དོལ་རྒྱལ་གྱིས་རང་ཉིད་དགེ་ལྡན་པའི་དམ་སྲིར་དངོས་སུ་ཁས་བླངས་པ་ལས་འཕྲོས་པའི་དཔྱད་པ་རྟོག་གེའི་མུན་སེལ།

དེ་ཡང་དོལ་རྒྱལ་དྲེགས་པར་སྐྱེས་རྗེས་ས་སྐྱའི་བདག་ཆེན་བསོད་ནམས་རིན་ཆེན་གྱི་སར་ཕྱིན་པའི་ལོ་རྒྱུས་ནི་དོལ་རྒྱལ་བསྟེན་མི་ཀུན་ལ་གྲགས་པ་ཞིག་ཡིན་ལ། ས་སྐྱའི་ནང་དོལ་རྒྱལ་བསྟེན་སྲོལ་ཡང་དེ་ནས་བྱུང་བར་གྲགས། འོན་ཀྱང་གཞན་འགའ་རེས་དེའི་གོང་ཉིད་ནས་དོལ་རྒྱལ་ས་སྐྱར་སླེབས་ཟིན་ཞེས་བརྗོད་པའང་ཡོད། དེ་ལྟར་དོལ་རྒྱལ་དྲེགས་པར་སྐྱེས་རྗེས་དང་པོ་ཉིད་ནས་ས་སྐྱར་མ་འགྲོ་གོང་ཐོག་མར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གདན་ས་བཀྲ་ཤིས་ལྷུན་པོར་སྲུང་མའི་ཚུལ་དུ་རང་ལ་བདག་གཉེར་བྱེད་མི་ཡོང་དུ་རེ་བས་ཕྱིན་པ་ནི་ལོ་རྒྱུས་ཡོངས་གྲགས་ལྟར་ཡིན། དེ་ཡང་སྤྱིར་ན་གྲགས་རྒྱན་ལ་འབྲས་སྤུངས་ཀྱི་བླ་མའི་མཚན་གནས་ཡོད་པས་དང་པོ་ཉིད་ནས་འབྲས་སྤུངས་སུ་འགྲོ་མ་སྤོབས་པ་ཅིས་ཡིན་ནམ་ཞེ་ན། དེ་སྔ་གྲགས་རྒྱན་འདས་གྲོངས་རྗེས་འབྲས་སྤུངས་སུ་སྤྲུལ་སྐུའི་གདུང་རྟེན་གྱི་མཆོད་རྟེན་རྣམས་དང་གཟིམ་ཁང་གོང་བཤིགས་ཏེ་དེ་དག་གི་ཤུལ་དུ་སྦྱིན་བསྲེགས་མཛད་པ་དེས་དོལ་རྒྱལ་གྱི་ཆགས་རྟེན་མེད་པར་བྱས་ཟིན་པ་དང་། སྦྱིན་བསྲེགས་མཛད་པའི་བྱིན་མཐུ་ལས་ཀྱང་འབྲས་སྤུངས་སུ་འགྲོ་མ་སྤོབས་པ་ཡིན་ཞེས་བྱའོ། །

   དེ་ལྟར་སྔར་འབྲས་སྤུངས་སུ་གཟིམ་ཁང་གོང་བཤིགས་པ་དང་གདུང་རྟེན་མཆོད་རྟེན་བརྒྱད་པོ་རྣམས་ཀྱང་བཤིགས་པའི་ཤུལ་དུ་སྦྱིན་བསྲེགས་མཛད་པ་སོགས་ནི་༸རྒྱལ་བ་ལྔ་པ་ཆེན་པོའི་རྣམ་ཐར་སོགས་གཞན་དུ་དྲངས་ཟིན་པས་འདིར་བསྐྱར་ཟློས་མི་དགོས་ལ། དེ་ཡང་སྔར་གྲགས་རྒྱན་ལ་རང་གི་མ་ལགས་ཨ་རྒྱལ་གྱི་གཡོ་སྒྱུའི་ཐབས་ལས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གཟིམ་ཁང་གོང་གི་སྤྲུལ་སྐུར་ངོས་འཛིན་བྱུང་པར་བློ་གཏད་ཀྱིས་སླར་ཡང་པཎ་ཆེན་ནམ་གང་གི་ཞལ་སློབ་རྣམས་ནས་རང་ལ་སྲུང་མའི་ཚུལ་དུ་བདག་པོ་བྱེད་སྲིད་སྙམ་དུ་རེ་ནས་བཀྲ་ཤིས་ལྷུན་པོར་ཕྱིན་པ་ན། རྣམ་སྲས་རྟ་བདག་བརྒྱད་ཀྱིས་ཕྱག་སྦྲེལ་ཏེ་འགྲོར་མི་གནང་བ་ནི་དོལ་རྒྱལ་གྱི་བསྟོད་པའི་ཚིགས་བཅད།

དེ་ནས་གཙང་ཕྱོགས་ལྷུན་པར་བྱོན་གྱུར་ཀྱང་། །ཅུང་ཟད་རྟེན་འབྲེལ་འཆོལ་བས་དེ་མ་ཐག།།
ཁྲོས་པའི་ཚུལ་གྱིས་ས་སྐྱར་གཤེགས་པ་ན། །ཞེས་པའི་བསྟོད་འགྲེལ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་མཛད་པ་ལས་འདི་ལྟར་བྱུང་སྟེ།

   གྲགས་རྒྱན་ཉིད་སྔར་པཎ་ཆེན་ཆོས་རྒྱན་གྱི་དྲུང་ནས་ཟབ་ཆོས་མང་དུ་གསན་པའི་སྟབས་ཀྱིས་དྲེགས་པའི་སྐུར་བཞེངས་རྗེས་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ་བཀྲས་ལྷུན་དགོན་གྱི་སྲུང་མ་མཛད་རྩིས་ཀྱིས་བྱོན་པ་ན། བཀྲ་ཤིས་ལྷུན་པོའི་གླིང་བསྐོར་གྱི་ལམ་དུ་རྣམ་སྲས་རྟ་བདག་བརྒྱད་ཕྱག་སྦྲེལ་ཏེ་སྲུང་བའི་ཚུལ་ལྟ་བུ་ཞིག་གཟིགས་ཏེ་རྟེན་འབྲེལ་ཅུང་ཟད་འཆོལ་བར་བརྟེན་དེ་མ་ཐག་ཐུགས་ཁྲོས་པའི་ཚུལ་གྱིས་སྔར་རྗེ་བཙུན་ས་པཎ་དུ་འཁྲུངས་པའི་བག་ཆགས་རྗེས་སུ་དྲན་ཏེ་ས་སྐྱར་གཤེགས་པ་ན། །

   ཞེས་པ་འདི་ལས་ཤེས་ཏེ། འདི་ནི་སྤྱིར་ནས་ཡོངས་སུ་གྲགས་པའི་དོལ་རྒྱལ་གྱི་ལོ་རྒྱུས་དེ་བསྟེན་མི་ཀུན་ལ་གྲགས་པ་ཞིག་ཡིན་ལ། འདི་༸སྐྱབས་རྗེ་རིན་པོ་ཆེའི་གསུང་དུ་གསལ་ཡང་དོལ་རྒྱལ་བསྟེན་མི་རྟོག་གེ་བ་འགས་གསུང་དེ་སྒྲ་ཇི་བཞིན་པར་ཁས་ལེན་པ་ལ་དགག་བྱར་སྣང་ནས་འདི་ལྟར་སྨྲ་སྟེ། ༼གཞུང་ལན་དྲང་པོའི་འབེལ་གཏམ་ཞེས་བྱ་བར།༽བསྟོད་འགྲེལ་དེར་དོན་དངོས་ལ་དེ་ལྟར་བྱུང་བར་མ་སྨྲས་ཀྱིས། དོལ་རྒྱལ་གྱི་ཉམས་སྣང་ཚུན་ཆད་དོན་དངོས་ལ་སྦྱོར་ན། །ཞེས་བྱུང་བས། དེ་དོལ་རྒྱལ་གྱི་ཉམས་སྣང་ཡིན་གྱི་དོན་དངོས་ལ་དེ་ལྟར་བྱུང་བ་མིན་པར་སྨྲས་པ་ལ་འདི་ལྟར་བརྗོད་པར་བྱ་སྟེ། ཁྱེད་དོལ་རྒྱལ་རྗེས་འབྲང་པར་དོལ་རྒྱལ་གྱི་སྲོག་གཏད་དེར་བརྒྱུད་པ་ཉེ་བརྒྱུད་ཀྱི་ཁུངས་སམ་རྩ་བ་སྟག་ཕུ་རིན་པོ་ཆེའི་དག་སྣང་དུ་གྲགས་པ་དེ་ལས་གཞན་དུ་ཅི་ཞིག་ཡོད། ཉམས་སྣང་ཡིན་ཡང་དོན་དངོས་ལ་དེ་ལྟར་བྱུང་བའི་ངེས་པ་མེད་ན། འོ་ན་སྟག་ཕུ་རིན་པོ་ཆེ་མནལ་ལ་སོང་བའི་ཉམས་སྣང་གི་དོན་ཡང་བླ་མ་དམ་པ་དེར་སྣང་བ་ཙམ་ལས་དོན་དངོས་ལ་དེ་ལྟར་བྱུང་བའི་ངེས་པ་ཅི་ལ་ཡོད་ཅེས་ཕར་སྒོ་མཚུངས་འཕང་ན། དོལ་རྒྱལ་གྱི་སྣང་བ་དེ་ཉམས་སྣང་ཡིན་ལ། སྟག་ཕུའི་རྨི་ལམ་གྱི་སྣང་བ་དེ་དག་སྣང་ཡིན་ཞེས་ཟེར་རྒྱུར་ཉེ་བས་དེར་ཡང་སྒྲུབ་བྱེད་ཅི་ཞིག་ཡོད། ཉམས་སྣང་དང་དག་སྣང་གི་ཁྱད་པར་ཕྱེ་ནས་ཕྱི་མ་ལ་དོན་ལ་མ་འཁྲུལ་བས་ཁྱབ་ཅེས་ཟེར་རྒྱུ་ལས་ཐབས་གཞན་ཟད་པས། དེར་ཡང་སྒྲུབ་བྱེད་ཀྱི་ལུང་རིགས་དགོས་ཀྱི་སྒྲུབ་བྱེད་མེད་པར་སྨྲ་ཚད་བདེན་པར་འགྱུར་ན་ཧ་ཅང་མི་ཐལ་ལམ།

   ཡང་སྟག་ཕུ་རྡོ་རྗེ་འཆང་ལ་དག་སྣང་དུ་གྲགས་པའི་དོལ་རྒྱལ་དང་འབྲེལ་བའི་སྣང་བ་དེ་ཡང་སྟག་ཕུ་མནལ་ལ་སོང་བའི་ཚུལ་གྱིས་དགའ་ལྡན་དུ་དངོས་སུ་ཕེབས་ཏེ་དེ་ལྟར་སྣང་བ་ཡིན་ཞེ་ན། མི་འཐད་དེ། དགའ་ལྡན་དུ་དངོས་སུ་བྱོན་པ་མིན་པར་དེ་སྟག་ཕུ་རྡོ་རྗེ་འཆང་ལ་སྣང་བའི་གཟིགས་སྣང་ཞིག་ཡིན་པ་ནི། ༸སྐྱབས་རྗེ་ཕ་བོང་ཁས་མཛད་པའི་དོལ་རྒྱལ་གྱི་སྲོག་གཏད་ཆོ་གའི་སྔོན་གླེང་དུ།

ཁོ་བོས་ཕུལ་བའི་ས་བོན་དང་། བླ་མ་རྡོ་རྗེ་འཆང་ཉིད་ཀྱི་གཟིགས་སྣང་གི་ཉེ་བརྒྱུད་ཟབ་མོ་གུང་བསྒྲིགས་སྩལ་བ་ལྟར་གྱི་ཆོ་གར་ལྷན་ཐབས་ཀྱང་བསྲེས་ཏེ་ནག་བགྲོས་སུ་འགོད་པ་ལ།   ཞེས་དང་།

ཡང་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་མཛད་པའི་སྲོག་གཏད་ཀྱི་སྔོན་འགྲོའི་མཚམས་སྦྱོར་དེར།  སྟག་ཕུ་རྡོ་རྗེ་འཆང་དག་པ་ཡེ་ཤེས་ཀྱི་གཟིགས་ངོར་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་ཕེབས་ནས།     ཞེས་དང་།

བླ་མ་ཡབ་སྲས་རྣམ་གཉིས་ཀྱི་དག་སྣང་ཉེ་བརྒྱུད་ཆུ་བོ་ཟུང་འབྲེལ་ཐུན་མོང་མ་ཡིན་པ་ཇི་ལྟར་བྱུང་བ་བཞིན།

   ཞེས་པ་འདི་ལས་ཀྱང་གསུང་དེ་སྟག་ཕུའི་དག་སྣང་དུ་བྱུང་བར་གསུངས་པས་སྐབས་དེར་སྟག་ཕུ་རྡོ་རྗེ་འཆང་དངོས་སུ་དགའ་ལྡན་དུ་ཕེབས་པའི་ལོ་རྒྱུས་རྟོག་བཟོ་མ་བྱས་ན་མཛེས་སོ། །

དེ་ལྟར་དག་སྣང་དུ་གྲགས་ཀྱང་བླ་མ་རྟོགས་ལྡན་ལ་དེ་ལྟར་འཁྲུལ་སྣང་དག་སྣང་གི་རྣམ་པར་སྣང་བ་ཡང་སྲིད་པ་ནི་ཁོ་བོས་ལུང་རིགས་ཀྱིས་བརྒྱན་ཏེ་གཞན་དུ་བྱས་ཟིན་པས་དེར་གཟིགས་པར་འཚལ།

ཡང་སྔར་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་དམ་བཅས་པའི་བྱུང་བ་སྟག་ཕུ་རྡོ་རྗེ་འཆང་གིས་སྔོན་གནས་རྗེས་སུ་དྲན་པ་ཡིན་ཟེར་ན་ཡང་མི་རུང་སྟེ། དེ་ལ་ནི་མཁས་པ་རྣམས་སྔོན་གནས་རྗེས་དྲན་ཞེས་བརྗོད་ཀྱི་དག་སྣང་ཞེས་མི་ཟེར། ཡང་དེར་ཡང་ཁོ་བོ་ཅག་དག་སྣང་དུ་བརྗོད་པས་དེ་ག་རང་ཁུངས་སུ་བྱེད་ཅེས་ན། སྟག་ཕུ་རིན་པོ་ཆེའི་དག་སྣང་དུ་གྲགས་པའི་ཚིགས་བཅད་དེ་མ་གོ་བའམ་མ་མཐོང་བ་གསལ་ཏེ། ཁྱེད་ཅག་གི་ཉེ་བརྒྱུད་ཀྱི་ཁུངས་དེར།

ཤིན་དུ་འཁྲུལ་ཡང་ཉིང་འཁྲུལ་སྡེབས། །བླ་མའི་བཀའ་བཞིན་གསོལ་བ་བཏབ་པའི་མོད། །
ཡིད་དགའི་ཞིང་སླེབ་པདྨའི་ངད་ལྡན་དྲུང་། །འདོོད་དོན་གསོལ་བས་དགྱེས་ཞལ་འཛུམ་བག་བཅས། །གསུང་སྐྱེས་སེམས་དཔའ་ཆེན་པོར་(འདུལ་འཛིན་པར་)དགོངས་པ་གཏད། །

   ཞེས་པ་ལས་ཀྱང་རྨི་ལམ་ནང་དགའ་ལྡན་དུ་བྱོན་པ་རྨིས་པའི་ཚུལ་གསུངས་པ་ལས་སྔོན་གནས་རྗེས་དྲན་ཡིན་ཚུལ་མ་བྱུང་ལ། དེ་ཡང་སྟག་ཕུ་རིན་པོ་ཆེས་གསོལ་བ་བཏབ་ནས་རྨི་ལམ་དུ་དོན་དེ་འདྲ་སྣང་བའི་ཚུལ་གསུངས་པ་ཡིན་ནོ། །གཞན་ཡང་ཚིག་རྐང་དང་པོར་ཤིན་ཏུ་འཁྲུལ་ཡང་ཉིང་འཁྲུལ་སྡེབས་ཅེས་གསུངས་པའི་དོན་ཁོ་བོས་གཞན་དུ་བཀྲལ་ཟིན་མོད། སྤྱིར་ན་ཁྱེད་རྣམས་ཀྱིས་ཀྱང་དེ་ལ་གོ་བ་ལོངས་དང་གོང་གི་དེ་རྨི་ལམ་གྱི་སྣང་བར་བརྗོད་པ་ཡང་ཤིན་ཏུ་གསལ་བར་འགྱུར་རོ། །

   རྨི་ལམ་གྱི་དག་སྣང་དེ་རྨི་ལམ་ཡིན་ཡང་ཚད་མར་འདོད་ན། སྟག་ཕུ་རིན་པོ་ཆེ་གཉིད་དུས་ཀྱི་རྨི་ལམ་དེ་ཚད་མར་བྱེད་ལ། དོལ་རྒྱལ་སད་དུས་ཀྱི་སྣང་བ་དེ་འཁྲུལ་བར་འདོད་པ་རྙིང་རེ་རྗེ། དོལ་རྒྱལ་གྱི་སྣང་བ་དེ་འཁྲུལ་བ་མིན་ཞེ་ན། འོ་ན་དེ་དེ་ལྟར་དུ་ཐལ། འདོད་ན། དོལ་རྒྱལ་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བཀྲ་ཤིས་ལྷུན་པོར་འགྲོར་མི་གནང་བར་བཀག་པར་ཐལ་ལོ། །གཞན་ཡང་དེ་ལྟར་སྣང་བ་དེ་དོལ་རྒྱལ་གྱི་ཉམས་སྣང་ཡིན་གྱི་དོན་དངོས་མིན་ཞེས་དེབ་སེར་དེའི་དམ་བཅའ་ཡང་བསྐྱུར་ལ་ཐོངས་ཤིག

   ཉམས་སྣང་དང་དག་སྣང་གཉི་ག་ལ་འཁྲུལ་བ་སྲིད་པར་འདོད་ན། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ལྟར་སྟག་ཕུའི་དག་སྣང་ཡང་བར་ཆད་ཀྱི་དབང་གིས་བྱུང་སྲིད་པར་ཁས་བླངས་ནས་དོལ་རྒྱལ་ལ་རྒྱུད་སྡེའམ་རྗེ་ཡབ་སྲས་རྣམ་གསུམ་དང་། འདུལ་འཛིན་གྲགས་རྒྱན་སོགས་ཀྱི་གསུང་གི་ཁུངས་ཅི་ཡོད་འཚོལ་བར་ཞུགས་ན་མི་ལེགས་སམ།

   དེ་ལྟར་བཙལ་ནས་རྙེད་པར་ཡང་དཀའ་སྟེ་༸སྐྱབས་རྗེ་ཕ་བོང་ཁར་དེ་ལྟར་མ་རྙེད་པར་ཐབས་གཞན་ཟད་དེ་སྟག་ཕུ་རྡོ་རྗེ་འཆང་ལ་རྒྱབ་རྟེན་བཅོལ་བ་དེས་ཀྱང་དེ་མེད་པར་བསྒྲུབ་ལ། དེར་མ་ཟད་༸སྐྱབས་རྗེ་ཕ་བོང་ཁར་རང་གི་སྲོག་གཏད་ཀྱི་ཡིག་ཆ་མཛད་པ་དེར་ཡིད་རྟོན་མེད་ཚུལ་ནི་སྲོག་གཏད་ཀྱི་སྔོན་གླེང་དུ་འདི་ལྟར་བྱུང་སྟེ།

   ཤུགས་ལྡན་རྩལ་གྱི་སྲོག་དབང་ཟབ་མོ་སྔར་བླ་མ་རིན་ཆེན་དབང་རྒྱལ་གྱི་ཡིག་ཆའི་སྟེང་ནས་གནང་སྲོལ་ཟབ་མོ་དེ་ལྟར་ཡང་། དུས་ཕྱིས་དབང་རྒྱུན་ལྟ་ཅི། རྗེས་ཆོག་གི་ཡིག་ཆ་ཙམ་ཡང་ནམ་མཁའི་མེ་ཏོག་གི་སྤུན་ཟླར་གྱུར་ནས་མ་རྙེད་ཅིང་། ཆོས་སྐྱོང་ཆེན་པོ་རང་ཉིད་ནས་ངོས་ལ་སྲོག་དབང་གསར་དུ་བརྩོམ་དགོས་ཀྱི་བཀའ་ལན་གཉིས་ཙམ་ཕེབས་ཤིང་། རང་གི་ཉམས་དང་སྦྱར་བའི་སྲོག་དབང་ལན་རེ་གཉིས་ཙམ་སློབ་མ་འགའ་རེ་ལ་ཚིག་བརྒྱུད་དུ་སྤེལ་བ་དང་། ཡིག་ཆའི་ས་བོན་ཙམ་བཀོད་ཡོད་ཀྱང་། དེ་ཙམ་ལ་འཕྱོན་མའི་བུ་ལྟར་ཡིད་རྟོན་མ་ནུས་པས། སླར་ཡང་བདག་གི་སྐྱབས་གཅིག་ངེས་པ་དོན་གྱི་རྡོ་རྗེ་འཆང་།

