ་ལུགས་པའི་བསྟན་པ་ལ་སྙིང་ནས་ཉེ་བ་མིན་ཡང་གྲུབ་མཐའ་གཙང་མ་དགོས་པར་བསྙད་དེ། དགེ་ལུགས་པའི་བླ་ཆེན་མང་དག་གི་སྲོག་ལ་འཚེ་བར་བརྩམས་ཏེ། དོན་ལ་རྗེའི་བསྟན་པར་གཞན་མ་དད་པ་སྒྲུབ་ཅིང་། ཆོས་ལུགས་ནང་འགལ་གྱི་འཆལ་གཏམ་སྣ་ཚོགས་ཀྱི་སྒོ་ནས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་སྐྱོང་བའི་བོད་གངས་ཅན་གྱི་ལྗོངས་འདིར། བསྟན་པ་དང་འགྲོ་བར་གནོད་འཚེ་བྱེད་པ་ནི་དོལ་རྒྱལ་གྱི་བསྒྲུབ་བྱ་གཅིག་པུ་ཡིན་པ་སོགས་ཀྱི་རྒྱུ་མཚན་གྱིས་ཡིན་ནོ། །

   ཁྱེད་ཅག་དེ་ལྟར་སྨྲ་མཁན་ཚོས་རྫེ་སྨད་རིན་པོ་ཆེས་མཛད་པའི་ཕ་རྒོད་བླ་མའི་ཞལ་ལུང་ལས། དགེ་ལུགས་པ་ཞིག་གིས་རྙིང་མའི་ཆོས་བྱས་ན་དོལ་རྒྱལ་གྱིས་ཚར་གཅོད་ཚུལ་གྱི་དཔེར་བརྗོད་མང་པོ་ཡོད་པ་མ་མཐོང་བའམ་མཐོང་ཡང་དེ་ཁས་མི་ལེན་པ་གང་རུང་ལས་མ་འདས། ཡང་ཤེས་བཞིན་དུ་དོལ་རྒྱལ་སྲུང་མ་ཚད་ལྡན་ཡིན་པའི་སྒྲུབ་བྱེད་འགོད་པར་འདོད་ཅིང། གནས་ཆུང་སོགས་དང་ཡང་མི་འཁོན་པའི་སྒྲུབ་བྱེད་སོགས་ཀྱང་འགོད་འདོད་ནས་རྒྱུ་མཚན་ཚད་ལྡན་ཐམས་ཅད་དེའི་ཕྱོགས་སུ་མ་སོང་བར་རྒྱབ་འགལ་དུ་སོང་བས་རྫུན་གྱིས་ཧམ་བཤད་ཁོ་ན་བྱས་པ་ཤིན་ཏུ་གསལ་ལོ། །

   ལར་ནས་སྲུང་མ་ཚད་ལྡན་ཡིན་ན། བསྟན་འཛིན་གྱི་སྐྱེས་བུའི་གྲོགས་བྱེད་པའི་ཆ་ནས་དེའི་ཆེ་བ་འདོན་དགོས་པ་ལས། དམ་པ་མང་པོ་སྐུ་སྲོག་བཀྲོངས་པ་དོལ་རྒྱལ་སྲུང་མ་ཡིན་པའི་སྒྲུབ་བྱེད་དང། དོལ་རྒྱལ་གྱི་ཆེ་བར་སྨྲ་བ་ནི། སྙིང་རྗེའི་ཡུལ་ཁོ་ན་ཡིན་ཏེ། བསྟན་པའི་ཡིན་ལུགས་མི་ཤེས་ཤིང་སྲུང་མའི་བྱ་བ་ཚད་ལྡན་འདི་བྱས་ཞེས་སྨྲ་འདོད་ལ་མ་རྙེད་པར་ཧམ་བཤད་བྱས་པ་ཁོ་ནར་ཟད་དོ། །