ཞེས་པ་དེ་ལས་ཤིན་ཏུ་གསལ་བར་བྱུང་བ་ལྟར་རོ། །

   དེ་ལྟར་དོལ་རྒྱལ་བཀྲ་ཤིས་ལྷུན་པོར་སྲུང་མ་བྱེད་རྩིས་ཀྱིས་ཕྱིན་པ་ན་རྣམ་སྲས་རྟ་བདག་བརྒྱད་ཀྱིས་དགའ་བསུ་ཞུ་དགོས་དོན་ཅི་ཡིན་ཞེས་ཁྱེད་ཅག་གིས་དགག་ཡིག་དེར་དྲིས་པ་ལ་ལན་འདི་ལྟར་བྱ་སྟེ། དོལ་རྒྱལ་འཇམ་དབྱངས་དྲག་ཏུ་ཁྲོས་པ་དང་། དགེ་ལྡན་པའི་བསྟན་པ་བསམས་ནས་ཆེད་གཉེར་གྱིས་དེའི་བསྟན་སྲུང་གི་སྐུར་བཞེངས་པ་ཡིན་ན། སྤྱིར་ན་དུས་རྟག་ཏུ་དེ་ལ་བསུ་བ་མི་དགོས་ཀྱང་དགེ་ལྡན་པའི་བསྟན་སྲུང་དུ་བཞེངས་ནས་སྲུང་མའི་བྱ་བར་འཇུག་པའི་བྱེད་སྒོའི་རྟེན་འབྲེལ་དང་པོ་སྟེ། དགོན་གནས་སུ་འགྲོ་བའི་ཉིན་དང་པོར་དེ་ལ་དགའ་བསུ་དགོས་ངེས་ཀྱང་། དེ་ལྟར་མ་བྱུང་ཡང་དགག་བྱ་བྱེད་དོན་མེད་པས། དོལ་རྒྱལ་ལ་རྣམ་སྲས་རྟ་བདག་བརྒྱད་ཀྱིས་དེ་ལྟར་མཛད་པའི་དོན་འདི་ལ་བསམ་ན་དོལ་རྒྱལ་དགེ་ལྡན་པའི་བསྟན་སྲུང་མིན་པར་འདྲེ་ཡིན་པའི་ཚུལ་ལ་ངེས་པ་འདྲེན་པར་འགྱུར་རོ། །

   གཞན་ཡང་དེབ་སེར་དེར་དེ་སྔ་སེར་སྨད་གྲྭ་ཚང་དུ་ཐ་འོག་ཆོས་རྒྱལ་ཆེན་པོ་མཁན་ཆེན་བློ་བཟང་དོན་གྲུབ་ཀྱིས་གདན་དྲངས་པ་ན་ལྕམ་སྲིང་གིས་ལམ་བཀག་པའི་ལོ་རྒྱུས་འཁྱོག་བཤད་ཀྱིས་དོལ་རྒྱལ་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བཀག་པ་དང་དེ་སྒོ་མཚུངས་སུ་སྦྱར་བའང་མི་འཐད་དེ། ཐོག་མར་ལྕམ་སྲིང་མི་མགུ་བའི་རྣམ་པ་བྱུང་བའི་ལོ་རྒྱུས་ཡོད་ཀྱང་། དེ་ནི་ཐ་འོག་གྲྭ་ཚང་དུ་སླེབས་ཟིན་གྱི་རྗེས་སུ་ཡིན་ལ། ཐ་འོག་གྲྭ་ཚང་གི་སྲུང་མར་མངའ་གསོལ་ཟིན་ནའང་ཐ་འོག་དང་ལྕམ་སྲིང་གཉི་ག་འཇིག་རྟེན་དྲེགས་པའི་ཚུལ་བཟུང་བས་དེ་ལྟར་ཕན་ཚུན་གྱི་དབར་འགྲན་སེམས་ཀྱི་རྣམ་པ་ཡོང་སྲིད་ལ། རྣམ་སྲས་ནི་རྗེ་བདག་ཉིད་ཆེན་པོས་བསྟན་པ་བསྲུང་བར་གཉེར་དུ་གཏད་པའི་ཐུན་མོང་སྣང་ཚོད་དུའང་འཇིག་རྟེན་ལས་འདས་པའི་ཆོས་སྲུང་སྟེ་ངེས་པ་དོན་ལ་ཕྱག་ན་རྡོ་རྗེ་སྲུང་མའི་རྣམ་པར་འཆར་བ་ཡིན་པས། རྗེ་བདག་ཉིད་ཆེན་པོས་བཀའ་བསྐོས་གཉེར་དུ་གཏད་པའི་དགེ་ལྡན་པའི་བསྟན་སྲུང་ཞིག་གིས་བཀྲ་ཤིས་ལྷུན་པོར་དོལ་རྒྱལ་འགྲོར་མི་གནང་བ་ནི་དགེ་ལྡན་པ་ཚད་ལྡན་ཞིག་ཡིན་ན་དེ་ལ་ངེས་པར་བསམ་པར་བྱ་བ་ཁོ་ནའོ། །

   གཞན་ཡང་ཐ་འོག་ཆོས་རྒྱལ་ཆེན་པོ་ནི་ལྕམ་སྲིང་དང་ཐོག་མར་མི་མཐུན་པའི་གཏམ་རྒྱུད་ཡོད་ཀྱང་དེ་ནི་གྲྭ་ཚང་དུ་འབྱོར་ཟིན་རྗེས་ཡིན་ལ། དེ་ཡང་ཐོག་མར་ལྕམ་སྲིང་དང་མཐུ་འགྲན་པའི་ལོ་རྒྱུས་ཡོད་ཀྱང་ནང་དུ་འགྲོ་བར་འཇིགས་ནས་ས་སྐྱ་སོགས་སུ་བྲོས་བྱོལ་གྱིས་ང་དགའ་ལྡན་པའི་དམ་སྲི་ཁོ་ཡིན་ཞེས་སྨྲས་པའི་ལོ་རྒྱུས་ཀྱང་མེད། དོལ་རྒྱལ་ནི་གདན་ཞུ་མཁན་མེད་པར་དང་པོ་ཉིད་ནས་བཀྲ་ཤིས་ལྷུན་པོར་འགྲོ་འདོད་པ་ལ་རྣམ་སྲས་རྟ་བདག་བརྒྱད་ཀྱིས་ཕྱག་སྦྲེལ་ཏེ་གླིང་བསྐོར་གྱི་མཐའ་སྐོར་བ་ན། བཀྲ་ཤིས་ལྷུན་པོར་འགྲོ་བར་རྣམ་སྲས་རྟ་བདག་བརྒྱད་ལ་འཇིགས་ནས་ས་སྐྱར་བྲོས་ནས་བདག་ཆེན་བསོད་ནམས་རིན་ཆེན་གྱི་སར་ང་དགེ་ལྡན་པའི་དམ་སྲི་ཁོ་ཡིན་ཞེས་ཞུས་པའི་ལོ་རྒྱུས་ཅན་ཡིན་པས་ཐ་འོག་ཆོས་རྒྱལ་ཆེན་པོ་དང་འགྲན་པའི་སྐབས་ག་ལ་ཡོད། དེ་ལྟ་བུའི་ལོ་རྒྱུས་ནི་འདི་ཕྱོགས་པ་རྣམས་དོལ་རྒྱལ་ལ་སྡང་བས་གསར་དུ་རྟོག་བཟོ་མིན་གྱི། ཁྱེད་ཅག་གིས་དོལ་རྒྱལ་གྱི་སྐོར་ཁུངས་བཅོལ་སའི་ཚད་མར་འདོད་པའི་ཡིག་ཆ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་གསུང་ནང་ཡོད་པས་དོར་ག་ལ་ནུས།

   གཞན་ཡང་དོལ་རྒྱལ་ཚད་མར་བསྒྲུབ་འདོད་ནས་དེའི་རྒྱབ་རྟེན་གྱི་རིགས་པར་ཐ་འོག་ཆོས་རྒྱལ་ཆེན་པོའི་ལོ་རྒྱུས་འདྲེན་ཡང་། ཐ་འོག་དོལ་རྒྱལ་ལ་འཁོན་པའི་ལོ་རྒྱུས་དང་རྟགས་མཚན་བྱུང་བ་མང་དག་ཡོད་པ། དཔེར་ན་༸སྐྱབས་རྗེ་ཕ་བོང་ཁའི་མཆོག་སྤྲུལ་བར་པ་དང་ད་ལྟ་བ་དེ་གཉིས་གའི་དགེ་བཤེས་དམ་འཇོག་སྐབས་གྲྭ་ཚང་དུ་དམ་བཅའི་ཐུག་པ་ཉེས་ཚུལ། སྤང་ལུང་ཆོས་རྗེ་ཞེས་པ་དོལ་རྒྱལ་གྱི་སྐུ་རྟེན་དེས་དེ་སྔ་སེར་སྨད་གྲྭ་ཚང་དུ་མཆོད་འབུལ་ཞུ་དུས་ཤིག་ཏུ་རྟེན་གཙོ་རྣམས་ལ་མཇལ་དར་འབུལ་སྐབས་སྤང་ལུང་ཆོས་རྗེ་རང་གི་སྐེ་ལ་གྱོན་པའི་གྲྭ་ཚང་དགེ་བསྐོས་ཀྱིས་གནང་བའི་མཇལ་དར་དེར་མཆོད་མེའི་མེ་ཕོག་ཏེ་ལྟས་ངན་བྱུང་དུས་ཚོགས་སུ་ཕེབས་པའི་དགེ་འདུན་པ་མང་པོས་འདི་ནི་ཡག་རྟགས་ཤིག་མིན་ཞེས་གླེང་བ་དང་། གཞན་ཡང་དེ་སྔ་༡༩༨༠ ལོ་ནས་སེར་སྨད་གྲྭ་ཚང་ཚོགས་སྤྱི་ནས་དོལ་རྒྱལ་གྱི་འཕྲིན་སྐུལ་ཚིགས་བཅད་གཅིག་ཀྱང་འདོན་མི་ཆོག་པ་དེ་དུས་ཀྱི་མཁན་པོ་ཀོང་པོ་བང་རི་རིན་པོ་ཆེས་བཀས་བཅད་པའི་རྒྱུ་མཚན་ཡང་། ཐ་འོག་ཆོས་རྒྱལ་ཆེན་པོ་དོལ་རྒྱལ་ལ་ཐུགས་མི་མཉེས་པས་ཡིན་པ་སོགས་མི་ཤེས་པ་ཡིན་འདུག་པས། དེས་ན་ལོ་རྒྱུས་ལ་ཞིབ་པར་དཔྱོད་ན་མི་མཛེས་སམ།

གཞན་ཡང་ཐ་འོག་ནི་དེ་ཉིད་ཀྱི་འཕྲིན་སྐུལ་ལས།

སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་གི །སྤྱན་སྔར་ཁས་བླངས་ཐ་འོག་རྒྱལ་པོ་ཁྱོད། །
སྔོན་གྱི་དམ་ཚིག་གཉན་པོ་མ་གཡེལ་བ། །དམ་ཚིག་པ་ལ་གཡོ་མེད་ཏིཥྛནྡུ། །

ཞེས་དང་།

གྲུབ་པའི་དབང་ཕྱུག་པདྨ་འབྱུང་གནས་དང་། །དེ་ཡི་རྣམ་སྤྲུལ་རྒྱལ་བ་ཙོང་ཁ་པས། །
བཀའ་བསྐོས་ཇི་བཞིན་བསྟན་པ་བསྲུང་བ་ལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབས།   ཞེས་པ་ལྟར་སློབ་དཔོན་པདྨས་དམ་ལ་བཞག་པའི་བཀའ་སྲུང་ཡིན་པས་ཆོས་སྲུང་རྩོད་མེད་འདི་ལྟ་བུ་དང་དོལ་རྒྱལ་འགྲན་པའི་སྐབས་གང་ན་མཆིས།

   ཡང་དོལ་རྒྱལ་ས་སྐྱར་སོང་ནས་བདག་ཆེན་མཇལ་མ་ཐག་ང་དགེ་ལྡན་པའི་དམ་སྲི་ཁོ་ཡིན་ཞེས་རང་ཉིད་དགེ་ལྡན་པའི་དམ་སྲིར་དངོས་སུ་ཁས་བླངས་པ་ནི་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་མཛད་པའི་དོལ་རྒྱལ་གྱི་སྲོག་གཏད་ཀྱི་སྔོན་འགྲོའི་ཁ་སྐོང་ཞེས་པ་དེའི་ནང་གསལ་ཏེ། གསུང་དེ་ནི་ད་ལྟ་༸སྐྱབས་རྗེ་ཕ་བོང་ཁའི་གསུང་འབུམ་ཇ་པའི་ནང་དོལ་རྒྱལ་གྱི་སྲོག་གཏད་ཀྱི་ལྷན་ཐབས་སུ་བསྒྲིགས་ནས་ཡོད། གསུང་དེའི་ནང་ཇི་ལྟར་ཡོད་ཅེས་ན། དེ་ཉིད་ལས།

   ས་ཆེན་བསོད་ནམས་རིན་ཆེན་གྱིས་ས་སྐྱར་གསུང་ངག་རིན་པོ་ཆེ་ཚོགས་བཤད་གནང་སྐབས་མཚན་མོ་རྡོ་ཆར་འབེབས་པ་དང་། སྐྱེ་བོ་འགའ་ཞིག་ལ་ཆོ་འཕྲུལ་སྣ་ཚོགས་པ་བསྟན། ས་ཆེན་གྱི་མནལ་ལམ་དུ་ས་སྐྱའི་བརྩེ་ཆེན་ལྷ་ཁང་གི་འགག་ན་བན་གཟུགས་མིག་མང་པོ་ཡོད་པ་ཞིག་ཤར་བས་ཁྱོད་སུ་ཡིན་གསུངས་པ་ལ། དགེ་ལྡན་པའི་དམ་སྲི་ཁོ་ཡིན་ཟེར་བ་ཞིག་བྱུང་།

ཞེས་པ་འདི་ལས་ཁ་གསལ་བ་གང་དགོས། འདིའི་ཁུངས་ནི་ས་ཆེན་ཀུན་བློའི་རྣམ་ཐར་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས་ཞེས་བྱ་བ་ས་སྐྱའི་ལམ་འབྲས་སློབ་བཤད་ཆེན་པོ་པོད་ཆ་པའི་ནང་ཤོག་གྲངས་༣༥༤ལ་འདི་ལྟར་སྣང་སྟེ།

   དེ་ནས་གདན་སའི་གཟིམ་ཆུང་དུ་ཕེབས་དགོང་མནལ་ལམ་དུ། ཡབ་རྗེ་རཏནའི་མཚན་ཅན༼བདག་ཆེན་བསོད་ནམས་རིན་ཆེན༽ཉིད་བཞུགས་ཁྲི་ཤིན་ཏུ་མཐོ་བར་སློབ་དཔོན་ཟ་ཧོར་པའི་ཆས་ཅན་སྐུ་མདུན་ན་ཉི་ཟླ་ཡོད་པ་ཤིན་ཏུ་གཟི་བརྗིད་ཅན་དང་མཇལ་བས་མཎྜལ་གྱི་སྟེང་དུ་ནོར་བུ་གསུམ་བཅས་འབུལ་གནང་དང་། སྐུ་ལུས་ལས་ཁྲག་སྣག་སོགས་བྱུང་བའི་མོད་ནས་བརྩེ་ཆེན་ལྷ་ཁང་གི་སྒོ་འགག་ན་གྲྭ་གཟུགས་ཐམས་ཅད་མིག་གིས་གང་བ་ཞིག་ནས་མ་ཡག་པོ་ཡོད་དེ་དགེ་ལྡན་པའི་དམ་སྲི་ལ་བཅོས་གྱིས་ཟེར་བ་ཞིག་འཁྲུངས་ཤིང་།

   ཞེས་བྱུང་བ་འདི་གཉིས་ལས་ཀྱང་དོན་དེར་ངེས་པ་འདྲེན་པར་འགྱུར་ཏེ། དེ་ཇི་ལྟ་བུ་ཞེ་ན། གོང་གི་གསུང་དེར་སྐུ་ལུས་ལ་ཁྲག་སྣག་སོགས་བྱུང་བའི་མོད་ནས་ཞེས་པ་དང་། ཡང་དགེ་ལྡན་པའི་དམ་སྲི་ལ་བཅོས་གྱིས་ཟེེར་བ་དེས་སྐབས་དེར་བདག་ཆེན་ལ་འདྲེའི་རྣམ་པ་ངོ་མ་བསྟན་པ་གསལ་ལ། ཆོས་སྲུང་ཚད་ལྡན་ལ་འཇིགས་སུ་རུང་བའི་རྣམ་པ་མེ་དཔུང་རབ་ཏུ་འཕྲོ་བ་དང་མཆེ་བ་གཙིགས་པ་སོགས་ཡོད་ཀྱང་། ཡ་ང་བའི་རྣམ་པ་ལུས་ལས་ཁྲག་སྣག་སོགས་བྱུང་བ་ནི་ཡི་དྭགས་སོགས་ཀྱི་རྣམ་པ་ཁོ་ན་ཡིན་ལ། བདག་ཆེན་གྱིས་བདག་གཉེར་མཛད་པ་ཡང་དོལ་རྒྱལ་ཆོས་སྲུང་ངོ་མར་བལྟས་ཏེ་མིན་པ་ཡང་གསུང་འདིས་དོན་གྱིས་གྲུབ་བོ། །

   དེ་ཡང་དོལ་རྒྱལ་དགེ་ལྡན་པར་འཁུ་བའི་དམ་སྲི་ཡིན་པ་ནི་དོལ་རྒྱལ་རང་གིས་དངོས་སུ་ཁས་བླངས་པ་མ་ཟད་༸གོང་ས་ལྔ་པ་ཆེན་པོས་ཀྱང་། དམ་མིན་དམ་བརྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །ཞེས་གསུངས་པ་དང་ཡང་མཐུན། གཟུར་དཔང་གི་གསུང་དེ་ནི་༸རྒྱལ་བ་ལྔ་པ་ཆེན་པོའི་གསུམ་འབུམ་པོད་ད་པར་ཡོད་ལ། དེ་ལྟར་མཛད་པའི་སྐོར་༸གོང་ས་ལྔ་པ་ཆེན་པོས་རང་རྣམ་དུ་ཀུ་ལའི་གོས་བཟང་ནང་གསལ་བར་བཀོད་ཡོད།

དེང་གི་དོལ་རྒྱལ་སྟེན་མི་འགས་གཟུར་དཔང་དེ་ཕྱིས་སུ་སྣོན་ཁ་བཏབ་པར་སྨྲས་ཀྱང་། ༸གོང་ས་ལྔ་པ་ཆེན་པོའི་གསུང་འབུམ་གྱི་མ་ཕྱི་ཐོག་མར་ལྷ་རྩེ་དགའ་ལྡན་ཕུན་ཚོགས་གླིང་གི་ཤིང་པར་སྔར་༸རྒྱལ་བ་ལྔ་པ་ཆེན་པོ་རང་ཉིད་ཀྱི་སྐུ་དུས་སུ་པར་དུ་བཀོད་པ་དེར་ཡང་གཟུར་དཔང་དེ་གསལ་ལ། དེ་བཞིན་པོ་ཏཱ་ལར་༸རྒྱལ་བའི་གཟིམ་ཆུང་གི་གཟིགས་དཔེ། ནོར་བུ་གླིང་ཁའི་གཟིགས་དཔེ། སེ་ར་ཐེག་ཆེན་གླིང་༸རྒྱལ་བའི་གཟིམ་ཆུང་གི་གཟིགས་དཔེ། མངའ་རི་དྭགས་པོ་གྲྭ་ཚང་གི་མ་དཔེ་སོགས་ཐམས་ཅད་ཀྱི་ནང་གཟུར་དཔང་དེ་རང་སོར་ཡོད་འདུག་ན། ཛ་ཡ་པཎྜིཏས་མཛད་པའི་༸གོང་ས་ལྔ་པ་ཆེན་པོའི་གསུམ་འབུམ་ད་པའི་དཀར་ཆག་ནང་དེ་མི་གསལ་ཞེས་རྒྱུ་མཚན་དུ་དྲངས་པ་ནི་བབ་ཅོལ་ཏེ། ཛ་ཡ་པཎྜིཏ་ནི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་སློབ་བརྒྱུད་གྲགས་རྒྱན་གྱི་ཆོས་བརྒྱུད་འཛིན་མཁན་དང་གྲགས་རྒྱན་གྱི་རྣམ་ཐར་ཐོག་མར་མཛད་མཁན་ཡང་ཡིན་པས། རང་གི་བརྒྱུད་པའི་བླ་མ་འདྲེར་སྐྱེས་པར་གསུངས་པའི་གཏམ་དེ་ཅི་སྟེ་༸རྒྱལ་བ་ལྔ་པའི་གསུམ་པོད་ད་པར་ཛ་ཡ་པཎྡིཏས་གཟིགས་ཡོད་ཀྱང་དཀར་ཆག་ཏུ་མ་བཀོད་པ་ལ་ནི་ཡ་མཚན་རྒྱུ་མེད་ལ། གཞན་ཡང་གསུང་འབུམ་པོད་ད་པའི་ནང་གསུང་མི་འདྲ་བ་ཤིན་ཏུ་མང་བར་སྣང་བས། ཡོངས་རྫོགས་དཀར་ཆག་དེར་མ་བཀོད་པར་དགོས་མཁོར་དམིགས་ཏེ་བཀོད་པའང་སྲིད། དོལ་རྒྱལ་ཚོགས་པའི་དྲ་རྒྱར་ཛ་ཡ་པཎྜིཏ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ལོ་རྒྱུས་ཐོག་མར་འབྲི་མཁན་ཡིན་པ་སོགས་སྨྲས་ཏེ། ཁོང་གི་ཆེ་བ་མང་དག་སྒྲོ་བཏགས་ནས་སྨྲས་འདུག་ཀྱང་། དོལ་རྒྱལ་གྱི་བེའུ་བུམ་ནང་དུ་ཕྱོགས་སྒྲིག་བྱས་པའིཛ་ཡ་པཎྜིཏས་མཛད་པའི་སྤྲུལ་སྐུ་གྲགས་རྒྱན་གྱི་རྣམ་ཐར་ནང་གྲགས་རྒྱན་དྲེགས་པའི་སྐུར་བཞེངས་པའི་སྐོར་ཟུར་ཙམ་ཡང་མེད་ལ། དེ་བཞིན་སྔར་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་རྗེ་བདག་ཉིད་ཆེན་པོའི་དྲུང་དུ་ཞལ་གྱི་བཞེས་ཚུལ། ཡང་ན་པཎ་ཆེན་བསོད་གྲགས་ལ་གནས་ཆུང་ནས་བསྐུལ་ཚུལ་སོགས་ཚིག་ཟུར་ཙམ་ཡང་མེད་པས། དོལ་རྒྱལ་གྱི་འབྱུང་རབས་དེའི་རྗེས་འབྲང་པས་སྨྲས་པ་ལ་སྣ་ཚོགས་སྣང་ཡང་། སྤྲུལ་སྐུ་གྲགས་རྒྱན་གྱི་ཐོག་མའི་རྣམ་ཐར་མཛད་པ་པོ་ཛ་ཡ་པཎྡྲིཏ་ཡི་གསུང་ནང་དེ་དག་གི་སྐོར་ཟུར་ཙམ་ཡང་མེད་ལ། དེའི་གོང་དུའང་དེ་ལྟར་གང་དུའང་མི་སྣང་བས། དེས་ན་དེ་དག་ནི་དུས་རབས་ཉི་ཤུ་པའི་སྟོད་དུ་རྟོག་བཟོ་བྱས་པ་ཁོ་ནའོ། །

འོན་ཀྱང་༸གོང་ས་ལྔ་པ་ཆེན་པོས་ནི་དོལ་རྒྱལ་གྱི་སྐོར་གསུང་སྔ་ཕྱི་མང་དག་ཏུ་རྩེ་མཐུན་པར་གསུངས་ཤིང་། དེ་དག་དང་མཐུན་པར་འདོད་ཁམས་བདག་མོའི་མདུན་༸རྒྱལ་དབང་བཅུ་བཞི་པ་ཆེན་པོས་གཟན་བརྟག་དང་། གནས་ཆུང་གི་བཀའ་ལུང་སོགས་གོང་འོག་བསྒྲིག་ཏེ་རྣོ་བསམ་བཞེས་ན། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་འདྲེར་སྐྱེས་པའི་ཚུལ་དེ་ཁོ་ན་བདེན་པར་སྣང་བས། དེའི་ཕྱིར་འཁྱོག་བཤད་ཀྱིས་བདེན་པ་བསུབ་པ་ག་ལ་ནུས། གཞན་ཡང་དེ་དུས་ཀྱི་ལས་སྦྱོར་མཛད་མཁན་གྱི་སློབ་དཔོན་གཏེར་བདག་གླིང་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཆོས་འབྱུང་སོགས་གོང་དུ་དྲངས་ཟིན་པ་དང་ཡང་རྩེ་མཐུན་པས་འདི་ཉིད་ཁོ་ན་ཡིན་པ་ངེས་པར་བྱའོ། །

   ཡང་འགའ་རེས་དོལ་རྒྱལ་ནི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་གཅིག་པ་མིན་པའི་སྒྲུབ་བྱེད་དུ། གཏེར་བདག་གླིང་པའི་གསུང་སྒྲོས་དེའི་ཞལ་སློབ་བློ་བཟང་རྒྱ་མཚོས་ཡིག་ཐོག་འགོད་པ་ཞིག་ལས་དང་། ཡང་གླེ་ལུང་བཞད་པའི་རྡོ་རྗེས་རྗེ་བློ་གསལ་རྒྱ་མཚོའི་གསུང་སྒྲོས་ཐོར་བུ་བ་རྣམས་མ་བཅོས་ལྷུག་པར་ཡི་གེར་འགོད་གནང་མཛད་པ་བཅས་ལས།

   གཏེར་སྟོན་རིན་པོ་ཆེའི་བཀའ་ལས། དོལ་རྒྱལ་ཟེར་བ་འདི་གཟིམ་ཁང་གོང་གི་སྤྲུལ་སྐུ་རང་མིན་པ་འདྲ། ཡར་སྟོད་དུ་སྐྱེས་པའི་ཀརྨ་པའི་གྲྭ་པ་དམ་ལོག་གཞུང་རང་ལ་ཆེད་དུ་བསམ་ནས་སྨོན་ལམ་ལོག་པར་བཏབ་པ་ཞིག་ཡིན་པ་འདྲ།

   ཞེས་གཏེར་སྟོན་གྱི་གསུང་རྒྱུན་དུ་གྲགས་ཀྱང་ཀརྨ་པའི་གྲྭ་པ་དམ་ལོག་ལ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་རྒྱུད་གཅིག་མིན་པས་ཁྱབ་པ་ག་ལ་ཡོད། དེས་ན་དེ་ནི་གྲགས་རྒྱན་གྱི་སྐྱེ་བ་སྔ་མ་ཞིག་ཏུ་གོ་ཆོག་ལ། དེ་འདྲ་བའི་དམ་ལོག་དེ་གྲགས་རྒྱན་དུ་སྐྱེས་ཀྱང་གཟིམ་ཁང་གོང་གི་སྤྲུལ་སྐུ་ངོ་མ་སྟེ་པཎ་ཆེན་བསོད་གྲགས་ཀྱི་སྐྱེ་ཕྲེང་མིན་ཞེས་པའི་དོན་དུ་གཟིམ་ཁང་གི་སྤྲུལ་སྐུ་རང་མིན་པ་འདྲ། ཞེས་བཀའ་སྩལ་བ་ལ་གོའོ། །

   གསུང་དེར་བྱུང་བའི་གཞུང་ཞེས་པའི་ཐ་སྙད་ཀྱང་གཞུང་དགའ་ལྡན་ཕོ་བྲང་ཁོ་ན་ལ་གོ་བར་མི་བྱ་སྟེ། བོད་དུ་དེ་དུས་བླ་བྲང་ཚུན་ཆད་ལ་གཞུང་གི་ཐ་སྙད་སྦྱོར་སྲོལ་ཡོད་པའི་ཕྱིར་དང་། བོད་སྐྱོང་མཁན་གྱི་གཞུང་༸གོང་ས་ལྔ་པའི་གོང་ཉིད་ནས་བྱུང་བའི་ཕྱིར། ཡང་གཞུང་དགའ་ལྡན་ཕོ་བྲང་དང་སྦྱོར་ཡང་དེ་སྔ་དགའ་ལྡན་ཕོ་བྲང་མེད་པས་གཞུང་དེར་མི་འཁོན་པའི་ངེས་པ་མེད་དེ། དེ་སྔ་དགེ་ལྡན་པའི་བླ་མ་༸རྒྱལ་དབང་དགེ་འདུན་གྲུབ་པའི་དུས་སུ་བཀའ་བརྒྱུད་པ་འགའ་ཞིག་སོགས་གཞན་གྱིས་རྗེ་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ་བཞེངས་པར་མི་འདོད་པ་སོགས་བྱུང་བའི་ལོ་རྒྱུས་ཡོངས་གྲགས་དང་། གསུང་མགུར་ཤར་གངས་རི་མའི་ཚིགས་བཅད། རང་བསྟན་པ་འཛིན་པར་ཁས་ཆེས་ཤིང་། གཞན་བསྟན་འཛིན་དགྲ་བོའི་དང་མར་འཛིན། །ཞེས་པ་ལས་ཀྱང་དེ་ལྟར་དེ་དུས་ནས་བྱུང་ཡོད་པ་ཤེས་པར་འགྱུར་ལ། ལོ་རྒྱུས་ཡིག་ཆ་ཁག་གཞན་ལས་ཀྱང་དེ་ལྟ་བུ་མང་པོ་ཞིག་༸གོང་ས་ལྔ་པ་མ་བྱོན་གོང་དུ་དང་དེ་རྗེས་སུ་ཡང་བྱུང་བས། སྔར་ཀརྨ་པའི་གྲྭ་པ་དམ་ཚིག་ལོག་པ་ཡིན་པ་ཙམ་གྱིས་གྲགས་རྒྱན་དང་རྒྱུད་གཅིག་མིན་པའི་ངེས་པ་ག་ལ་ཡོད། གཞན་ཡང་གསུང་དེ་གཏེར་སྟོན་གྱི་གསུང་ཡིན་མིན་གཅིག་ཏུ་མ་ངེས་ཀྱང་། དེ་ཡིན་པའི་དབང་དུ་བྱས་ཀྱང་དེ་དེ་བཞིན་དུ་ཁས་ལེན་དགོས་པའི་ངེས་པ་ཡང་མེད་དེ། སྐྱེས་བུ་དམ་པས་གསུང་ཚད་ཚད་མར་འགྱུར་ན་ཧ་ཅང་ཐལ་ཆེའོ། །

ཡང་འགའ་རེས་(ང་དགེ་ལྡན་པའི་དམ་སྲི་ཁོ་ཡིན་ཞེས་པའི་དེབ་དེར་དྲངས་པ་བཞིན་)སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དྲག་པོའི་སྐུར་བཞེངས་པ་དགག་འདོད་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་(༡༦༤༨-༡༧༢༡)འཇིགས་བྱེད་ཆོས་འབྱུང་དུ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་རྒྱ་ནག་གི་རྒྱལ་པོ་ཞིག་ཏུ་སྐྱེ་བ་བཞེས་རྒྱུ་ཡིན་པ་སྤྲུལ་སྐུ་གྲགས་རྒྱན་རང་ཉིད་ཀྱི་མ་འོངས་ལུང་བསྟན་ནང་ཞིབ་ཏུ་འཁོད་ཡོད་ཚུལ་གསུངས་པ་འདིས་ཀྱང་གྲགས་རྒྱན་དྲག་པོའི་སྐུར་བཞེངས་ཟེར་བ་དེར་ཆ་འཛིན་དཀའ་ཞེས་གསུང་མཁན་འདུག་ཀྱང་། དངོས་སུ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་དུ་ཇི་ལྟར་ཡོད་ཅེས་ན། ཆོས་འབྱུང་གི་བོད་ཤོག་ཉི་བརྒྱ་བརྒྱད་ཅུ་རྒྱ་བཞི་སྟེ་ཕྱི་ལུགས་ཀྱི་ཤོག་གྲངས་༥༦༧ནང་འདི་ལྟར་གསལ་ཏེ།

དེའི་སྤྲུལ་སྐུ་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ནི་སྐྱིད་སྨན་དུ་ནང་པ་གད་ཁ་ས་པར་འཁྲུངས། བསྙེན་རྫོགས་མཛད། སྐྱོར་ལུང་མཁན་པོ་གནང་། དུས་གསུམ་གྱི་ལུང་བསྟན་མང་པོ་ཡང་མཛད། ནུས་མཐུ་ཡང་ཆེ། དགུང་ལོ་ལྔ་བཅུ་ལ་གཤེགས། དེའི་སྤྲུལ་སྐུ་གོང་མ་ཆེན་པོར་འཁྲུངས་པ་ལུང་བསྟན་དང་གཏན་ཚིགས་ཀྱང་གསུང་སྣང་།

ཞེས་པ་འདི་ཙམ་ལས་ཁུངས་གཞན་མེད་ལ། དེ་ཡང་གྲགས་རྒྱན་མ་འོངས་པར་རྒྱ་ནག་ཏུ་སྐྱེ་བ་ལེན་རྒྱུའི་གཏམ་དེ་གྲགས་རྒྱན་རང་ཉིད་ཀྱིས་ཁ་གསལ་བ་ཡེ་མེད་པར་སྤྱི་སྤམ་སྤམ་དུ་མ་འོངས་ལུང་བསྟན་ལྟ་བུར་བྲིས་པ་དེའི་ནང་དོན་ལྟར་དྲངས་པ་ལས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རང་སྟོབས་ཀྱིས་མངོན་མཁྱེན་གྱིས་གསུངས་པའི་བཀའ་ཞིག་མིན་པ་ནི་གོང་གི་གསུང་དེ་བཀླག་པས་ཤེས་པར་འགྱུར་ལ། དེ་ལྟར་དྲངས་ཀྱང་དོན་འདི་ཀུན་མཁྱེན་གྱིས་ནན་ཏན་ཏུ་དཔྱད་པ་མཐར་སོན་པའི་གཏམ་ཡང་མིན་ཏེ། གྲགས་རྒྱན་བོད་ལུགས་ལྟར་ན་ལོ་ངོ་སོ་བརྒྱད་དུ་འདས་གྲོངས་སོང་ཡང་ཆོས་འབྱུང་འདིར་དགུང་ལོ་ལྔ་བཅུ་ལ་གཤེགས་ཞེས་འབྱུང་པའི་ཕྱིར། །

གཞན་ཡང་གྲགས་རྒྱན་གྲོངས་དུས་ཀུན་མཁྱེན་འཇམ་དབྱངས་བཞད་པ་དགུང་ལོ་བརྒྱད་ཡིན་པས་ལོ་དུས་ཀྱི་ཁྱད་པར་དེ་ཙམ་མེད་ཀྱང་། གྲགས་རྒྱན་དགུང་ལོ་ལྔ་བཅུར་གཤེགས་ཟེར་བའི་གསུང་བབ་ལ་གཞིག་ན་ཆ་རྒྱུས་དེ་ཙམ་མེད་པར་གསལ་བས། གྲགས་རྒྱན་གྱི་ལོ་རྒྱུས་ཉེ་དུས་དེ་མི་མཁྱེན་པར་དེ་ལས་ཀྱང་ཆེས་དཀའ་བའི་ལྐོག་གྱུར་མ་འོངས་པའི་འཁྲུངས་ཡུལ་སོགས་སྨྲ་བ་ལ་ཀུན་མཁྱེན་འཇམ་བཞད་ཚད་མར་ཇི་ལྟར་འགྱུར། འོན་ཀྱང་གྲགས་རྒྱན་གྱི་གསུང་ནང་གསང་རྣམ་ཞིག་ཡོད་པ་དེ་དང་། པཎ་ཆེན་བསོད་གྲགས་ཀྱི་སྐུ་ཕྲེང་ཡིན་པ་ཡོངས་སུ་གྲགས་པ་དེ་གཉིས་གཞིར་བྱས་ནས་པཎ་ཆེན་བསོད་གྲགས་ཀྱི་སྐུ་ཕྲེང་གི་རྣམ་ཐར་གྱི་ཡན་ལག་ཏུ་གྲགས་རྒྱན་གྱི་རྣམ་ཐར་དེ་ཆོས་འབྱུང་དུ་མདོར་ཙམ་བཀོད་པ་ཞིག་ཡིན་ཚོད་འདུག་ལ། ཆོས་འབྱུང་འདིར་གྲགས་རྒྱན་ནུས་མཐུ་ཆེ་བ་དང་། དུས་གསུམ་གྱི་ལུང་བསྟན་མང་པོ་ཡང་མཛད་ཅེས་གསུངས་པ་ལ་ཡང་ཡ་མཚན་པར་མི་བྱ་སྟེ། ནུས་མཐུ་ཡོད་པ་ཙམ་གྱིས་སྐྱེ་བུ་དམ་པར་མི་འགྱུར་ཞིང་ནུས་མཐུ་ལྡན་པའི་དམ་སྲི་ཡང་མང་དུ་འབྱུང་བའི་ཕྱིར། དུས་གསུམ་གྱི་ལུང་བསྟན་མང་པོ་མཛད་ཅེས་པ་ཡང་གྲགས་རྒྱན་གྱི་གསུང་རྩོམ་དུ་མ་འོངས་ལུང་བསྟན་ལྟ་བུའི་གཏམ་མང་དུ་སྣང་ཡང་འབྱུང་འགྱུར་གྱི་མངོན་ཤེས་ཐན་ཐུན་སོགས་འབྱུང་པོ་ཡི་དྭགས་ཀྱི་རིགས་དང་། མུ་སྟེགས་ངན་སྔགས་ཅན་སོགས་ལ་ཡང་ཡོད་ཅིང་། དེ་དག་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་ཡིན་རུང་། དེ་ཡོད་པ་ཙམ་གྱིས་ས་ལམ་གྱི་རྟོགས་པ་བརྟག་ཐུབ་པ་དང་ཤེས་རྒྱུད་བྱང་ཆུབ་ཀྱི་སེམས་སམ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་རླན་པའི་ཁྱབ་པ་མེད་པས། ཅོལ་ཆུང་གི་ངང་ཚུལ་ལྟར་མིན་པ་རྟོགས་པ་དང་སྒྲུབ་རྟགས་རྣམས་རྒྱལ་བའི་བསྟན་པ་སྤྱི་དང་མཐུན་ཞིང་ས་ལམ་གྱི་བགྲོད་པ་དང་སྦྱར་བ་ལ་ཡ་མཚན་པར་བྱ་ཡི། གཞན་དུ་ནི་མིན་ཏེ། རྗེ་བདག་ཉིད་ཆེན་པོས་ལམ་རིམ་ཆེན་མོར་བཤེས་གཉེན་གྱི་མཚན་ཉིད་ཀྱི་སྐབས་སུ།

འོ་ན་ཇི་ལྟར་བཏུལ་བ་ཞིག་དགོས་སྙམ་ན། གང་བྱུང་བྱུང་གིས་སྒྲུབ་པ་བྱས་ནས་རྟོགས་པའི་ཡོན་ཏན་དུ་མིང་བཏགས་པ་རེ་རྒྱུད་ལ་ཡོད་པས་མི་ཕན་པས་རྒྱལ་བའི་བསྟན་པ་སྤྱི་དང་མཐུན་པའི་རྒྱུད་འདུལ་ལུགས་ཤིག་དགོས་ཏེ། དེ་ནི་བསླབ་པ་རིན་པོ་ཆེ་གསུམ་དུ་ངེས་སོ། །ཞེས་གསུངས་པའི་ཕྱིར།

དེས་ན་ཤེས་རྒྱུད་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དང་། ལམ་གྱི་གཙོ་བོ་རྣམ་པ་གསུམ་གྱིས་ལེགས་པར་ཕྱུག་པ་གཞིར་བྱས། ས་ལམ་གྱི་རྟོགས་པའི་ཡོན་ཏན་མཚན་ཉིད་ཚང་བ་ཞིག་ཡོད་ན། དེ་ལ་ཡི་རང་བ་དང་ཡ་མཚན་པར་བྱ་ཡི། ནུས་མཐུ་ནི་རྫས་དང་སྔགས་ཀྱི་སྟོབས་ཀྱིས་ཀྱང་འབྱུང་བས། དེ་ཡོད་པ་ཙམ་གྱིས་གང་ཟག་དེ་རྟོགས་པ་གདེངས་དང་ལྡན་པའི་ཁྱབ་པ་མེད་པས། དེ་ཙམ་འཐོབ་བྱར་འཛིན་པའམ། དེ་ལྡན་གང་ཟག་ཁྱད་པར་ཅན་དུ་འཛིན་པ་ནི་མཐོང་ཐོས་ཆུང་བའི་རང་རྟགས་ཕྱི་ལ་མངོན་པ་ཡིན་ནོ། །

ཡང་ཁ་ཅིག་གིས་༸གོང་ས་མཆོག་གི་དོལ་རྒྱལ་སྐོར་བཀའ་སློབ་ལས། གནས་ཆུང་གིས་དེ་སྔ་འབྲས་སྤུངས་སུ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་འདྲེ་ལ་སྐྱེ་བ་ག་ལ་སྲིད་ཅེས་ལུང་བསྐྱོན་པ་དང་། ངེད་རང་གི་རྨི་ལམ་ཞིག་ལའང་དེ་དོན་གསལ་པོ་ཞིག་བྱུང་རུང་ཆ་འཛིན་འོས་མིན་བཤད་དཀའ། ཞེས་པ་དེ་དྲངས་ཏེ་དོལ་རྒྱལ་དང་གྲགས་རྒྱན་རྒྱུད་གཅིག་པ་མིན་པར་སྨྲ་མཁན་འདུག་ཅིང་། དེའི་སྐོར་གསལ་བཤད་མ་བྱུང་ན་མགོ་འཁོར་ཉེན་སྣང་བས། དེ་ཇི་ལྟ་བུ་ཞེ་ན། དེ་ཡང་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་གསུང་དེ་ནི་ཕྱི་ལོ་༡༩༧༨ཕྱི་ཟླ་༧ཚེས་༡༣ཉིན་སྩལ་བའི་བཀའ་སློབ་དེར་གསལ་ལ། གསུང་དེའི་དགོངས་དོན་ནི་དེ་སྔ་གནས་ཆུང་གི་ལུང་དེ་འདྲ་གསུང་འདུག ཅེས་པའི་ཚིག་གི་ནུས་པས་གཞན་ནས་༸རྒྱལ་དབང་རང་ཉིད་ཀྱིས་དེ་འདྲ་གསན་བྱུང་ཞེས་བཀའ་གནང་བ་ལ་གོ་རྒྱུ་ལས། ༸རྒྱལ་དབང་རང་ཉིད་ཀྱིས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་འདྲེ་ལ་སྐྱེས་པ་མིན་ཞེས་གསུངས་པ་མིན་ལ། གནས་ཆུང་གི་བཀའ་ལུང་ལ་ནི་སྐབས་རེ་ཐད་སོར་གསུངས་པ་དང་། སྐབས་རེར་ཟུར་ཟའི་ཚིག་གིས་འཕངས་པ་སོགས་དུ་མ་སྲིད་པས། དེ་ཡང་གནས་ཆུང་ཆོས་རྒྱལ་ཆེན་པོས་ངེས་པ་དོན་ལ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་འདྲེ་ལ་སྐྱེས་པ་ཡིན་ཞེས་གསུང་འདོད་པ་ལ། དེ་དུས་ལུང་ཞུ་མིའི་ངོ་དང་བསྟུན་ཏེ། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་འདྲེ་ལ་སྐྱེ་བ་ནི་ག་ལ་སྲིད་ཅེས། དོལ་རྒྱལ་ལམ་ཤུགས་ལྡན་གྲགས་རྒྱན་དང་རྒྱུད་གཅིག་པར་ཁས་བླངས་ཕྱིན་གྲགས་རྒྱན་འདྲེར་སྐྱེས་པར་འདོད་དགོས་ཏེ། དོལ་རྒྱལ་ལམ་ཤུགས་ལྡན་ནི་འདྲེ་ཡིན་པའི་ཕྱིར། ཞེས་གོ་རྒྱུའི་ཚིག་གིས་འཕངས་ཏེ་བསྟན་པ་ཡིན་ལ། དོན་དེ་གཞན་དག་གྲགས་རྒྱན་དང་པཎ་ཆེན་བསོད་གྲགས་རྒྱུད་གཅིག་དུ་འདོད་མི་རྣམས་ཀྱིས་ཁས་ལེན་པར་དཀའ་བས་ན། དེ་དག་གི་ངོ་དང་བསྟུན་ཏེ་དེ་ལྟར་གསུངས་པ་ཡིན་ཏེ། གནས་ཆུང་གིས་དོལ་རྒྱལ་ལ་ཨ་སྲས་འཁྱམས་པོ་ཞེས་དེ་སྔ་༸གོང་ས་བཅུ་གསུམ་པ་ཆེན་པོའི་དུས་ནས་བརྡ་སྦྱར་ནས་ཡོད་པས། ཅི་སྟེ་དོལ་རྒྱལ་ལམ་ཤུགས་ལྡན་གྲགས་རྒྱན་དང་རྒྱུད་གཅིག་པ་མིན་པ་དེ་གནས་ཆུང་གི་དགོངས་པ་ངོ་མ་ཡིན་ན། གནས་ཆུང་གིིས་ཤུགས་ལྡན་ནམ་དོལ་རྒྱལ་ལ་མིང་དེ་ལྟར་བཏགས་དོན་མེད་པའི་ཕྱིར།