   གཞན་ཡང་རྗེའི་བསྟན་འཛིན་ཚད་ལྡན་ཡིན་ན། ཇི་ལྟར་ལམ་རིམ་ཆེན་པོར་གསུངས་པའི་ཆེ་བ་བཞི་ལྡན་ནང། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བའི་དོན་ཇི་བཞིན། བསྟན་པ་ཡོངས་རྫོགས་ལ་དག་སྣང་ཙམ་ཞིག་མ་མཐར་ཡང་དགོས་པ་ལ། དེ་ལས་ལྡོག་སྟེ་ཚད་ལྡན་གྱི་སྐྱེས་བུ་དམ་པ་མང་པོ་བཀྲོངས་པ་ནི། འདྲེ་ཡིན་པའི་སྒྲུབ་བྱེད་དང་ཉེ་བ་ལས། སྲུང་མ་ཡིན་པའི་སྒྲུབ་བྱེད་དུ་གཏན་ནས་མི་རུང་སྟེ། བསྲུང་རྒྱུ་བསྟན་པ་དང་། དེ་འཛིན་གྱི་སྐྱེས་བུ་ཡིན་པ་ལ། དེ་དག་ལ་གནོད་ཅིང་འཚེ་བའི་བར་ཆད་བྱེད་པའི་ཕྱིར།

   གཞན་ཡང་ཁྱེད་ཀྱིས་གནས་ཆུང་ཚད་ལྡན་གྱི་སྲུང་མར་ཁས་ལེན་ན། གནས་ཆུང་གི་བྱུང་རིམ་སློབ་དཔོན་པདྨས་དམ་ལ་བཏགས་པ་སོགས་ཀྱང་ཁས་ལེན་དགོས་ལ། དེ་མིན་ན་གནས་ཆུང་གི་ཆོས་འབྱུང་གསར་པ་ཞིག་ཧམ་བཤད་ཀྱིས་རྟོག་བཟོ་གྱིས་ཤིག

   གུ་རུ་རིན་པོ་ཆེ་དམ་པ་ཚད་ལྡན་དུ་ཁས་ལེན་ན། དེའི་བསྟན་པ་སྔ་འགྱུར་རྙིང་མའི་བསྟན་པ་ཡང་ཚད་ལྡན་དུ་ཁས་ལེན་དགོས་ལ། དོལ་རྒྱལ་དང་དེའི་རྗེས་འབྲང་དང་བཅས་པས་དེ་ལས་བཟློག་སྟེ་དགེ་ལུགས་པ་ཞིག་གིས་རྙིང་མའི་ཆོས་ཞུས་ན། དོལ་རྒྱལ་གྱིས་ཚར་གཅོད་ཀྱི་ཡོད་པ་ཁྱེད་རྣམས་ལ་རླུང་ལྟར་གྲགས་པ་མིན་ནམ་ཅི།

   གཞན་ཡང་སྔ་འགྱུར་རྙིང་མའི་ཆོས་ཚད་མ་མིན་ན། རང་ཅག་གི་བླ་མ་རྗེ་བདག་ཉིད་ཆེན་པོ་ནས་བཟུང་། བརྒྱུད་པ་ཕར་འདྲེས་ཚུར་འདྲེས་ཡིན་པས། ཐོག་མ་རྙིང་མའི་རྗེས་སུ་ས་སྐྱ་པ་བྱུང་བས་ས་སྐྱ་ཡང་ཆོས་ལུགས་ཚད་ལྡན་མིན་ཏེ་ས་སྐྱ་བོད་དུ་གསར་གཏོད་གནང་མཁན་གྱི་དམ་པ་འབྲོག་མི་ལོ་ཙཱ་སོགས་དེའི་དུས་སུ་རྙིང་མའི་ཆོས་ཉམས་སུ་ལེན་མུར་རྒྱ་གར་གྱི་གྲུབ་ཆེན་ཝི་རུ་པ་(ཡོངས་གྲགས་ལ་བིར་ཝ་པ་ཞེས་ཟེར་ཡང་འདིར་ལེགས་སྦྱར་གྱི་སྒྲ་ལྟར་བྲིས་པ་ཡིན།)སོགས་ནས་གདམས་པ་གསན་ནས་ས་སྐྱའི་ཕྱག་སྲོལ་གསར་གཏོད་བྱུང་བའི་ཕྱིར། ས་སྐྱ་པ་ཚད་མ་མིན་ན་རྗེ་བདག་ཉིད་ཆེན་པོའི་བླ་མ་ཕལ་མོ་ཆེ་ས་སྐྱ་པ་ཡིན་པས་རྗེའི་ཆོས་བརྒྱུད་ལ་ཡང་སྐྱོན་ཡོད་ཅེས་བརྗོད་དགོས་པར་འགྱུར།