དེས་ན་ལུང་དེའི་དོན་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཉིད་འདྲེར་སྐྱེས་ནས་དོལ་རྒྱལ་དུ་གྱུར་བ་ལ་གོ་དགོས་ལ། དོན་དེ་དང་འདྲ་བ་༸རྒྱལ་བ་ཐམས་ཅད་མཁྱེན་པའི་མཚན་ལམ་དུའང་གསལ་བར་འབྱུང་བ་གཉིས་རྩེ་མཐུན་པས། ལུང་དེ་ནི་དོལ་རྒྱལ་གྲགས་རྒྱན་དང་རྒྱུད་གཅིག་ཡིན་པའི་སྒྲུབ་ཕྱོགས་ཡིན་གྱི། གཞན་གྱིས་དེ་བཟློག་ཕྱོགས་སུ་དྲངས་པ་ནི་གྲགས་རྒྱན་སྨོན་ལམ་ལོག་ནས་དམ་སྲིར་རམ། དོལ་རྒྱལ་དུ་སྐྱེས་པ་༸གོང་ས་ལྔ་པ་ཆེན་པོའི་གསུང་ནང་གསལ་བ་དེ་མ་གོ་བའང་། ཡང་ན་དེ་མ་མཐོང་བའི་རྟགས་ཁོ་ནའོ། །དེས་ན་དཔྱོད་ལྡན་རྣམས་ནས་ཐག་གཅོད་མི་སྔ་བར་༸རྒྱལ་བའི་བཀའ་སློབ་ཀྱི་དུམ་བུ་གཅིག་ལྟ་བུར་ཟུར་བཏོན་གྱིས་ཐད་ཀའི་གོ་བ་ཙམ་མིན་པར་བཀའ་སློབ་དེ་གའི་ཐད་ཀྱི་ཚིག་སྔ་ཕྱི་སྦྲེལ་ཏེ་འཇུག་པར་སྐུལ་ལོ། །

   ཁོ་བོ་ཅག་ནི་དེའི་སྐོར་༸གོང་ས་ལྔ་པ་ཆེན་པོའི་གསུང་སྔ་ཕྱི་རྣམས་དང་། སྦས་པའི་ཚུལ་དུ་བཞུགས་པའི་གསང་བ་རྒྱ་ཅན་གཙོ་བོར་རང་ལུགས་སུ་འཛིན་པ་ལགས་སོ། །

དེ་ཡང་གྲགས་རྒྱན་རང་གི་བླ་མ་༸གོང་ས་ལྔ་པ་དང་དམ་ཚིག་ལོག་པ་ནི་༸གོང་ས་ལྔ་པ་ཆེན་པོའི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀྱང་གསུངས་ཏེ། དེ་ཉིད་ཀྱིས་མཛད་པའི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ལེའུ་བརྒྱ་དང་བཅུ་གཉིས་པ་ལས།

   ལུགས་མཐུན་དམ་ལ་གནས་པ་རྒྱལ་པོ་དང་། དེ་མིན་དམ་སྲི་འབྱུང་པོའི་རིགས་ལ་སོགས། །ཞེས་པའི་ཐད་ཀྱི་འགྲེལ་པ་ན་ལུགས་མཐུན་རྒྱལ་པོ་སྐུ་ལྔ་སོགས་ཡིན། དེ་མིན་དོལ་ཆུ་མིག་དཀར་མོར་གནས་པ་སོགས། བླ་མའི་རིགས་སྨོན་ལམ་ལོག་པ་དང་བཙུན་པ་སྡོམ་ཉམས་འདྲེར་སྐྱེས་པ། ཞེས་དང་།

   ཡང་དེ་ཉིད་ཀྱི་མཛད་པའི་ཆོས་འབྱུང་བེེེཌཱུརྱ་སེར་པོ་ལས་གྲགས་རྒྱན་མཐར་སྐྱེ་གནས་མི་བཟང་བར་འགྱུར་ཚུལ་གསུངས་པ་དང་ཡང་གཅིག་ཏུ་མཐུན་ནོ། །

ཡང་དེ་དག་གི་དེབ་སེར་དེར་སྔར་འདྲེར་སྐྱེས་ཚུལ་གྱི་ལོ་རྒྱུས་མི་སྙན་པ་གནས་ཆུང་ཆོས་རྒྱལ་ལའང་ཡོད་པའི་ཁུངས་སུ་གླེ་ལུང་བཞད་པའི་རྡོ་རྗེའི་གསུང་དྲངས་འདུག་པ་ལ་འདི་ལྟར་བརྗོད་པར་བྱ་སྟེ། སྔ་དུས་ཀྱི་ཐོག་མའི་ལོ་རྒྱུས་དེ་ལྟར་ཡོད་པ་ཙམ་གྱིས་གནས་ཆུང་དུས་ཐམས་ཅད་དུ་དེ་ཁོ་ནའི་ངང་ཚུལ་ལ་གནས་པའི་ངེས་པ་ག་ལ་ཡོད། ཁྱད་པར་གནས་ཆུང་ནི་གུ་རུ་རིན་པོ་ཆེས་དམ་ལ་བཞག་པའི་བཀའ་སྲུང་ཚད་ལྡན་ཞིག་དང་། བོད་ཀྱི་ཆོས་བརྒྱུད་ཡོངས་ཀྱིས་རྩོད་མེད་དུ་བཞེད་པ། ཆོས་རྒྱལ་དཀོན་ཅོག་འབངས་དང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། དེ་བཞིན་༸གོང་ས་སྐུ་ཕྲེང་རིམ་བྱོན་ནས་བཟུང་ཆོས་སྲུང་ཚད་ལྡན་དུ་བཟུང་བཞིན་ཡོད་ལ། གནས་ཆུང་གིས་༸གོང་ས་ཐམས་ཅད་མཁྱེན་པ་སྐུ་ཕྲེང་རིམ་བྱོན་ལ་ངེད་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་ཞེས་མཚན་གསོལ་བ་ལས་ཀྱང་། གནས་ཆུང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་ཆོས་འབྲེལ་ཁྱད་པར་ཅན་གྱིས་བླ་སློབ་དུ་གྱུར་ནས་ཡོད་པ་ཤེས་པར་འགྱུར་བ་འདིས་ཀྱང་ཐུན་མོང་སྣང་ངོར་གནས་ཆུང་དྲེགས་པར་འཆར་ཡང་ཤེས་རྒྱུད་བྱང་ཆུབ་སེམས་ཀྱིས་རླན་ནས་ཡོད་པར་གདོན་མི་ཟ།

གཞན་ཡང་གླེ་ལུང་བཞད་པའི་རྡོ་རྗེའི་གསུང་གི་ཟུར་གཅིག་མཐོང་བ་ལ་གཏེར་རྙེད་པ་ལྟར་བྱས་ཏེ་དེ་དྲངས་འདུག་ཀྱང་། དེས་རྗེ་གླེ་ལུང་པས་གནས་ཆུང་ཚད་མར་མི་འཛིན་པར་མི་གྲུབ་སྟེ། རྗེ་གླེ་ལུང་པས་མཛད་པའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་རྣམ་པ་ཐར་པའི་ཆ་ཤས་ཙམ་བརྗོད་པ་ཞེས་བྱ་བའི་སྨད་ཀྱི་ཆར།

ཆོས་སྐྱོང་བའི་རྒྱལ་པོ་པེ་ཧར་ཞེས་གྲགས་པ་འདི་ནི་ངེས་པ་དོན་དུ་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་བཞུགས་ཀྱང་ཐུན་མོང་གདུལ་བྱའི་སྣང་ངོར་ཇི་ལྟར་བསྟན་ཚུལ་ནི། ཞེས་བྱུང་བའི་ཕྱིར། དེར་མ་ཟད་གསུང་དེ་ཉིད་དུ།

ལྕགས་སྡིག་སྐྲག་སྟེ་རང་གཟུགས་བསྟན་ཅིང་། གསང་བདག་ལ་སྐྱབས་སུ་སོང་བས་གསང་བདག་གིས་རྡོ་རྗེ་སྙིང་གར་བཞག བདུད་རྩི་ལྕེ་ལ་བླུད། གསང་མཚན་སྤུ་གྲི་འབར་བ་བཏགས། སྲོག་གི་སྙིང་པོ་བཞེས། མགོན་པོ་ལེགས་ལྡན་ནགས་པོས། དགྲ་ལྷ་འཁྱུང་གཤོག་འབར་ཞེས་བྱ་བར་མཚན་གསོལ།

ཞེས་སྔར་རྒྱ་གར་དུ་གནས་ཆུང་དཔལ་གསང་བའི་བདག་པོས་དམ་ལ་བཞག་པར་གསུངས་པ་དེ་མ་མཐོང་བར་རྗེ་གླེ་ལུང་པའི་གསུང་གི་ཕྱོགས་གཅིག་དྲངས་ཏེ་ནན་གྱིས་གནས་ཆུང་ལ་སྐུར་བ་བཏབ་པ་ནི། རྗེ་བདག་ཉིད་ཆེན་པོས་རྗེ་བཙུན་རེ་མདའ་བའི་བསྟོད་པར།

ལུང་ཙམ་སྐྱབས་སུ་གྱུར་བའི་སྐྱེ་བོ་འདིས། །རང་གི་ཁས་འཆེ་ཙམ་ལ་རིགས་པ་ཞེས། །
རྣམ་པར་ཞེན་ནས་ཐུབ་པའི་ལུགས་འཛིན་པ། མཐོང་བར་གྱུར་ཚེ་ལྷག་པར་ཁྱོད་ཉིད་དྲན། །

ཞེས་གསུངས་པ་ལྟར་ལུང་ཙམ་སྐྱབས་སུ་གྱུར་ནས་རང་གི་ཁས་ལེན་ཙམ་ལ་རིགས་པ་ཞེས་རྣམ་པར་ཞེན་ནས་ཐུབ་པའི་ལུགས་འཛིན་ཁུལ་བྱེད་པ་པོ་ནི་དེབ་སེར་དེ་འབྲི་མཁན་རྗེས་འབྲང་དང་བཅས་པ་ལ་ཐོག་ཏུ་བབས་འདུག་པས། ཕྱོགས་རེའི་མིག་དང་ལུང་གིས་གར་ཡང་སླེབས་པར་དཀའ་བས། ཚུལ་དེ་འདོར་ནས་ནམ་ཞག་གཏན་གྱི་མདུན་མ་མ་འཆོལ་པའི་ལམ་བཟང་འཕགས་པ་སྤྱན་རས་གཟིགས་ཀྱི་སྐྱབས་འོག་ཏུ་ཚུད་པར་བྱས་ན་ལེགས་པ་མིན་ནམ་ཞེས་ཀྱང་བྱའོ། །

ཡང་གནས་ཆུང་གི་སྐོར་༸རྒྱལ་དབང་དགེ་འདུན་རྒྱ་མཚོའི་སྐུ་ཚེ་སྨད་ཀྱི་རྣམ་ཐར་དགེ་སློང་དཀོན་མཆོག་སྐྱབས་ཀྱིས་མཛད་པའི་ནང་འདི་ལྟར་གསལ་ཏེ།

འོ་ན་ཆོས་རྒྱལ་ཆེན་པོ་འདི་ཡེ་ཤེས་པ་ཡིན་མིན་གྱི་དཔྱད་གཞི་སྣ་ཚོགས་འདུག་པས་ཇི་ལྟར་ལགས་ཞུས་ཚེ། བཀའ་སྩལ་པ། ཆོས་རྒྱལ་ཆེན་པོ་འདི་ཡེ་ཤེས་པ་ཡིན་བསམ་པ་ནི་ཡོད། རྡོ་རྗེ་སློབ་དཔོན་ཨོ་རྒྱན་པདྨ་འབྱུང་གནས་སངས་རྒྱས་དངོས་དེས་ཆོས་རྒྱལ་ཆེན་པོ་ལྟ་བུའི་དབང་པོ་རྣོན་པོའི་རྡོ་རྗེ་སློབ་མ་ཁྱད་པར་ཅན་དེ་གསང་སྔགས་ཀྱི་ཟབ་ཆོས་གྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་བཅུག་ཅིང་དབང་སྐུར་དམ་ལ་བཞག་ དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་གནས་པའི་སྲུང་མ་ཁྱད་པར་ཅན་འདི་ལྟ་བུ་ཡེ་ཤེས་པ་ཡིན་ནམ་བསམ། དེའི་རྒྱུ་མཚན། མ་སྒོམ་གྱུར་ཀྱང་ལྟུང་མེད་ན། སྐྱེ་བ་བཅུ་དྲུག་དག་ན་འགྲུབ། ཅེས་གསུངས་པ་འདི་སྙིགས་དུས་ཀྱི་ཚེ་ཐུང་བཅུ་དྲུག་ལ་དགོངས་པ་ཡིན་གསུངས།

ཞེས་གསུངས་པ་རྣམས་ལ་གཞིག་ན་གནས་ཆུང་དང་དོལ་རྒྱལ་གཉིས་འགྲན་པའི་སྐབས་ག་ལ་ཡོད།

གཞན་ཡང་གནས་ཆུང་ནི་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་ནང་ཆོས་སྲུང་ཚད་ལྡན་དུ་དང་། གཞན་ཚད་ལྡན་མང་པོས་ངེས་པ་དོན་ལ་རྒྱལ་བ་རིགས་ལྔའི་སྤྲུལ་པའི་རོལ་གར་ཡིན་པར་ཡང་གསུངས་ལ། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ཀྱང་དོལ་རྒྱལ་གྱི་བསྟོད་འགྲེལ་ལས་གནས་ཆུང་ནི་ངེས་པ་དོན་ལ་སངས་རྒྱས་ཡིན་ཐག་ཆོད་ཡིན་ལ་ཞེས་ཀྱང་གསུངས་ལ། སྔར་འཕགས་ཡུལ་ན་ཆོས་རྒྱལ་དཀོན་ཅོག་འབངས་དང་། བར་དུ་བོད་ཡུལ་ན་ཆོས་རྒྱལ་ཁྲི་སྲོང་དང་འབྲེལ་ཞིང་། དེ་ནས་༸རྒྱལ་དབང་དགེ་འདུན་རྒྱ་མཚོ་དང་ལྷག་པར་འབྲེལ་ཆེ་ལ། རྗེ་དགེ་འདུན་རྒྱ་མཚོ་ཞིང་གི་བཀོད་པ་བསྡུས་རྗེས་ཟངས་མདོག་དཔལ་རིར་ཕེབས་སྐབས་གུ་རུ་རིན་པོ་ཆེ་དང་ས་པཎ། དེབཞིན་རྗེ་ཙོང་ཁ་པ་སོགས་དང་མཇལ། དེ་དག་གི་སྐུ་མདུན་ན་སྲུང་མ་དམར་ནག་གཉིས་བཞུགས་པ་ལ་གུ་རུ་རིན་པོ་ཆེས།

ཁོང་གཉིས་གྲོགས་སུ་ཁྲིད་ལ། སླར་ཡང་བོད་ཡུལ་དུས་སོང་ཞིག ཅེས་གསུངས་ནས་སྲུང་མ་དེ་གཉིས་ཀྱང་གྲོགས་སུ་བརྫངས་སོ། །ཞེས་༸གོང་ས་ལྔ་པས་མཛད་པའི་༸རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ་ཞེས་པར་གསལ་ལ།

ལྷག་པར་༸རྒྱལ་བ་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་ནང་ཆོས་རྒྱལ་ཁྲི་སྲོང་གིས་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ཏེ་བསམ་ཡས་གཙུག་ལག་ཁང་བཞེངས་ཤིང་། དེའི་བསྟན་སྲུང་དུ་གནས་ཆུང་ཆོས་རྒྱལ་ཆེན་པོ་སློབ་དཔོན་རིན་པོ་ཆེས་བཀའ་སྐོ་གཉེར་གཏད་མཛད་པ་དང་། སྔར་རྒྱ་གར་དུ་བྷ་ཏ་ཧོར་གྱི་གཙུག་ལག་ཁང་གི་བཀའ་སྲུང་ཡིན་ཚུལ། དེ་ནས་བོད་དུ་གདན་དྲངས་ཚུལ་སོགས་གྱི་ལོ་རྒྱུས་ཡང་གསལ་ལ། ཚུལ་དེ་ལྟ་བུ་༸གོང་ས་སྐུ་ཕྲེང་བདུན་པའི་གསུང་འབུམ་པོད་ཇ་པར་ཡང་གསལ་བས་ཡིད་ཆེས་པའི་གནས་ཁོ་ནའོ། །

དེ་ཡང་༸གོང་ས་སྐུ་ཕྲེང་གསུམ་པ་༸རྒྱལ་བ་བསོད་ནམས་རྒྱ་མཚོས།

སྔོན་ཚེ་ཨོ་ཌི་ཡ་ནར་ཆོས་ཀྱི་རྒྱལ། །དཀོན་ཅོག་འབངས་ཀྱི་སྤྱན་སྔར་ཁས་བླངས་ཤིང་།

ཞེས་གསུངས་ཤིང་།

༸རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས།

སྔོན་ཚེ་ཨོ་ཌི་ཡ་ནའི་ཕོ་བྲང་དུ། །ཆོས་རྒྱལ་དཀོན་ཅོག་འབངས་ཀྱི་སྤྱན་སྔ་རུ། །
ཇི་ལྟར་ཁས་བླངས་དམ་བཅས་དྲན་དགོངས་ལ། །ལས་བཞིའི་འཕྲིན་ལས་སྒྲུབ་ལ་མ་གཡེལ་ཞིག

ཅེས་གསུངས་པ་ཡང་གོང་དང་མཐུན་ལ། ཆོས་རྒྱལ་དཀོན་ཅོག་འབངས་ནི་སྔར་རྒྱ་གར་གྱི་ཡུལ་དུ་ཡོངས་སུ་གྲགས་པའི་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སོ་དྲུག་གི་ནང་ནས་བདུན་པར་གྲགས་ལ།

ཡང་རྗེ་གླེ་ལུང་བཞད་རྡོར་གྱིས་སྔར་རྒྱ་གར་ན་གནས་ཆུང་ཆོས་རྒྱལ་ཆེན་པོ་དཔལ་གསང་བདག་ཕྱག་ན་རྡོ་རྗེས་དམ་ལ་བཞག་པ་གསུངས་པ་སྔར་དྲངས་པ་ལྟར་དང་། དེ་ནས་བོད་དུ་སྤྱན་དྲངས། གུ་རུ་རིན་པོ་ཆེས་དམ་ལ་བཞག བསམ་ཡས་གཏད་པ་སོགས་ཀྱང་སྔར་ལྟར་དང་། ཕྱིས་འཇམ་དབྱངས་ཆོས་རྗེའི་སྤྱན་སྔར་ཡང་འཇམ་མགོན་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་བསྟན་པ་བསྲུང་བར་ཁས་བླངས་པ་ཡང་ཡིན་ཏེ། ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས།

སྔོན་ཚེ་འཇམ་དབྱངས་ཆོས་རྗེའི་སྤྱན་སྔ་རུ། །འཇམ་མགོན་བསྟན་པ་བསྲུང་ཞིང་སྐྱོང་ངོ་ཞེས། །
རྡོ་རྗེ་གཡར་དམ་བཅས་པ་དྲན་དགོངས་ལ། །འཇམ་མགོན་བསྟན་པ་བསྲུང་བར་མ་གཡེལ་ཞིག །

ཅེས་གསུངས་པ་རྣམས་ཀྱིས་གནས་ཆུང་ནི་སྔར་ནས་རྩོད་མེད་ཡོངས་སུ་གྲགས་པའི་རྒྱལ་བསྟན་པ་སྤྱིའི་བཀའ་སྲུང་གཡར་དམ་ཤིན་ཏུ་བཙན་པ་ཡིན་པར་གྲུབ་ལ། ༸གོང་ས་ལྔ་པ་ཆེན་པོ་དང་། ༸རྒྱལ་དབང་སྐུ་ཕྲེང་བདུན་པ། དེ་བཞིན་༸གོང་ས་སྐུ་ཕྲེང་གཞན་རྣམས་ཀྱི་གསུང་དུའང་གནས་ཆུང་གི་སྐོར་མང་ལ། ཐམས་ཅད་ཀྱིས་གཅིག་ཏུ་གནས་ཆུང་བསྟན་སྲུང་དམ་ལྡན་དུ་ཞལ་གྱིས་བཞེས་ཀྱི་ཡོད་པས། གཞི་མེད་ཀྱི་སྐུར་འདེབས་ཀྱིས་རང་གིས་རང་ཕུང་ལ་མི་སྦྱོར་བར་སྐུལ་ལ། བསམ་ཤེས་ན་གོང་ཞུས་འདི་དག་གིས་གནས་ཆུང་ཆོས་སྐྱོང་ཆེན་པོ་ཆོས་སྲུང་དམ་ཅན་ཡིན་པ་ཤེས་པར་འགྱུར་ངེས། དེ་བཞིན་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ཀྱང་དགག་ཐུག་སར་གནས་ཆུང་གཏན་ནས་བསླུ་བ་མེད་པའི་བཀའ་སློབ་༸རྒྱལ་དབང་འདི་ལ་སྩལ་བ་ལ་བསམ་ན་ཡང་གནས་ཆུང་དང་དོལ་རྒྱལ་སྒོ་མཚུངས་སུ་འདྲེན་པའི་སྐབས་ཇི་ལྟར་ཡོད་ཅེས་ཀྱང་བྱའོ། །

ཡང་ཇོ་ནང་ཏཱ་ར་ནཱ་ཐའི་གསུང་ནང་གནས་ཆུང་གཅིག་ཏུ་ཚད་ལྡན་མིན་པར་མ་གསུངས་པར་དོགས་སློང་ཙམ་མཛད་ཀྱང་། དོལ་རྒྱལ་ཚོགས་པའི་དེབ་སེར་དེར་རྗེ་ཏཱ་ར་ནཱ་ཐའི་ལུང་དྲངས་ནས་དེ་འཐད་པའི་ཕྱོགས་སུ་བྱས་འདུག སྤྱིར་ན་སྐྱེས་བུ་དམ་པར་གྲགས་ཚད་ཀྱི་གསུང་ཐམས་ཅད་རང་ཅག་ལ་ཁས་ལེན་དགོས་པའི་འཁུར་མེད་ཀྱང་། གསུང་དེའི་ནང་།

ཇི་སྐད་དུ། ཀྱེ་མ་བསོད་ནམས་པའི་མིས། །ལྷ་སྐལ་ཆད་ནས་འབྱུང་པོ་སྒྲུབ། །ཅེས་དང་། བཀའ་གདམས་གླེགས་བམ་ལས། མཐུ་ཆེན་འདོད་པས་པེ་ཀར་སྒྲུབ། །གྲུབ་མ་ཐག་ཏུ་སྲོག་ཀྱང་བཅད། ཤི་ནས་ངན་སོང་འགྲིམ་པ་མཐོང་། ཅེས་གསུངས་པ་གོ་ཡི། མགོ་ཐོག་ཏུ་བབས་འདུག་གོ །

ཞེས་གསུངས་འདུག་པ་དེ་དོལ་རྒྱལ་རྗེས་འབྲང་པས་གནས་ཆུང་དགག་པར་འདོད་ནས་དྲངས་ཀྱང་། ཀྱེ་མ་བསོད་ནམས་ཟད་པའི་མིས། །བསོད་ནམས་ཟད་ནས་འབྱུང་པོ་སྒྲུབ། །ཅེས་གསུངས་པ་ལྟར་དེང་གི་དོལ་རྒྱལ་བསྟེན་མི་ཀུན་ནི་ཚུལ་དེ་ཁོ་ན་སྟེ་བསོད་ནམས་ཟད་ནས་འབྱུང་པོ་དོལ་རྒྱལ་སྒྲུབ་པས་ན། དེ་དག་ལ་གོང་གི་ལུང་དོན་ཐོག་ཏུ་བབས་འདུག་ཀྱང་། ཁ་ཕྱིར་ལྟས་ཀྱིས་ལུང་ཙམ་སྐྱབས་སུ་བཟུང་པའི་རྨོངས་གཉིད་ཀྱིས་བསྒྲིབས་ནས་གཞན་ལ་ལུང་དེ་ལྟར་དྲངས་པ་ནི་སྙིང་རྗེའི་གནས་ཁོ་ནའོ། །

གཞན་ཡང་བཀའ་གདམས་གླེགས་བམ་གྱི་ལེའུ་དགུ་པ་མཇུག་སྡུད་ཀྱི་ཚོམས་ལས།

མཐུ་ཆེན་འདོད་པས་པེ་ཀར་སྒྲུབ། །གྲུབ་མ་ཐག་ཏུ་སྲོག་ཀྱང་བཅད། །ཤི་ནས་ངན་སོང་འགྲིམ་པ་མཐོང་། །

ཞེས་གསུངས་པ་བདེན་མོད་གསུང་དེའི་གོང་དེ་མ་ཐག་ཏུ། སྐྱོབ་ངོས་ཤེས་པའི་དཀོན་མཆོག་བོར། །ཞེས་རང་རྒྱུད་ཀྱི་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་བཏང་ནས་འདི་སྣང་གི་གྲགས་པ་དང་། གཞན་ཕུང་བར་འདོད་པའི་བསམ་པ་ངན་པས་སྦྱོར་བ་མཐུ་སྒྲུབ་པའི་རྟེན་དུ་གནས་ཆུང་སོགས་འཇིག་རྟེན་དྲེགས་པར་སྐྱབས་བཅོལ་བས་ངན་སོང་འགྲིམ་པ་མཐོང་ཞེས་གསུངས་པར་གཞུང་གོང་འོག་སྒྲིགས་ནས་གོ་བ་ལེན་དགོས་ལ། གོ་ཤེས་ན། མཆོག་གསུམ་ཡོད་བཞིན་དུ་དོལ་རྒྱལ་ལ་སྐྱབས་སུ་སོང་ནས་ངན་སོང་འགྲིམ་པ་མཐོང་། ཞེས་དོན་བསྒྱུར་གྱི་གོ་བ་ལེན་རྒྱུ་འདུག་ཀྱང་ཕྱོགས་རེའི་མིག་གིས་བདེན་པ་མི་མཐོང་ཞེས་པའི་གཏམ་དེ་དེ་བཞིན་དུ་བྱུང་འདུག

འདིར་པེ་ཀར་ཞེས་འབྱུང་ལ། སྐབས་གཞན་དུ་པེ་ཧར་ཞེས་འབྱུང་བ་གཉིས་འབྲི་ཚུལ་མི་འདྲ་བའམ། མིང་གི་རྣམ་གྲངས་ཡིན་པ་ཡང་ཤེས་པར་བྱའོ། །

གཞན་ཡང་། ཤི་ནས་ངན་སོང་འགྲིམ་པ་མཐོང་། །ཞེས་པའི་བཀའ་གདམས་པའི་གསུང་དེ་ཉིད་ཀྱི་མཇུག་དེ་མ་ཐག་ཏུ།

གནས་ལུགས་སྟོན་པའི་བླ་མ་བོར། །བདེ་བ་འཕྲོག་པའི་གྲོགས་ངན་བསྟེན། །

རྒྱང་མིག་མི་མཐོང་ཧ་རེ་ལོང་། །

ཞེས་གསུངས་པ་དེ་མ་མཐོང་བའམ། མཐོང་ཡང་ཁྱད་དུ་བསད་པ་ཁོ་ནར་ཟད་པས། འཇིག་རྟེན་འདི་ན་དེང་གི་དོལ་རྒྱལ་རྗེས་འབྲང་པ་ལས་ཐུ་བ་སུ་ཞིག་ཀྱང་མེད་དེ། ཅིའི་ཕྱིར་ཞེ་ན། དེ་དག་ཀུན་རང་གི་དངོས་བརྒྱུད་ཀྱི་བླ་མ་ཀུན་དོན་ལ་སྤངས་ནས་ངན་སོང་གི་སྐྱེ་སྒོའི་སར་འགྲོ་གྲབས་བྱས་ནས་ཡོད་པའི་ཕྱིར།

འོན་ཀྱང་གནས་ཆུང་ཆོས་རྒྱལ་ཆེན་པོ་བསྟེན་པས་ངན་སོང་འགྲིམ་པ་མཐོང་གསུངས་པ་ཙམ་གྱིས་དེ་ཆོས་སྲུང་ཚད་ལྡན་དུ་མི་རུང་སྙམ་པ་ཡང་མི་བྱ་སྟེ། ཆོས་སྲུང་འདི་ལྟ་བུ་ནི་ཆོས་གཤའ་མའི་གྲོགས་སུ་བསྔགས་ཀྱི། འདི་སྣང་གི་དགྲ་འདུལ་གཉེན་སྐྱོང་གི་ཕྱིར་གནས་ཆུང་ལྟ་ཅི། ཡི་དམ་དངོས་ཡིན་པ་རྒྱུད་ལས་དངོས་སུ་གསུངས་ཤིང་སྨྱོན་དུ་མེད་པ་རྣམས་ཀྱང་རང་རེས་བསྟེན་ཚུལ་ལོག་ནས་གསང་སྔགས་འཆལ་ཆོས་སུ་སོང་ན། དེའི་འབྲས་བུར་ངན་སོང་ཁོ་ནར་མྱོང་བར་ངེས་པས། དེས་ཡི་དམ་དེ་དག་སངས་རྒྱས་དངོས་མིན་པ་མི་འགྲུབ་པ་བཞིན་ནོ། །

དེས་ན་བཀའ་གདམས་གླེགས་བམ་གྱི་ལེ་ཚན་བརྒྱད་པ་འཕོ་བའི་ཚོམས་ལས།

གཞན་ཡང་སྣམ་སྣང་ལ་སོགས་པ། ལྷ་ཡི་ཚོགས་རབ་དུ་མ་མཐོང་། །
མ་ཤེས་ན་ནི་སྡུག་བསྔལ་བསྐྱེད། །ཤེས་ན་དངོས་གྲུབ་ཆེན་པོ་ཉིད། །

ཅེས་གསུངས་པའི་དགོངས་པ་ཁོ་བོས་གོང་དུ་བཤད་པ་དང་མཐུན་པར་འདུག་པས། གཞུང་གི་གོ་བ་རྣལ་མ་མེད་པར་ཚིག་སྣ་རེས་རང་གི་འདོད་ཕྱོགས་འགྲུབ་པའི་ངལ་བ་བྱས་པས་ཅིར་ཡང་མི་སླེབས་པ་ཤེས་པར་གྱིས་ཤིག

གཞན་ཡང་རྗེ་ཀརྨ་མི་བསྐྱོད་རྡོ་རྗེའི་གསུང་དྲངས་ནས་གནས་ཆུང་ལ་རྒྱུད་ཀྱི་ཁུངས་མེད་པར་འགྲུབ་ཁུལ་བྱས་འདུག་པས། ཕུགས་སུ་དོལ་རྒྱལ་ལ་རྒྱུད་ཀྱི་ཁུངས་མེད་ན་ཚད་ལྡན་མིན་པས་མ་ཁྱབ་པར་བསྒྲུབ་འདོད་པར་ཤིན་ཏུ་གསལ་ཏེ། གནས་ཆུང་ལ་རྒྱུད་ཀྱི་ཁུངས་མེད་ཀྱང་ཁྱེད་ཅག་གིས་ཚད་མར་འདོད་པ་དང་མཚུངས་པའི་ཕྱིར་ཞེས་སྒོ་མཚུངས་འཕེན་འདོད་པར་མངོན་ལ། འོན་ཀྱང་ཁོ་བོ་ཅག་ནི་སྐལ་བཟང་རྒྱ་མཚོས་དོལ་རྒྱལ་ཡི་དམ་དུ་འདོད་པ་ལྟར་རམ། ཡང་ན་དོལ་རྒྱལ་ཚོགས་པའི་དྲ་རྒྱར་དོལ་རྒྱལ་ཆོས་སྲུང་མགོན་ཆོས་སོགས་དང་འདྲ་བར་ཆོས་སྲུང་ཡེ་ཤེས་སྤྱན་ལྡན་དུ་འདོད་པ་དང་མཚུངས་པར་གནས་ཆུང་དེ་ལྟར་དུ་སྒྲུབ་པའི་ངལ་བ་འབྲས་མེད་ལ་མི་འཇུག་ཅིང་། འོན་ཀྱང་གནས་ཆུང་འཇིག་རྟེན་དྲེགས་པའི་རྣམ་པར་ཤར་བ་དེ་དྲེགས་པའི་གནས་བབ་དང་འཚམ་པར་བསྟེན་པ་ལ་འགལ་བ་མེད་ཅེས་ཀྱང་བྱ་ལ། ཁྱེད་ཅག་གིས་ནི་དོལ་རྒྱལ་རང་གི་གནས་བབ་ལས་བརྒལ་ནས་མཆོག་གསུམ་ཀུན་འདུས་སུ་འདོད་བཞིན་འདུག་པས། དེས་ན་དོལ་རྒྱལ་སྟེན་པ་དང་གནས་ཆུང་སྟེན་པ་ལ་ཁྱད་པར་མེད་པ་ལྟ་བུར་རློམ་སྟེ་བརྒལ་བརྟག་ཇི་ཙམ་བྱས་ཀྱང་འབྲས་བུ་མེད་པ་ཁོ་ན་ལས་གཞན་དགོས་པ་ཅི་ཞིག་ཡོད།

འོན་ཀྱང་དེང་གི་དོལ་རྒྱལ་རྗེས་འབྲང་པ་རྣམས་ནི་གནས་ཆུང་ལ་ཤིན་ཏུ་ནས་སྡང་ལ། དོལ་རྒྱལ་ནི་གཅིག་ཏུ་ཚད་མར་བྱེད་ཅིང་། དོལ་རྒྱལ་ཚད་མར་འདོད་པའི་ཁུངས་༸སྐྱབས་རྗེ་ཕ་བོང་ཁ་སོགས་ཐམས་ཅད་ཀྱི་གསུང་ནང་དོལ་རྒྱལ་གནས་ཆུང་གིས་བསྐུལ་ནས་དྲེགས་པར་སྐྱེས་པ་གསུངས་པའི་ལོ་རྒྱུས་བདེན་པ་ཡིན་ཞེས་སྨྲ་བཞིན་དུ་དེབ་སེར་དེར། བློན་པོ་བཀའི་ཐང་ཡིག་ལས། པེ་ཧར་རྒྱལ་པོས་འགོ་བྱས་རྒྱལ་པོའི་ཚོགས། ཞེས་པའི་ཚིག་དེ་ལུང་དུ་དྲངས་ནས། སྤྱིར་གསུང་དེར་རྒྱལ་པོའི་ཚོགས་ཞེས་པ་ཙམ་ལས་རྒྱལ་འགོང་ཞེས་མ་བྱུང་ཡང་། དེ་དག་གི་དེབ་སེར་དེར་གནས་ཆུང་རྒྱལ་འགོང་ཡིན་པར་གསུངས་པའི་ཁུངས་སུ་དེ་དྲངས་ཏེ་འཁྱོག་བཤད་བྱས་འདུག་ཀྱང་། ཐང་ཡིག་ལས་གནས་ཆུང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དམ་ལ་བཞག་ནས་བསམ་ཡས་ཀྱི་བཀའ་སྲུང་ངུ་བསྐོས་པར་གསུངས་པ་རྣམས་ཡལ་བར་དོར་ནས་འཐད་ཕྱོགས་སུ་རློམ་པའི་ཚིག་ཕྱོགས་རེ་བ་དྲངས་པ་ནི། རྒྱ་གུང་བྲན་གྱི་ཆབ་སྲིད་ཀྱི་དྲིལ་བསྒྲགས་དང་ཅིའི་ཕྱིར་མི་མཚུངས་ཏེ་རྣམ་པ་ཀུན་ཏུ་མཚུངས་སོ། །

གཞན་ཡང་ཁྱེད་ཅག་གིས་དོལ་རྒྱལ་ལ་ཚད་ལྡན་གྱི་རྒྱུད་ཀྱི་ཁུངས་འབྲུ་གཅིག་ཀྱང་མེད་པར་ཡི་དམ་མམ། ཆོས་སྲུང་ཡེ་ཤེས་སྤྱན་ལྡན་ཡིན་ཞེས་ནན་གྱིས་བསྒྲགས་པ་ནི་རང་གི་འཁྱོག་པོའི་ངང་ཚུལ་ཕྱི་ལ་ངོམས་འཆར་བྱས་པ་ལས་འབྲས་བུ་གཞན་གང་ཡང་མ་མཆིས་སོ་ཞེས་ཀྱང་བྱའོ། །

འོ་ན་རྙིང་མའི་རིན་ཆེན་སྣ་བདུན་གྱི་ཁུངས་ས་ཆེན་ཀུན་བློའི་གསུང་དུ་ཐོན་པ་ཇི་ལྟར་འགྲེལ་ཞེ་ན། དེ་ནི་རྙིང་མ་པར་གྲགས་པའི་རྒྱལ་བའི་བཀའ་འགྱུར་ནང་བཞུགས་ཀྱི་རྒྱུད་དང་། རྙིང་མའི་རྒྱུད་འབུམ། རྫོགས་ཆེན་རྒྱུད་བཅུ་བདུན་སོགས་གང་ན་ཡང་མེད་པས། རྙིང་མའི་རྒྱུད་ཀྱི་ཁོངས་སུ་འགྲོ་སྟངས་མེད་པ་དང་། རྙིང་མའི་སྐྱེས་ཆེན་སུས་ཀྱང་རྒྱུད་རིན་ཆེན་སྣ་བདུན་ཞེས་པ་དེ་ཞལ་གྱིས་མི་བཞེད་ཁར། དེ་ནས་བྱུང་བར་གྲགས་ཀྱང་དོལ་རྒྱལ་ནི་དེ་དག་ཀུན་གྱིས་འདྲེར་ལྟ་བཞིན་ཡོད་པས། དེ་ལྟ་བུའི་རྒྱུད་དེ་ཚད་ལྡན་ཡིན་པ་ཡིད་ཆེས་པ་ཡང་དཀའ་ལ། ལར་ནས་དོལ་རྒྱལ་ནི་རྙིང་མ་པར་ཤིན་ཏུ་ནས་སྡང་བ་ལ་ཁོ་ཚད་མར་སྒྲུབ་པར་རྙིང་མའི་རྒྱུད་ལ་ཁུངས་བཅོལ་བ་ནི་བཞད་གད་ཀྱི་གནས་ཁོ་ན་ཡིན་ལ། ཕྱོགས་གཅིག་ནས་དགེ་ལྡན་ལྟ་གྲུབ་གཙང་མར་བསྙད་དེ་རྙིང་མའི་ཆོས་ལ་བསྐུར་བ་བཏབ་པ་དང་། ཡང་དགེ་ལུགས་པ་ཞིག་གིས་རྙིང་ཆོས་བྱས་ན་དོལ་རྒྱལ་གྱིས་ཚར་གཅོད་ཀྱི་ཡོད་པའི་ཚུལ་གྱིས་གཞན་མང་དག་ལ་བསྡིགས་པ་དང་། གཞན་དུ་དོལ་རྒྱལ་ཚད་མར་སྒྲུབ་འདོད་ནས་རྙིང་མའི་རྒྱུད་ཡིན་ཁུལ་ལ་བསྙད་དེ་དེའི་ལུང་དྲངས་ནས་བསྒྲུབས་པ་གཉིས་ནང་འགལ་གྱི་འཁུར་ཆེན་པོའོ་ཞེས་ཀྱང་བྱའོ། །

ཁོ་བོས་ལི་ཐང་པར་མར་གཞི་བཅོལ་ཏེ་རྒྱལ་བའི་བཀའ་འགྱུར་དེང་རབས་དང་མཐུན་པར་གློག་ཀླད་ནང་ཕབ་པ་དེ་གཞིར་གཟུང་དེའི་ནང་རྒྱུད་རིན་ཆེན་སྣ་བདུན་ཞེས་པ་དེ་དང་། དེའི་བརྗོད་དོན་གྱི་ཚིགས་བཅད། དོལ་རྒྱལ་དོལ་རྒྱལ་ཞེས་བྱ་བ། ཐར་ལམ་ལོག་པ་མ་ཡིན་ཏེ། ངོ་བོ་ཐུགས་རྗེ་ཆེན་པོའོ། །ཞེས་སོགས་རྣམས་དེང་གི་གློག་ཀླད་ཀྱི་ཐབས་ལ་བརྟེན་ནས་བཙལ་བ་ན་ཟུར་གཅིག་ཀྱང་མ་རྙེད་པས། དེས་ན་དེ་དག་ཡོད་ན་སྣང་དུ་རུང་བ་ལས་མི་སྣང་བའི་ཕྱིར་རྒྱལ་བའི་བཀའ་འགྱུར་ནང་མེད་པར་ཐག་བཅད་ན་རིགས་ཏེ། གཞན་དུ་ན་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་མཚན་གཞི་གཅིག་ཀྱང་འཇོག་པར་མི་ནུས་པའི་ཕྱིར། འོ་ན་ས་ཆེན་ཀུན་བློའི་གསུང་དུ་བྱུང་བ་ཇི་ལྟར་ཡིན་ཞེ་ན། དེ་ནི་དོལ་རྒྱལ་ཁོག་ཞུགས་སྐབས་རང་གི་ཆེ་བ་འདོན་འདོད་ནས་དེ་ལྟར་སྨྲས་པ་ལ་མ་བརྟག་པར་ཡིད་ཆེས་ནས་བཀོད་པའམ། གཞན་བྱེད་པ་མང་བ་ཞིག་གིས་དོལ་རྒྱལ་ལ་དད་དེ་བསྣན་པ་གཉིས་གང་རུང་ལས་མ་འདས། སྤྱིར་ན་དོལ་རྒྱལ་སྟེན་མཁན་ཆེན་པོ་བ་རྣམས་ཀྱི་ནང་ནས་གཅིག་གིས་ཀྱང་དཔྱད་པ་ནར་མར་གྱིས་དོལ་རྒྱལ་བརྟག་ཐུབ་པར་ཡིད་ཆེས་པའི་སྐོར་གྱི་ལོ་རྒྱུས་གང་དུ་ཡང་མཐོང་རྒྱུ་མེད་པས། མ་བརྟག་མ་དཔྱད་པར་སྨྲས་པའི་མཁས་གྲུབ་ཀྱི་གསུང་ཐམས་ཅད་སྒྲ་ཇི་བཞིན་དུ་བཟུང་ན་གོལ་སར་ལྷུང་བའི་དགག་བྱ་ཆེ་བས། དེས་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་དཔྱད་དེ་འཇུག་པ་ནི་གནད་ཀྱི་དམ་པ་ཡིན་ནོ། །རྗེ་བདག་ཉིད་ཆེན་པོས་ལེགས་བཤད་གསེར་ཕྲེང་དུ་རྒྱ་གར་མཁས་པ་སྔ་མ་ཁ་ཅིག་གི་བཞེད་པ་རིགས་པས་བཀག་རྗེས་དེ་དག་ནི་པཎྡིཏ་མཉམ་པར་མ་བཞག་པའི་ཚིག་ཡིན་ལ་ཞེས་གསུངས་པ་དང་མཐུན་པར་འདིར་ཡང་ས་ཆེན་ཀུན་བློའི་རྣམ་ཐར་གྱི་ཚིག་དེ་གྲུབ་ཐོབ་མཉམ་པར་མ་བཞག་པའི་ཚིག་ཡིན་ལ་ཞེས་ཀྱང་བྱའོ། །