   དེ་བཞིན་བཀའ་བརྒྱུད་རྙིང་མ་དང་འདྲེས་པས་བཀའ་བརྒྱུད་ཀྱང་ཚད་ལྡན་མིན་ཟེར་དགོས། རི་བོ་དགེ་ལྡན་པའི་དཔལ་གསང་བ་འདུས་པ་སོགས་ཀྱི་མན་ངག་མང་དག་ཅིག་བཀའ་བརྒྱུད་མར་མི་དྭགས་གསུམ་ལ་ཐུག་པས་དགེ་ལུགས་ཀྱང་ཚད་ལྡན་མིན་ཟེར་དགོས། མཐར་འདྲེ་ངན་དོལ་རྒྱལ་ཁོ་ན་ཚད་མ་ཡིན་ཟེར་བ་ལས་མ་འདས་པས་དེར་ཡང་སྒྲུབ་བྱེད་མེད་དེ། དོལ་རྒྱལ་ཚད་མར་འདོད་མཁན་ཁྱེད་ཚོའི་བླ་མ་དམ་པ་རྣམས་ཀྱི་ཆོས་བརྒྱུད་ལ་ས་སྐྱ་བཀའ་རྙིང་གི་གདམས་པ་དང་མ་འདྲེས་པ་མེད་པའི་ཕྱིར་ན། མཐའ་མ་འདི་ཡིན་དེ་མིན་སྟོན་རྒྱུ་མེད་པ་ནི་རིགས་པ་ཡང་དག་དང་དངོས་ཡོད་གནས་ཚུལ་གང་ལ་ཡང་མ་བརྟེན་པར་བྱུང་རྒྱལ་དུ་སྨྲ་བའི་རྟགས་སུ་འཁུམས་སོ། །

   གཞན་ཡང་རྗེ་བདག་ཉིད་ཆེན་པོས་ནི་བཀའ་རྙིང་ས་གསུམ་གྱི་བླ་མ་ཐམས་ཅད་ལས་དབང་ལུང་གདམས་པ་གསན་ཞིང། སྔར་ཇོ་བོའི་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་སྟེང་རྒྱལ་བའི་བཀའ་འགྱུར་གྱི་དགོངས་པ་ཀླུ་སྒྲུབ་དང་ཐོགས་མེད་ཀྱིས་བཀྲལ་བ་གཞིར་བྱས། རྗེ་བཙུན་འཇམ་དཔལ་དབྱངས་དང། རྒྱ་བོད་ཀྱི་བླ་མ་བརྒྱུད་པ་རྣམས་དངོས་སུ་ཞལ་གཟིགས་ནས་གསན་པའི་མན་ངག་གིས་བརྒྱན་ཏེ་གཏན་ལ་ཕབ། དེའི་སྟེང་གཙོ་བོ་གསང་སྔགས་གསར་མའི་བརྒྱུད་པ་བཀའ་བརྒྱུད་དང་ས་སྐྱ་ནས་བྱུང་བ་རྣམས་བསྣན། གཞུང་ཆེན་འཆད་ཉན་ཡང་གཙོ་བོའི་དཔལ་ས་སྐྱ་པའི་དེ་གཞིར་བྱས། ལྟ་བའི་བཞེད་སྲོལ་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་སློབ་དཔོན་སངས་རྒྱས་བསྐྱངས་དང། དཔལ་ལྡན་ཟླ་བ་གྲགས་པའི་ལུགས་བཞིན་བཤད་སྲོལ་རྣམས་རྒྱ་གར་མཁས་པའི་སློབ་དཔོན་གྱི་གཞུང་ལ་གཏུགས་ཏེ། གཏན་ལ་ཕབ་པ་ཤ་སྟག་ཡིན་པས། སྤྱིར་ན་༸སྐྱབས་རྗེ་ཕ་བོང་ཁ་བསམ་གྱིས་མི་ཁྱབ་པ་ཡིན་རུང། དགེ་ལྡན་པ་ཀུན་རྗེའི་མཛད་པ་གཙོ་བོར་བྱེད་ཅིང། རྗེ་བདག་ཉིད་ཆེན་པོ་དང། ཐུགས་སྲས་མཁས་གྲུབ་རིན་པོ་ཆེ་གཉིས་ཀས་རྗོགས་ཆེན་གྱི་ཆོས་དེར་སྐུར་བ་འདེབས་ན་ངན་སོང་དུ་ལྟུང་བར་རྣམ་པ་གཉིས་ཀའི་གསུང་དུ་བྱུང་བས་ཀུན་གྱིས་གཟབ་པར་སྐུལ་ལོ། །