དེ་ཡང་སྔར་གྱི་སྐྱེས་བུ་དམ་པ་དེ་དག་གིས་དོལ་རྒྱལ་གྱི་སྐོར་ནོར་འཁྲུལ་ཤོར་བར་བསྙད་དེ་དེ་དག་ལ་སྨོད་པར་ཡང་མི་བྱ་སྟེ། སྐྱེས་བུ་དམ་པར་སྨོད་པའི་ལས་ངན་གྱིས་ངན་འགྲོ་མུ་མཐའ་མེད་པར་ལྟུང་བར་འགྱུར་བར་མདོ་རྒྱུད་དུ་མ་ནས་བྱུང་བས་ཀུན་གྱིས་གཟབ་པར་བྱ་ལ། དེ་ཙམ་དུ་མ་ཟད་དོལ་རྒྱལ་ལ་ཡང་སྡང་བར་མི་བྱ་སྟེ། ཁོང་ཁྲོ་ནི་རང་བཞིན་གྱི་སྡིག་པའི་ལས་ཏེ། རང་གི་སྔར་བསགས་ཀྱི་དགེ་བ་བཅོམ་པ་ལ་མཐུ་དེ་བས་ཆེ་བ་མེད་པས། རང་གཞན་ཕུང་ལ་སྦྱོར་བའི་བསམ་སྦྱོར་སྤོང་ལ་སྙིང་རྗེའི་བསམ་པ་ཅི་སྐྱེས་ལ་འབད་པར་བྱའོ། །

གཞན་ཡང་ཁྱེད་ཅག་ལ་དོལ་རྒྱལ་གྱི་དག་སྣང་ཉེ་བརྒྱུད་དུ་གྲགས་པ་དེ་སྟག་ཕུའི་དག་སྣང་གི་ཆོས་སྐོར་དང་གསང་རྣམ་སོགས་གསུང་གང་དུའང་མི་སྣང་ལ། གནས་ཆུང་གི་སྐོར་དག་སྣང་གི་རྣམ་ཐར་དེར་སྣང་བ་ལ་གཞིག་ན། ངེས་པ་དོན་ལ་སྟག་ཕུ་རྡོ་རྗེ་འཆང་གི་དགོངས་པ་ཡང་ཤེས་པར་འགྱུར་ངེས།

གཞན་ཡང་དོལ་རྒྱལ་ནི་ཐོག་མར་དྲེགས་པར་སྐྱེ་ཚུལ་གླེང་གཞི་ཅན། དེར་སྐྱེས་ནས་བཟུང་དུས་ད་ལྟ་བར་གླེང་གཞི་ཅན་ཁོ་ནར་གནས་ཤིང་ས་དགེ་བཀའ་རྙིང་གི་དམ་པ་མང་པོས་དགག་བྱ་བྱ་ཡུལ་དུ་གྱུར་བ་དེ་དང་གནས་ཆུང་ཆོས་རྒྱལ་ཆེན་པོ་གཉིས་ལ་གནམ་སའི་ཁྱད་པར་ཡོད་པ་དཔྱད་ན་ཤེས་པར་མི་དཀའོ། །

ཡང་དོལ་རྒྱལ་གནས་ཆུང་གིས་བསྐུལ་ནས་དྲེགས་པར་བཞེངས་པ་དང་། གནས་ཆུང་གིས་༸གོང་ས་ལྔ་པ་ཆེན་པོར་འདི་ནི་སུས་ཀྱང་མི་ཐུབ་པའི་མཐུ་ལྡན་ཞིག་ཡིན་པ་སྟེ་ཞེས་དོལ་རྒྱལ་ལ་རྡོ་རྗེ་ཤུགས་ལྡན་ཞེས་པའི་མཚན་གསོལ་བའི་ལོ་རྒྱུས་ཚད་མར་སྨྲ་བཞིན་བ་དང་གནས་ཆུང་ལ་སྡང་སེམས་ཀྱིས་ཅ་ཅོ་སྒྲོག་པ་གཉིས་ནང་འགལ་དུ་མ་མཐོང་བ་ཁྱད་མཚར། ལོ་རྒྱུས་དེ་དག་ནི་དོལ་རྒྱལ་གྱི་བསྟོད་འགྲེལ་དང་། སྲོག་གཏད་ཀྱི་སྔོན་འགྲོོའི་ཁ་སྐོང་སོགས་སུ་ཡོད་པས་ཁྱེད་རྣམ་པས་འདོར་དུ་རུང་ངམ།

ཡང་བཀྲས་ལྷུན་ལ་རྒྱལ་པོ་ཉི་ཟེར་ར། དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་བསེ་ཁྲབ། སེ་ར་ཐེག་ཆེག་ཆེན་གླིང་དུ་བྱ་ཁྲི་མིག་གཅིག་པ། སེར་སྨད་དུ་ཐ་འོག་ཆོས་རྒྱལ། འབྲས་སྤུངས་སུ་གནས་ཆུང་ཆོས་རྒྱལ་སོགས་དགོན་སྡེ་དེ་དག་གི་སྒེར་སྲུང་དུ་ཡོད་ཀྱང་། དྲེགས་པ་དེ་དག་དགོན་སྡེ་སོ་སོའི་སྒེར་སྲུང་གི་ཚུལ་དུ་དྲེགས་པ་དྲེགས་པའི་གནས་བབ་དང་བསྟུན་ཏེ་སྟེན་པ་ལས། ཁྱེད་དོལ་རྒྱལ་རྗེས་འབྲང་པ་ལྟར་དྲེགས་པ་དེ་དག་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཐུན་མོང་མིན་པ་ཡིན་ཞེས་སྒྲོག་སྟེ་སྟེན་ཚུལ་མགོ་འབུལ་ལུས་འབུལ་ཞུས་ཏེ་མིན་པ་ནི་ཁྱད་པར་ཡིན་ཡང་། དེ་མ་ཤེས་པར་སྒྲོ་སྐུར་གྱི་བྱིས་པའི་ཅོ་ཅོ་སྒྲོག་པ་ནི་ཕྱོགས་སྔའི་ནམ་མ་ལངས་པར་དགག་པའི་ཉི་མ་ཤར་དང་ཅིའི་ཕྱིར་མི་མཚུངས། ལར་ནས་དེ་དག་ཀུན་ནི་དོལ་རྒྱལ་ལྟར་༸གོང་ས་ལྔ་པས་སྦྱིན་སྲེག་མཛད་པ་དང་། ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་དགའ་ལྡན་ནས་ཕྱིར་འབུད་མཛད་པ་ལྟ་བུ་མིན་པར་དགེ་ལྡན་པའི་ཁྲོད་རྩོད་མེད་དུ་གནས་ཀྱང་། དེ་དག་དགེ་ལྡན་ཐུན་མོང་མིན་པའི་ཆོས་སྲུང་ཡིན་ཞེས་ནན་གྱིས་སྒྲུབ་མཁན་ཚད་ལྡན་སུ་ཡང་མེད་ཅིང་། དེ་དག་གིས་ཀྱང་རང་གི་གནས་བབ་དང་འཚམ་པར་དགོན་སྡེ་དེ་དག་གི་སྒེར་སྲུང་གི་མཚན་གནས་དེ་ལས་སྤྲོས་ཏེ་འཇམ་མགོན་རྒྱལ་བའི་བཀའ་སྲུང་ཡིན་མདོག་མདོག་གི་བསླུ་འབྲིད་མཛད་པའང་མེད་པས། ལེགས་པར་སོམས་དང་། དོལ་རྒྱལ་དང་དེ་དག་གི་ཁྱད་པར་ཆེན་པོ་ཡོད་པ་དེ་ཤེས་པར་མི་དཀའོ། །

   ཡང་༸རྒྱལ་དབང་ཐམས་ཅད་མཁྱེན་པར་ཡང་སྤྱན་རང་གཟིགས་དངོས་ཡིན་ན་ལྷ་ལ་འདྲི་མི་དགོས་ཅེས་སྐུར་བ་བཏབ་པ་ལ། འོ་ན་༸སྐྱབས་རྗེ་ཕ་བོང་ཁ་དང་། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ། དེ་བཞིན་ད་ལྟའི་ཁྲི་བྱང་མཆོག་སྤྲུལ་སོགས་ཀུན་གྱིས་དོལ་རྒྱལ་ཁོག་ཏུ་བརླམས་སྐབས་ལུང་གསན་པ་དང་དོགས་འདྲི་སོགས་གཏན་ནས་མ་མཛད་ཅེས་ཟེར་རྒྱུ་ཡིན་ནམ། ཡང་ན་བླ་མ་དེ་དག་སངས་རྒྱས་དངོས་མིན་ཞེས་སྔར་ཁས་བླངས་པ་དེ་སྐྱུར་རྒྱུ་རྒྱུ་ཡིན་ནམ། དེས་ན་དེ་ལྟ་བུའི་གཞི་མེད་ཀྱི་སྒྲོ་སྐུར་ནི་སངས་རྒྱས་ལ་ཐ་མལ་བའི་ཚུལ་བཟུང་རྒྱུ་ཡོད་ཕྱིན་མི་མཁྱེན་པའི་ཚུལ་བཟུང་སྟེ་མཛད་པ་ཐ་མལ་པ་ལྟར་མཛད་དགོས་པའི་གནད་དེ་མ་གོ་བར་ཟད་པས། དེ་དག་ལ་ནན་གྱིས་འགྲེལ་བརྗོད་བྱེད་པ་ལ་ཡང་དགོས་པ་ལྷག་པ་གཞན་ཡང་མ་མཐོང་བས་རེ་ཞིག་འདི་ཙམ་གྱིས་ལན་འཐུས་པར་བྱ།

ཡང་སྤྱན་རས་གཟིགས་ཡིན་ན་མོ་བརྒྱབ་སྟེ་ཐག་གཅོད་བྱེད་དགོས་དོན་ཅི་ཡིན་ཞེས་པར། ཁྱེད་ཅག་གིས་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དང་། ༸སྐྱབས་རྗེ་ཕ་བོང་ཁ་གཉི་ག་སངས་རྒྱས་དངོས་སུ་ཁས་ལེན་བཞིན་ཡོད་འདུག་ན། འོ་ན་དེ་སྔ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་མི་ཤིས་པ་མང་དག་བྱུང་བས་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་བཀའ་འདྲི་ཞུས་པའི་བཀའ་ལན་ཕྱག་མོ་བརྒྱབ་ནས་སྩལ་བ་དེ་ཡང་མི་འཐད་པར་ཐལ་བ་དང་། དེ་བཞིན་དེ་ལྟར་སྨྲས་པ་ནི་༸སྐྱབས་རྗེ་རིན་པོ་ཆེ་གཙོ་བོར་གྱུར་བའི་བླ་ཆེན་ཀུན་ནས་ཤིན་ལྐོག་གི་དོན་རྣམས་མི་མཁྱེན་པའི་ཚུལ་གྱིས་མཆོག་གསུམ་གྱི་སྤྱན་སྔར་ཐུགས་སྨོན་དང་འབྲེལ་བརྟག་པ་མཛད་པ་ལ་དེ་མི་རུང་ཞེས་སྐྱེས་ཆེན་དམ་པ་དེ་དག་ལ་སྐུར་བ་དོན་གྱིས་བཏབ་པ་མིན་ནམ། འགལ་བའི་ཕུང་པོ་ཁས་བླངས་ནས་ངན་སོང་འགྲིམ་པའི་གྲབས་མ་བྱས་ན་མི་ལེགས་སམ།

དྷ་སའི་འགོང་བུ་ཞེས་༸སྐྱབས་མགོན་རྒྱལ་བའི་དབང་པོར་བཀའ་ལུང་ཕུལ་མཁན་དེ་གནས་ཆུང་ངོ་མ་མིན་པར་སྨྲས་པ་ལ་འདི་ལྟར་བྱ་སྟེ། དེ་དུས་༸སྐྱབས་རྗེ་རིན་པོ་ཆེ་རྣམ་པ་གཉིས་ཀ་གསེར་ཞལ་འཚོ་བཞུགས་ཡིན་པས་གནས་ཆུང་ཁོག་ཞུགས་ཀྱིས་བཀའ་ལུང་སྙན་གསན་འབུལ་མཁན་དེ་འགོང་པོ་གཞན་ཞིག་ཡིན་ན་གནས་ཆུང་སྤྱན་འདྲེན་གྱི་སྐབས་མང་པོར་ཡོངས་འཛིན་རྣམ་པ་གཉིས་ཀ་ཞབས་སོར་འཁོད་ཡོད་པས། གནས་ཆུང་ངོ་མ་མིན་པ་ཞིག་རྒྱུན་མར་སྐུ་ཕེབས་བཞིན་ཡོད་ན་དེ་དུས་༸རྒྱལ་དབང་འདིར་དེར་ཡིད་ཆེས་པར་དཀའ་བའི་བཀའ་སློབ་སོགས་གནང་དགོས་པ་ལ། དེ་ལྟར་ཡོངས་འཛིན་རྣམ་པ་གཉིས་ཀས་མ་གསུངས་པ་འདིས་ཀྱང་སྐུ་རྟེན་དེར་ཞུགས་མཁན་དེ་གནས་ཆུང་ངོ་མ་ཡིན་པ་ཡང་ཤེས་པར་འགྱུར་ལ། ལར་ནས་༸སྐྱབས་མགོན་༸རྒྱལ་བའི་དབང་པོས་ནི་གནས་ཆུང་གི་གསུང་ཙམ་ལ་གཞིགས་ནས་དོལ་རྒྱལ་བཀག་པ་མིན་པས། གནས་ཚུལ་ཡོངས་རྫོགས་ལ་མ་དཔྱད་པར་རྒྱ་གུང་བྲན་གྱི་དྲིལ་བསྒྲགས་དང་སྐྱོན་བརྗོད་ལྟར་བྱས་པ་ནི་ཁྱེད་ཅག་གི་སློབ་སྟོན་པའི་ངང་ཚུལ་ཁོག་ལ་ཞུགས་པའམ་གུང་བྲན་གྱིས་རྒྱུད་བརླམས་པ་ཅིའི་ཕྱིར་མིན་ཏེ་ཡིན་པ་ཁོ་ནར་ངེས་སོ། །

   ཡང་གནས་ཆུང་དང་ཆོས་སྲུང་གཞན་རྣམས་ཀྱིས་བཀའ་ཆད་ཕོག་རྒྱུ་ཡོད་པ་དངོས་འབྲེལ་ཡིན་རུང་། དེ་དོལ་རྒྱལ་གྱི་གནོད་ཚུལ་དང་སྒོ་མཚུངས་སུ་སྦྱར་ཏེ་སྤྱིར་ན་དེ་ཙམ་གྱིས་དོལ་རྒྱལ་ཚད་མ་མིན་པར་སྨྲ་མཁན་མེད་ཀྱང་ལན་འདེབས་འཁྱོག་པོའི་བགྲོད་འདིས་གར་ཡང་མི་བསླེབ་སྟེ། གནས་ཆུང་སོགས་ཀྱི་བཀའ་ཆད་ནི་ཆོས་ཀྱི་ཚུལ་དམ་པ་དང་མི་མཐུན་པ་དང་། ཁྱད་པར་རྒྱལ་བའི་བསྟན་པར་གནོད་བྱེད་སོགས་ལ་སྐབས་བབ་དང་མཐུན་པར་བྱུང་བ་ལ་ནི་སྤྱིར་རང་ཅག་སུས་ཀྱང་དེར་སྐྱོན་དུ་ལྟ་མཁན་མེད་ལ། དོལ་རྒྱལ་ནི་དགེ་ལྡན་པའི་ཆོས་སྲུང་ཡིན་པར་ཁས་འཆེ་ལ། དགེ་ལྡན་ལྟ་གྲུབ་གཙང་མ་སྤེལ་པའི་གཡར་དམ་ལ་བསྙད་དེ་དགེ་ལྡན་པའི་བླ་མ་དམ་པ་མང་དག་ལ་མཐོ་འཚམ་པའི་ལོ་རྒྱུས་ཅན། དེ་ཡང་བཀའ་རྙིང་གི་ཆོས་ལ་འཇུག་པ་དགག་བྱའི་གཙོ་བོར་རྩི་མཁན་ཞིག་ཡིན་པས། ངེས་པ་དོན་ལ་དགེ་ལྡན་པར་ཁས་འཆེ་ཞིང་རང་གི་བླ་མ་དང་དམ་ཚིག་ལོག་པའི་དམ་ཉམས་རྣམས་དང་། དེ་བཞིན་གྲྭ་ལོག་དང་། རྒྱལ་ཚོང་བ་རྣམས་དོལ་རྒྱལ་རང་ཉིད་ཀྱི་འཁོར་དུ་འདུ་སྟེ་དེ་དག་ལ་བཀའ་ཆད་ཀྱི་སྒྲ་ཙམ་ཡང་མེད་པར་གྲོགས་བྱེད་གང་ཐུབ་ཀྱི་ངང་ཚུལ་ལ་བསམ་ན་ཁོ་འདྲེ་ཡིན་པ་ལ་ཅིའི་ཕྱིར་ངེས་པ་མི་སྟེར།

   འོ་ན་ཁྱེད་ཅག་གིས་དེ་ལྟར་ན་ངེད་ཚོར་ཡང་གནས་ཆུང་གི་བཀའ་ཆད་ཅིའི་ཕྱིར་མི་ཡོང་ཞེ་ན། ༸སྐྱབས་རྗེ་ཕ་བོང་ཁའི་ཡང་སྲིད་ཀྱི་མཛད་པ་དང་། དེ་བཞིན་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་ཀྱི་མཛད་པར་ལྟོས་དང་། སྔར་ལས་དར་བ་འདུག་གམ།

   གཞན་ཡང་བར་སྐབས་གྱི་དོལ་རྒྱལ་བསྟེན་མཁན་གྱི་བླ་མ་དགེ་བཤེས་མང་དག་དགོངས་པ་རྫོགས་སྟངས་ལ་ལྟོས་ཤིག ཁོ་བོར་མང་དག་ཤོོད་རྒྱུ་ཡོད་ཀྱང་རེ་ཞིག་འདི་ཙམ་དང་། ཡང་ད་ལྟ་གསོན་བཞིན་པའི་ཁྱེད་དོལ་རྒྱལ་རྗེས་འབྲང་དམ་ཉམས་པས་ཀྱང་ཆེས་དམ་ཉམས་པ་རྣམས་ཀྱི་སྡིག་ཁམ་པོ་ཆེ་ནི་གནས་ཆུང་གི་བཀའ་ཆད་ཙམ་གྱིས་དག་ཐབས་མེད་པས། དམྱལ་བའི་ཁྲོ་ཆུས་གདུང་བར་འགྱུར་ངེས་ལ་གཟིགས་ཏེ་རེ་ཞིག་བདེ་བའི་དབུགས་འབྱིན་པ་ཡིན་པས། ཤེས་ལྡན་ཞིག་ཡིན་ན་བཤགས་བསྡོམ་གྱིས་སྟོན་པ་མཉམ་མེད་ཀྱི་ཆོས་ཀྱི་ཚུལ་ཤིན་ཏུ་ཟབ་ལ་རྒྱ་ཆེ་ཡོད་བཞིན་པ་དེར་འཇུག་ཅིང་ཧ་ཅང་རྩིང་པའི་འབྱུང་པོ་གསོལ་མཆོད་ཀྱི་ལུགས་འདི་དོར་ན་མི་ལེགས་སམ།

   དེ་ཡང་དོལ་རྒྱལ་གྱི་བྲན་གཡོག་རྟོག་གེ་བ་དག་གིས་གཞུང་ལན་དྲང་སྲོང་རྒན་པོའི་འབེལ་གཏམ་དུ་དོལ་རྒྱལ་རང་ཉིད་ཀྱིས་དམ་སྲི་ཡིན་པར་ཁས་བླངས་པའི་དམ་སྲི་ཡིན་དགོས་ན་ཞེས་པ་དང་། གཏོར་མ་འདོད་པས་དམ་སྲི་ཡིན་དགོས་ན། ཞེས་པ་དེ་སྔ་ཆོས་རིག་ནས་བཏོན་པའི་དོལ་རྒྱལ་གྱི་སྐོར་གསལ་བཤད་དེར་བརྒལ་བརྟག་བྱས་འདུག་ཀྱང་། དེ་དག་ནི་དོལ་རྒྱལ་དགེ་ལྡན་པའི་དམ་སྲི་ཡིན་པའི་གཏན་ཚིགས་ཀྱི་ཟུར་རེ་ཡིན་ལ། ཁྱེད་ཅག་ལ་ཁྱབ་པ་ངེས་པའི་རྟགས་དགོས་ན་ཁོ་བོས་འགོད་པར་བྱ་སྟེ། དེ་ཡང་། དོལ་རྒྱལ་ཆོས་ཅན། དགེ་ལྡན་པའི་དམ་སྲི་ཡིན་ཏེ། དང་པོར་དྲེགས་པར་སྐྱེས་རྗེས་བོད་འདིར་དེ་དུས་ཀྱི་རྩོད་མེད་ཡོངས་གྲྭགས་ཀྱི་བསྟན་འཛིན་ཀུན་གྱི་གཙུག་རྒྱན་དམ་པ་༸གོང་ས་ལྔ་པ་ཆེན་པོ་དང་། གཏེར་བདག་གླིང་པ་སོགས་ཀྱིས་སྦྱིན་བསྲེགས་ཀྱིས་མནན་པར་མཛད། དེ་ནས་དགེ་ལྡན་པའི་བསྟན་སྲུང་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བཀྲ་ཤིས་ལྷུན་པོར་འགྲོར་མི་གནང་བར་ས་སྐྱར་ཕྱིན་ནས་ས་སྐྱའི་བདག་ཆེན་གྱི་དྲུང་དུ་ང་དགེ་ལྡན་པའི་དམ་སྲི་ཁོ་ཡིན་གྱི་གཏོར་མ་འདོད་ལགས་ཞེས་གསལ་བར་སྨྲས། དེ་ནས་བཟུང་རྗེ་ཕ་བོང་ཁའི་མི་ཐོག་གི་གོང་ཙམ་སྟེ་མི་ལོ་ཉི་བརྒྱ་ལྔ་བཅུ་ཙམ་སྟེ་ཡུན་རིང་དགེ་ལྡན་པས་བདག་གཉེར་མ་བྱས་པར་ལུས་པ་དང་། བར་དུ་བླ་ཟུར་འགའི་བྱེད་པ་ལས་དགའ་ལྡན་དུ་བསྟེན་མི་འགའ་བྱུང་མཚམས་དེ་དུས་ཀྱི་དགེ་ལྡན་པའི་བླ་ཆེན་ཀུན་གྱི་གཙུག་རྒྱན་དམ་པ་༸རྒྱལ་དབང་སྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དགའ་ལྡན་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་དགའ་ལྡན་ནས་ཕྱིར་འབུད་བཏང་ཞིང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་སྐུ་ཕྲེང་༸ཀུན་གཟིགས་པཎ་ཆེན་བསྟན་པའི་དབང་ཕྱུག་གིས་ཀྱང་སྦྱིན་བསྲེགས་མཛད་དེ་མནན་པར་མཛད། ད་ལྟ་རྒྱལ་དབང་ཐམས་ཅད་མཁྱེན་པ་དང་དགེ་ལྡན་པའི་གདན་ས་སེ་འབྲས་དགའ་གསུམ། རྒྱུད་གྲྭ་རྣམ་གཉིས། དེ་བཞིན་རྩེ་རྣམ་རྒྱལ་གྲྭ་ཚང་སོགས་དང་། བོད་ཀྱི་ཆོས་བརྒྱུད་གཞན་ཐམས་ཅད་ཀྱིས་འདྲེར་བལྟས་ཏེ་དུག་ལྟར་སྤངས་ནས་ཡོད་པའི་ཕྱིར། རྟགས་རེ་རེ་ནས་འགྲུབ་སྟེ། དང་པོ་༸རྒྱལ་བ་ལྔ་པ་ཆེན་པོའི་རྣམ་ཐར་དང་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་གསུང་དང་། གཉིས་པ་ནི་ལོ་རྒྱུས་འབྱུང་རབས་ཀྱིས་ཤེས་པ་དང་། གསུམ་པ་ལྕང་སྐྱའི་རྣམ་ཐར་ལས་ཐོན་པ་དང་། བཞི་པ་༸སྐྱབས་རྗེ་ཕ་བོང་ཁའི་གསུང་དང་ཛེ་སྨད་རིན་པོ་ཆེའི་ཕ་རྒོད་ཞལ་ལུང་ལས་བྱུང་བ་དང་། མཐའ་མ་ནི་ཀུན་གྱིས་མཐོང་ཆོས་ལྟར་མངོན་སུམ་ལ་སྨྱོན་དུ་མེད་པ་དེའི་ཕྱིར། ད་ཁྱབ་པ་ཡོད་པའི་རྟགས་བཀོད་ཡོད་པས་རྟགས་གསལ་ཐོངས་ཤིག

   ཡང་དེ་དག་གི་དེབ་སེར་དེར་༸སྐྱབས་རྗེ་རིན་པོ་ཆེའི་གསུང་བསྟོད་འགྲེལ་གྱི་དོན་སྔ་མ་དོལ་རྒྱལ་རྣམ་སྲས་ཀྱིས་བཀྲ་ཤིས་ལྷུན་པོར་འགྲོར་མི་གནང་བ་དེ་དངོས་སུ་ཁས་མ་བླངས་པར་དེ་དོལ་རྒྱལ་གྱི་ཉམས་སྣང་ཡིན་པས་ཚད་མར་བྱར་མི་རུང་བར་སྨྲས། གསུང་དེའི་མཇུག་ཏུ་དེ་མ་ཐག་སྔར་ས་པཎ་དུ་འཁྲུངས་པའི་བག་ཆགས་རྗེས་སུ་དྲན་ཏེ། ཞེས་པ་དེ་དེ་བཞིན་དུ་ཁས་བླངས་འདུག་པས། འོ་ན་ཁྱེད་ཅག་ཀྱི་དོལ་རྒྱལ་དང་འབྲེལ་བའི་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་གསུང་ལས་ཀྱང་རང་ལུགས་དང་མི་མཐུན་པ་རྣམས་གཡོ་སྒྱུས་ཕྱིར་ཕྱུང། རང་གི་འདོད་པ་དང་མཐུན་པ་རྣམས་སྤྲང་པོར་གསེར་རྙེད་པ་ལྟར་གཅེས་གཅེས་བྱེད་བཞིན་པ་ལ་བསམ་ན། ཁྱེད་ཅག་གི་རང་ལུགས་གཏད་སོ་མེད་པར་ཅིས་མི་འགྲུབ། ལར་ནས་སྔར་ས་པཎ་དུ་འཁྲུངས་པའི་བག་ཆགས་རྗེས་སུ་དྲན་པར་འདོད་པ་ནི་ཁྱེད་ཚོས་དོལ་རྒྱལ་འཇམ་དབྱངས་གསང་འདུས་སོགས་དང་ཡི་དམ་དུ་འདོད་པ་དང་ཡང་འགལ། དེ་ལྟར་འདོད་མོད་ཀྱང་ཐ་མལ་གྱི་ཚུལ་བཟུང་བས་བག་ཆགས་རྗེས་སུ་དྲན་པའི་ཚུལ་དེ་རུང་ཞེ་ན། འོ་ན་ཐ་མལ་གྱི་ཚུལ་བཟུང་ན་ཐ་མལ་པ་ལ་སྣང་ཚོད་དུ་དེ་ལྟར་དོལ་རྒྱལ་འཇིག་རྟེན་དྲེགས་པར་སྣང་བ་ཐལ། འདོད་ན། ཁྱེད་ཚོའི་ཁྲོད་མང་དག་གིས་སྔར་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ལས་ཆོས་འབྲེལ་ཞུས། མཐར་བླ་མ་སྤངས་ནས་དོལ་རྒྱལ་ལ་སྐྱབས་འཚོལ་བའི་ངང་ཚུལ་འདིེས་ཁྱེད་ཚོས་འདི་ཕྱིའི་སྐྱབས་བླ་མ་ལ་མིན་པར་འཇིག་རྟེན་དྲེགས་པ་དོལ་རྒྱལ་ལ་བཅོལ་བ་ཕྱི་གསལ་ནང་གསལ་ཡིན་པས། དེས་ཀྱང་ཁྱེད་རྣམས་ནང་པའི་གྲལ་ནས་རང་འབུད་ཡིན་ཏེ་སྐྱབས་གཉིས་འཛིན་གྱིས་སྐྱབས་འགྲོ་སྟོང་པའི་ཕྱིར། སྐྱོན་མེད་དེ་དོལ་རྒྱལ་ངེས་པ་དོན་ལ་སངས་རྒྱས་ཡིན་པས་མི་འགལ་ཞེ་ན། འོ་ན་ཁྱོད་ཚོས་དོལ་རྒྱལ་ངེས་པ་དོན་ལ་སངས་རྒྱས་ཡིན་པ་དེ་རང་གི་ཡིད་ཆེས་ཁོ་ནས་བྱས་པ་ཡིན་ནམ། དེ་མིན་དེ་ལྟར་བསྒྲུབ་བྱེད་ཀྱི་ལུང་རིགས་གང་ཡོད། ཡིད་ཆེས་པ་ཙམ་གྱིས་དེར་འགྱུར་ན་དོལ་རྒྱལ་འདྲེར་ཡིད་ཆེས་མཁན་ཡང་ཡོད་པས་དེ་འདྲེ་དང་སངས་རྒྱས་གཉི་གར་ཐལ་ལོ། །

   ཡང་བསྒྲུབ་བྱེད་ཀྱི་ལུང་ཡོད་ཟེར་རུང་ཡིད་རྟོན་མེད་དེ། དོལ་རྒྱལ་གྱི་སྐོར་༸སྐྱབས་རྗེ་རྣམ་པ་གཉི་གའི་གསུང་སྔ་ཕྱི་རྣམས་ལ་ནང་འགལ་འདུག་པས་ཤིན་ལྐོག་གི་དོན་ལུང་ཚད་མས་བསྒྲུབ་པ་ལ་ལུང་དེ་ལ་རང་ཚིག་སྔ་ཕྱི་འགལ་བ་མེད་པ་དང་། ཁས་བླངས་སྔ་ཕྱི་མི་འགལ་བ་དགོས་ཀྱང་། དང་པོ་༸སྐྱབས་རྗེ་ཕ་བོང་ཁ་ནི་དོལ་རྒྱལ་བསྟེན་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་༸རྒྱལ་དབང་བཅུ་གསུམ་པའི་མདུན་དུ་དངོས་སུ་ཁས་བླངས་ནས་དེ་མཚམས་འཇོག་གི་དམ་བཅའ་མཛད་པ་རང་གི་རྣམ་ཐར་ལྟར་དང་། རང་གི་གསུང་རྩོམ་ཁག་ཏུ་དོལ་རྒྱལ་ངེས་པ་དོན་ལ་འཇམ་དབྱངས་དྲག་ཏུ་ཁྲོས་པར་གསུངས་པ་གཉིས་ནང་འགལ། དེ་ལྟར་གསུངས་པ་ཡང་གྲགས་རྒྱན་པཎ་ཆེན་བསོད་གྲགས་ཀྱི་སྐྱེ་གྲལ་ཡིན་པ་ཁོ་ན་ལ་བློ་རྩེ་གཏད་པ་ལས་བསྒྲུབ་བྱེད་གཞན་མེད། དེ་ལྟར་སྐྱེ་ཕྲེང་དངོས་མིན་པ་ནི་གྲགས་རྒྱན་ཡང་སྲིད་རྫུན་མ་ལམ་དུ་སོང་བ་ཡིན་པ་༸གོང་ས་ལྔ་པའི་གསུང་ལས་ཐོན་པ་དེས་ཤེས་ནུས། འོ་ན་དོལ་རྒྱལ་གྱི་སྐོར་བསྐང་ཆོག་རྒྱས་བསྡུས། སྲོག་དབང་གི་བརྒྱུད་པ་གསར་པ། དོལ་རྒྱལ་རིགས་ལྔ་དང་སྦྱར་བ་རྣམས་༸སྐྱབས་རྗེ་ཕ་བོང་ཁས་དོལ་རྒྱལ་གྱི་སྐོར་ལ་ངེས་པ་རྙེད་ནས་མཛད་པ་ཞིག་མིན་ནམ་ཞེ་ན། མིན་ཏེ། ༸སྐྱབས་རྗེ་འདིའི་གསུང་དུ་དོལ་རྒྱལ་ཚད་ཐུབ་ཡིན་མིན་གྱི་བརྟག་པ་མཛད་པའི་གཏམ་གཅིག་ཀྱང་མེད་ཅིང་། གསུང་དེ་དག་ཐམས་ཅད་ནི་དོལ་རྒྱལ་གྱི་སྐོར་ངེས་པ་རྙེད་ནས་རང་སྟོབས་ཀྱིས་མཛད་པ་མིན་པར་དོལ་རྒྱལ་རང་ཉིད་ཀྱིས་བསྐུལ་ནས་ཡིན་ཏེ། བསྐང་ཆོག་དང་སྲོག་དབང་ནི་མཇུག་བྱང་དང་སྔོན་གླེང་དུ་རིམ་པ་ལྟར་དེ་ལྟར་ཡིན་པར་གསལ། རིགས་ལྔའི་སྐོར་འདི་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དོལ་རྒྱལ་གྱི་སྲོག་གཏད་ཀྱི་སྔོན་འགྲོའི་ཁ་སྐོང་མཚམས་སྦྱར་གྱི་གསུང་དེར་དོལ་རྒྱལ་གྱིས་བསྐུལ་བ་གསལ་བས་ཡིད་མ་ཆེས་ན་དེ་དག་ཏུ་ལྟོས་ཤིག

   ཡང་༸སྐྱབས་རྗེ་འདིའི་གསུང་དོལ་རྒྱལ་རིགས་ལྔའི་སྒེར་བསྐང་རྒྱས་པའི་སྔོན་གླེང་དུ།

   འགའ་ཞིག་གིས། ལྷ་མཆོག་སྤྲུལ་པའི་རྒྱལ་པོ་ཆེན་པོ་འདི་ཉིད་ལ་བན་བོན་ཤི་སྟེ་ལས་ངན་གྱིས་ཡིད་ལུས་བཟུང་བའི་རྒྱལ་བཙན་ཕལ་པ་དག་དང་ཁྱད་པར་མ་མཆིས་པར་ལྟ་ཞིང་། གཞན་ལའང་སྐད་གསང་མཐོན་པོས་སྒྲོག་པར་བྱེད་ལ། རང་ཉིད་ལྟ་ཅི་གཞན་བསྟེན་པར་བྱེད་པ་དག་ལའང་འཕྱ་བར་བྱེད་པ་མང་དུ་སྣང་ཞིང་། གཞན་དག་དེའི་རྗེས་སུ་འབྲངས་ཏེ་ལོག་རྟོག་དམ་དུ་བཟུང་བ་ཆེས་མང་བ་དེ་དག་ནི་ཁུངས་མ་ཆོད་པའི་འོལ་ཚོད་སྨྲ་བ་ཁོ་ན་སྟེ།

ཞེས་དང་། ཡང་དེ་ཉིད་ལས།

   འཕགས་བོད་དུ་ཉི་ཟླ་ལྟར་གྲགས་པའི་པཎ་གྲུབ་ཆེན་པོ་དེ་དག་གི་སྐྱེ་མཐའ་ལ་དམན་པའི་ལུས་ངན་བླངས་པའི་ཡི་དྭགས་རང་མཚན་པར་ལྟ་ཞིང་སྨྲ་བ་ནི། བདག་ཉིད་ཆེན་པོ་དེ་དག་ལ་སྐུར་བ་འདེབས་པའི་ལོག་རྟོག་ངན་སོང་མི་བཟད་པའི་རྒྱུ་ཡིན་པས། འདི་ལྟ་བུར་ཀུན་གྱིས་བག་ཡོད་བྱོས་ཤིག

ཅེས་པ་ལྟར་སྐབས་དེ་དུས་དགེ་ལྡན་པའི་ཁྲོད་དོལ་རྒྱལ་ཡི་དྭགས་སུ་འདོད་མཁན་མང་དག་བྱུང་ཡོད་པ་ཡང་འདིར་གསལ་ལ། ཅི་སྟེ་༸སྐྱབས་རྗེ་འདིའི་གསུང་འདིར་བདེན་པ་ཡོད་ན་༸གོང་ས་ལྔ་པ་ཆེན་པོ། ཁྲི་ཆེན་ངག་དབང་མཆོག་ལྡན། ཕུར་ལྕོག་ངག་དབང་བྱམས་པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ལྕང་སྐྱ་རོལ་པའི་རྡོ་རྗེ། པཎ་ཆེན་བསྟན་པའི་དབང་ཕྱུག རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་ཐམས་ཅད་ལ་ཉེས་པ་དེ་བཟློག་ཐབས་མེད་དོ། །

   གཞན་ཡང་གོང་གི་གསུང་བབ་ལ་གཞིག་ན་༸སྐྱབས་རྗེ་ཕ་བོང་ཁས་༸གོང་ས་ལྔ་པ་ཆེན་པོའི་དོལ་རྒྱལ་གྱི་སྐོར་གསུང་རྣམས་མ་མཇལ་བར་མངོན་ཞིང་། དོལ་རྒྱལ་པཎ་ཆེན་བསོད་གྲགས་སོགས་ཀྱི་ཡང་སྲིད་ངོ་མར་འཛིན་ཅིང་དེར་ཡིད་རྟོན་མཛད་དེ་གཞན་ལ་ཡང་དྲིལ་བསྒྲགས་ཆེས་ཆེར་མཛད་པ་ཡིན་ནོ། །

   ཡང་༸སྐྱབས་རྗེ་འདིས་དོལ་རྒྱལ་གྱི་སྲོག་གཏད་ཀྱི་བརྒྱུད་པ་རང་གིས་བརྩམས་པ་དེར་གདེང་མེད་པར་སྟག་ཕུ་རྡོ་རྗེ་འཆང་ལ་རྒྱབ་རྟེན་བཅོལ་བ་དེས་ཀྱང་དོལ་རྒྱལ་གྱི་སྐོར་དམ་བཅའ་བ་ལ་༸སྐྱབས་རྗེ་འདི་ཉིད་ཚད་མ་མིན་པ་ཅིས་མི་འགྲུབ།

   དེས་ན་དོལ་རྒྱལ་གྱི་སྐོར་༸སྐྱབས་རྗེ་ཕ་བོང་ཁའི་གསུང་རྩོམ་ཁག་མང་དུ་བཞུགས་ཀྱང་དེ་དག་ནི་༸སྐྱབས་རྗེ་ཉིད་ཀྱི་ཕུ་ཐག་ཆོད་པའི་རང་ལུགས་མིན་པ་དང་། དོལ་རྒྱལ་གྱི་ཆོ་འཕྲུལ་སོགས་ཀྱིས་རྐྱེན་ལས་ཐུན་མོང་སྣང་ངོར་རིག་འཛིན་ཆེན་པོ་བར་ཆད་ཀྱི་དབང་དུ་སོང་བ། དེ་ཡང་སྐྱེ་འགྲོ་སྤྱིའི་བསོད་ནམས་ཞན་པའི་དུས་ལ་བབས་པ་དང། སྒོས་སུ་དགེ་ལྡན་པ་རྣམས་ཀྱི་བསྟན་པའི་བགེགས་ཆེན་པོར་བསམ་སྟེ་རྗེ་འདིའི་མཛད་པའི་ཆ་ཆུང་ངུ་ཞིག་བར་ཆད་ཀྱི་དབང་དུ་སོང་བ་ལ་མ་དད་པར་མི་བྱ་སྟེ། རྣམ་ཐར་ཞིབ་པར་མཇལ་བས་ཀྱང་འདི་ནི་བྱང་ཆུབ་སེམས་ཀྱི་བདག་ཉིད་ཡིན་པ་དཔོག་པར་མི་དཀའ་བས་ཅི་སྟེ་དག་སྣང་སྦྱོང་བ་མ་ནུས་ཀྱང། སྐྱོན་བརྗོད་ཀྱིས་རང་གིས་རང་ཕུང་ལ་མི་སྦྱོར་ཞེས་སྙིང་ནས་བསྐུལ་ལ། འདིར་ཡང་དོལ་རྒྱལ་སྐོར་དཔྱད་པ་ནི་ཆོས་ཀྱི་ཚུལ་ལ་དཔྱད་དེ་འཇུག་པ་རྒྱ་བོད་མཁས་གྲུབ་རྣམས་ཀྱི་ལུགས་གང་ཡིན་དེ་ལྷུར་བླངས་ཀྱང་། ཅི་ནུས་ཀྱིས་སྐྱོན་རྟོག་གི་བློ་མི་སྐྱེ་གང་ཐུབ་མཐིལ་དུ་བཟུང་བ་ཡིན་པ་ནི་མཆོག་གསུམ་དཔང་པོར་བཞུགས་ཡོད་དོ། །

གཉིས་པ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་གང་ཉིད་ཀྱི་དོལ་རྒྱལ་གྱི་སྐོར་གསུང་རྣམས་ནི་གཙོ་བོར་རང་གི་བླ་མའི་རྗེས་སུ་འབྲང་བ་ཡིན་ཞིང་། ཡང་༸སྐྱབས་རྗེ་ཉིད་ཀྱིས་དོལ་རྒྱལ་རང་ཉིད་ནས་ཀྱང་ཁོ་པ་དགེ་ལྡན་པའི་དམ་སྲིར་ཁས་བླངས་པ་དང། རྣམ་སྲས་རྟ་བདག་བརྒྱད་ཀྱིས་དོལ་རྒྱལ་བཀྲ་ཤིས་ལྷུན་པོར་འགྲོར་མི་གནང་བ་སོགས་ཀྱི་གསུང་འབབ་ལ་གཞིག་ན། ངེས་པ་དོན་ལ་༸སྐྱབས་རྗེ་འདིའི་དགོངས་པ་འདི་ཡིན་ཞེས་ཁ་ཚོན་ཆོད་དཀའ་བར་གནས།

གཞན་ཡང་དོལ་རྒྱལ་གྱི་བསྟོད་འགྲེལ་དེར།

དོལ་རྒྱལ་དྲེགས་པར་སྐྱེས་ཏེ་བཀྲ་ཤིས་ལྷུན་པོར་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ་སྲུང་མ་མཛད་རྩིས་ཀྱིས་བྱོན་པ་ན།

།ཞེས་པ་དང་།

   རྟེན་འབྲེལ་ཅུང་ཟད་འཆོལ་བར་བརྟེན་དེ་མ་ཐག་ཐུགས་ཁྲོས་པའི་ཚུལ་གྱིས་སྔར་ས་པཎ་དུ་འཁྲུངས་པའི་བག་ཆགས་རྗེས་སུ་དྲན་ཏེ་ས་སྐྱར་གཤེགས་པ་ན།

   ཞེས་དང་པོར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་དུ་བྱོན་པ་ན། །ཞེས་པའི་དོན་གྲགས་རྒྱན་གྲོངས་དུས་༡༦༥༦ལོར་པཎ་ཆེན་བློ་བཟང་ཆོས་རྒྱན་༼༡༥༦༧— ༡༦༦༢༽བཞུགས་ཡོད་པས་དེ་དུས་བཀྲ་ལྷུན་ལ་བྱོན་པ་ན་ཞེས་པ་དང་། དེ་རྗེས་དེ་མ་ཐག་ས་སྐྱར་གཤེགས་ནས་བདག་ཆེན་བསོད་ནམས་རིན་ཆེན་དགུང་གྲངས་བཅུ་བདུན་ལ་ཕེབས་པ་མཇལ་ཏེ་ས་སྐྱའི་སྲུང་མར་མངའ་གསོལ་མཛད་ལུགས་འཁོད་པ་གཉིས་ནང་འགལ་ཏེ། བདག་ཆེན་བསོད་ནམས་རིན་ཆེན་གྱི་འཁྲུངས་དུས་ནི་༡༧༠༢ཡིན་ལ། བདག་ཆེན་དགུང་ལོ་བཅུ་བདུན་པའི་སྐབས་ཏེ་༡༧༢༡ལོར་པཎ་ཆེན་བློ་བཟང་ཆོས་རྒྱན་དགོངས་པ་གཞན་དོན་དུ་གཤེགས་ཟིན་པས་ལོ་རྒྱུས་ཀྱི་ལོ་ཚིགས་དང་བསྟུན་ནའང་གསུང་ལ་ནང་འགལ་འདི་ལྟ་བུ་ཐོན། ཡང་བདག་ཆེན་གྱི་འཁྲུངས་ལོ་ཁོ་བོས་བཤད་པ་ལ་ཡིད་མ་ཆེས་ན་ས་སྐྱ་པ་ལ་དྲིས་ཤིག དེ་བཞིན་རྣམ་ཐར་ལྟོས་དང་དེ་ཁོ་ནར་གནས་སོ། །

   གཞན་ཡང་བཀྲ་ཤིས་ལྷུན་པོའི་གླིང་བསྐོར་གྱི་ལམ་དུ་རྣམ་སྲས་རྟ་བདག་བརྒྱད་ཀྱིས་ཕྱག་སྦྲེལ་ཏེ་སྲུང་བའི་ཚུལ་ལྟ་བུ་ཞིག་གཟིགས་ཏེ། རྟེན་འབྲེལ་ཅུང་ཟད་འཆོལ་བར་བརྟེན་ཞེས་གསུངས་པ་ལ་འདི་ལྟར་དོགས་ཏེ། ཅུང་ཟད་རྟེན་འབྲེལ་འཆོལ་བ་དེ་རྣམ་སྲས་རྟ་བདག་བརྒྱད་ཀྱིས་མཛད་དམ། དོལ་རྒྱལ་རང་ཉིད་ཀྱིས་ལན། དང་པོ་ལྟར་ན་དེ་དུས་རྣམ་སྲས་རྟ་བདག་བརྒྱད་ཀྱིས་དངོས་སུ་བཀག་པར་ཐལ། འདོད་ན། འོ་ན་དོལ་རྒྱལ་རྗེའི་བསྟན་སྲུང་དུ་བཞེངས་དུས་ཉིད་ནས་རྗེ་བདག་ཉིད་ཆེན་པོས་བཀའ་བསྐོས་གཉེར་གཏད་ཀྱི་ཆོས་སྲུང་ཡེ་ཤེས་སྤྱན་ལྡན་འདི་ལྟ་བུས་རྗེའི་བསྟན་སྲུང་གཞན་དེ་རྗེའི་གདན་ས་བཀྲ་ཤིས་ལྷུན་པོར་འགྲོར་མི་གནང་བས་ན་དེས་རྟེན་འབྲེལ་འཆོལ་ཞེས་རྗེ་བདག་ཉིད་ཆེན་པོས་དངོས་སུ་རང་གི་བསྟན་པ་གང་ལ་གཉེར་དུ་གཏད་པའི་ཆོས་སྲུང་ཡེ་ཤེས་སྤྱན་ལྡན་འདི་ལྟ་བུར་སྐུར་བ་འདེབས་སམ།

ཡང་ན་རྣམ་སྲས་དགོན་དེའི་བཀའ་སྲུང་ཡིན་པས་རྗེའི་བསྟན་པ་སྲུང་བ་ལ་རང་ཉིད་དང་མགོན་ཆོས་སོགས་ཀྱིས་གོ་མི་ཆོད་པར་མེད་པར་དགོངས་ནས་དེ་ལྟར་བཀག་ཟེར་རམ། ཡང་ན་དོལ་རྒྱལ་དགེ་ལྡན་པའི་དམ་སྲི་ཡིན་པས་བཀག་ཅེས་གང་ཟེར། དེ་ལྟར་དཔྱད་དེ་ལེགས་པར་བསམ་ན་རྗེའི་བསྟན་པ་བསྲུང་བའི་བསྟན་སྲུང་ཡེ་ཤེས་སྤྱན་ལྡན་གསུམ་ཡོད་བཞིན་དུ་གནས་ཆུང་གིས་འདུལ་འཛིན་གྲགས་པ་རྒྱལ་མཚན་ལ་ཁོ་བོར་སྔ་འགྱུར་གྱི་བསྟན་པ་བསྲུང་བའི་དམ་བཅའ་ཡོད་པས་སྙིགས་མའི་དུས་འདིར་རྗེའི་བསྟན་པ་བསྲུང་བའི་གྲོགས་མཛོད་ཅིག་ཅེས་བསྐུལ་བའི་གཏམ་རྒྱུད་དེ་རྟོག་བཟོ་ཡིན་པ་ལ་ངེས་པ་སྟེར་བར་འགྱུར་རོ། །

   ཡང་ལན་དུ་རྟེན་འབྲེལ་འཆོལ་བ་དེ་དོལ་རྒྱལ་རང་ཉིད་ལ་དེ་ལྟར་སྣང་བ་ཙམ་མམ་ཉམས་སྣང་གི་དབང་གིས་བྱུང་ཟེར་ན། རྗེའི་བསྟན་པ་སྲུང་བར་དྲེགས་པར་བཞེངས་པའི་ཉིན་དང་པོ་ཉིད་ནས་འཁྲུལ། འཁྲུལ་ནས་རྟེན་འབྲེལ་འཆུགས། འཁྲུལ་ནས་རྣམ་སྲས་རྟ་བདག་བརྒྱད་ལ་འཇིགས་ཏེ་བཀྲ་ཤིས་ལྷུན་པོར་འགྲོ་མ་ནུས་ནས་མཐར་ས་སྐྱར་བྲོས་པ་ཡིན་ཟེར་རྒྱུ་ལས་གཞན་ཅི་ཞིག་ཡོད།

   དེས་ན་༸སྐྱབས་རྗེ་རིན་པོ་ཆེ་ངེས་པ་དོན་གྱི་མཁས་པ་ཆེན་པོ་འདི་ལྟ་བུ་ཞིག་གི་རང་ལུགས་ཀྱི་དཔྱད་པ་མཐར་སོན་པའི་གསུང་ལ་འདི་ལྟ་བུའི་སྐྱོན་ཇི་ལྟར་འཇུག དེ་ལྟར་ན་ཡང་གསུང་ཡིག་ནང་འདི་ལྟར་བྱུང་བ་ནི་དོལ་རྒྱལ་རང་ཉིད་ཀྱིས་ལུང་དུ་སྨྲས་པ་དང། ལོ་རྒྱུས་ངོ་མ། དེ་བཞིན་བཤད་ཡམ་རྣམས་གཅིག་ཏུ་བསྡོམས་པའི་དོལ་རྒྱལ་གྱི་རྟོགས་བརྗོད་དེ་སྟེན་མི་རྣམས་ལ་གྲགས་ཚོད་ལྟར་བཀོད་པ་ཡིན་པར་གདོན་མི་ཟ་བས། གསུང་དེ་དག༸སྐྱབས་རྗེ་དམ་པའི་དགོངས་པ་དངོས་སམ་ཕུ་ཐག་ཆོད་པའི་དགོངས་པ་མིན་ཞེས་ཀྱང་སྨྲའོ། །

དེས་ན་དོལ་རྒྱལ་ཚད་མར་བསྒྲུབ་པའི་སྒྲུབ་བྱེད་དུ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་མཛད་པའི་ཡིག་ཆ་རྣམས་ལ་ཁུངས་བཅོལ་ཡང་། དེ་དག་ནི་རྗེ་འདིའི་དགོངས་པ་དངོས་མིན་པ་གསུང་དེ་དག་ཏུ་ནང་འགལ་གོང་སྨྲས་རྣམས་ཀྱིས་ཀྱང་ཤེས་སླ་བས། གཞན་ངོ་དང་བསྟུན་པའམ། ཐུགས་འཁྲུལ་བའི་ཚུལ་གྱིས་དགོངས་པའི་དཔྱད་པ་མ་རྫོགས་པའི་གསུང་དེ་དག་དོལ་རྒྱལ་ཚད་མར་སྒྲུབ་པ་ལ་ཁུངས་སུ་བྱེད་མི་རུང་བ་ཡང་ངེས་པར་བྱའོ། །

ཡང་ཁྱེད་ཅག་གིས་བདག་ཆེན་གྱི་རྨི་ལམ་དུ་དོལ་རྒྱལ་གྱིས་ང་དགེ་ལྡན་པའི་དམ་སྲི་ཁོ་ཡིན་ཞེས་ཞུས་པ་དེ་༸སྐྱབས་རྗེ་འདིའི་གསུང་ནང་ཐོན་པ་གང་ཆོས་རིག་ཀྱི་དེབ་དེར་ལུང་དྲངས་པ་ན། དེ་ནི་བདག་ཆེན་གྱི་མཚན་ལམ་དུ་བྱུང་བ་ལས་རྒྱལ་ཆེན་གྱིས་ཞལ་དངོས་སུ་བསྟན་ནས་དེ་འདྲ་གསུངས་པའི་ལོ་རྒྱུས་ཞིག་མ་རེད། ཅེས་ལན་བཏབ་ལ་འདི་ལྟར་བྱ་སྟེ། འོ་ན་དོལ་རྒྱལ་ལ་ཕྱག་མཚན་མི་སྙིང་དང་གྲི་འགུག་དེ་བདག་ཆེན་བསོད་ནམས་རིན་ཆེན་གྱིས་སྩལ་བ་ཁྱེད་རྣམས་ཀུན་ལ་གྲགས་པས། དེ་ལྟ་བུའི་མིའི་སྙིང་དེ་བདག་ཆེན་གྱིས་དོལ་རྒྱལ་ལ་མཚན་ལམ་དུ་གནང་ངམ། ཡང་དེ་བླ་མ་གཞན་དོལ་རྒྱལ་སྟེན་པ་པོ་ཞིག་ལ་རྨི་ལམ་དུ་སྣང་བའམ། ཡང་དངོས་པོར་མི་སྙིང་གསོན་པོ་དྲོད་མ་ཡལ་བ་༼དོལ་རྒྱལ་གྱི་བསྐང་ཆོག་ལྟར་༽དེ་བདག་ཆེན་གྱིས་དོལ་རྒྱལ་ལ་སྦྱིན་པ་སོགས་གང་ཡིན། དང་པོ་གཉིས་གང་རུང་ལྟར་ན་དེ་གཉིས་རྨི་ལམ་ཡིན་པས་བདག་ཆེན་གྱིས་ཕྱག་མཚན་སྩལ་བའི་ཁུངས་སུ་ཇི་ལྟར་བྱེད། དངོས་པོར་གནང་ན་དེ་བས་ཐུ་བའི་ལན་ལས་སྐྱུགས་བྲོ་བ་གང་ན་ཡོད་སོམས་ཤིག

   སྟག་ཕུའི་དག་སྣང་དེ་རྨི་ལམ་དུ་བྱུང་བ་ཞིག་ཡིན་ཡང་དེ་ཚད་མར་བྱེད། ས་སྐྱའི་བདག་ཆེན་གྱི་མནལ་ལམ་དུ་དོལ་རྒྱལ་གྱིས་ང་དགེ་ལྡན་པའི་དམ་སྲི་ཁོ་ཡིན་ཞེས་སྨྲས་པ་དེ་ཚད་མ་མིན་ཟེར་ན། དོལ་རྒྱལ་ཆོས་སྲུང་དུ་ཐོག་མར་མངའ་གསོལ་བའི་ལོ་རྒྱུས་བདག་ཆེན་བསོད་ནམས་རིན་ཆེན་དང་འབྲེལ་བ་དེ་ལ་བསྐྱར་བཅོས་གྱིས་ཤིག དེ་བཞིན་བདག་ཆེན་བསོད་ནམས་རིན་ཆེན་གྱི་རྣམ་ཐར་ལམ་འབྲས་སློབ་བཤད་ཀྱི་པོད་ཆ་པར་བཞུགས་པ་དེར་ཡང་བསྐྱར་བཅོས་བྱེད་ནུས་སམ།

ཡང་༸སྐྱབས་རྗེ་རྣམ་གཉིས་ཀྱི་གསུང་དུ་དོལ་རྒྱལ་ལ་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཞེས་ཐ་སྙད་མཛད་པའང་སྔར་དྭགས་པོ་སྐལ་བཟང་མཁས་གྲུབ་སོགས་ཀྱི་དུས་ནས་རྟོག་བཟོ་བྱས་པའི་མིང་དེ་བསྐྱར་བ་ཡིན་པས་དེ་སྐྱབས་རྗེ་ཡབ་སྲས་རྣམ་གཉིས་ཀྱིས་གསར་གཏོད་དང་དགོངས་པའི་མཐིལ་དུ་བཟུང་མི་རུང་ཞེས་ཀྱང་སྨྲའོ། །

འོ་ན་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་གསུང་དོལ་རྒྱལ་གྱི་བསྟོད་འགྲེལ་སོགས་དྲང་དོན་དུ་ཇི་ལྟར་འགྲེལ་ཞེ་ན། དེ་ནི་༸སྐྱབས་རྗེ་རིན་པོ་ཆེར་༸སྐྱབས་རྗེ་ཕ་བོང་ཁས་དོལ་རྒྱལ་གྱི་སྐོར་གསུང་གི་འཕྲོ་སྐྱོངས་དགོས་པར་བཀའ་ཕེབས་པ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་རང་རྣམ་ལས་ཐོན་པ་ལྟར་བླ་མའི་བཀའ་སྤྱི་བོར་ལེན་པ་ཁོ་ན་ཡིན་ལ། དེ་ཡང་༡༩༦༩ལོར་དོལ་རྒྱལ་གྱི་བསྟོད་འགྲེལ་ཏེ་བརྩམས་ཆོས་ཐ་མ་དེ་མཛད། ༸རྒྱལ་དབང་ཐམས་ཅད་མཁྱེན་པས་དོལ་རྒྱལ་དམ་བསྒྲགས་མཛད་དུས་༸སྐྱབས་རྗེ་རིན་པོ་ཆེས་དགག་པ་ཞིག་ཐོན་དགོས་ཚོད་དང་། དེར་ཐུགས་མི་རང་བ་མཛད་དགོས་ཚོད་ཀྱང་། ༸སྐྱབས་རྗེ་འདིའི་ཞལ་སློབ་ཕལ་མོ་ཆེ་འདི་ཕྱོགས་སུ་ཡོད་པ་ཀུན་གྱིས་མགྲིན་གཅིག་ཏུ་དེ་ལྟར་༸སྐྱབས་རྗེ་རིན་པོ་ཆེ་ཐུགས་ཕམ་བྱུང་མེད་པར་གླེང་བས་ཡིད་ཆེས་པའི་གནས་ཁོ་ན་ཡིན་ལ། ༸རྒྱལ་དབང་ཐམས་ཅད་མཁྱེན་པས་ཀྱང་མགོན་པོ་གང་ཉིད་ཀྱིས་དོལ་རྒྱལ་དམ་བསྒྲགས་ཆེས་ཆེར་མཛད་པར་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཐུགས་དགྱེས་ཚོར་གྱི་མཚན་མ་བྱུང་བ་བཀའ་སྩལ་བ་དེས་ཀྱང་དོལ་རྒྱལ་གྱི་སྐོར་༸སྐྱབས་རྗེ་འདིའི་གསུང་རྣམས་དྲང་དོན་དུ་འགྲེལ་རིགས་སོ། །

འོ་ན་༸སྐྱབས་རྗེ་རིན་པོ་ཆེའི་གསུང་དོལ་རྒྱལ་གྱི་སྐོར་དེ་དོལ་རྒྱལ་ཚད་མ་ཡིན་པའི་སྒྲུབ་བྱེད་དུ་མི་རུང་ན། གསུང་དེའི་ནང་དོལ་རྒྱལ་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བཀག་པ་དང་དོལ་རྒྱལ་གྱིས་རང་ཉིད་དགེ་ལྡན་པའི་དམ་སྲི་ཡིན་པར་ཁས་བླངས་པ་རྣམས་ཅིའི་ཕྱིར་ཁུངས་བརྟག་ཐུབ་པ་ཡིན་ཞེ་ན། དོལ་རྒྱལ་གྱིས་དགེ་ལྡན་པའི་དམ་སྲིར་ཁས་བླངས་པ་ནི་བདག་ཆེན་བསོད་ནམས་རིན་ཆེན་གྱི་རྣམ་ཐར་ནང་གསལ་བ་དང་རྩེ་མཐུན་ཞིང་། དེ་ལྟར་མིན་པའི་ལོ་རྒྱུས་དེའི་རྒྱབ་འགལ་དུ་སོང་བའི་ཚད་ལྡན་གཞན་ཡང་མ་རྙེད་པས་དེ་ལྟར་ཁས་ལེན་པ་ལ་འགལ་བ་མེད།

   བཀྲ་ཤིས་ལྷུན་པོར་དོལ་རྒྱལ་རྣམ་སྲས་རྟ་བདག་བརྒྱད་ཀྱིས་ཕྱག་སྦྲེལ་ཏེ་འགྲོར་མི་གནང་བ་ནི་སྔར་རྩོད་མེད་དུ་ཁས་བླངས་ཤིང་དོལ་རྒྱལ་བསྟེན་མི་རྣམས་ལ་ཡོངས་སུ་གྲགས་པ་ལྟར་༸སྐྱབས་རྗེ་རིན་པོ་ཆེས་ཡིག་ཆར་འགོད་པ་ཞིག་སྟེ། གལ་ཏེ་ལོ་རྒྱུས་དེ་ལྟར་མིན་ན་དོལ་རྒྱལ་རང་ཉིད་ཁོག་ཞུགས་སྐབས་༸སྐྱབས་རྗེ་རིན་པོ་ཆེར་དོལ་རྒྱལ་རང་ཉིད་ཀྱི་ལོ་རྒྱུས་དེ་ལྟར་མིན་པས་བཅོས་དགོས་ཞེས་ཞུ་དགོས་པ་ལས་དེ་ལྟར་མ་ཞུས་པ་ཅི་ལ་ཐུག

དེ་ལྟར་ཡིན་པ་ནི་དོལ་རྒྱལ་སྔར་གྲགས་རྒྱན་ཡིན་དུས་སུ་དགེ་ལྡན་པའི་བླ་ཆེན་གྱི་མིང་ཡོད་ཀྱང་། དགེ་ལྡན་པའི་གདན་སར་མ་འཆགས་པར་ས་སྐྱར་འགྲོ་དགོས་དོན་ཡང་རྒྱུ་མཚན་དེའི་དབང་གིས་ཡིན་པ་སྟེ། མདོར་ན་དགེ་ལུགས་པར་བདག་གཉེར་གྱི་རེ་བ་ཟད་དེ་སྐབས་དེ་དུས་ས་སྐྱ་བ་རྣམས་དགེ་ལྡན་པ་དང་མི་མཐུན་པ་ཡོད་པས་ས་སྐྱར་བདག་གཉེར་གྱི་རེ་བ་ཕུགས་སུ་བཅངས་ཏེ་ང་དགེ་ལྡན་པའི་དམ་སྲི་ཁོ་ཡིན་ཞེས་སྨྲས་པ་སྟེ། ཁོ་ཞེས་ཐ་སྙད་བྱེད་དོན་ཡང་དེ་དུས་དོལ་རྒྱལ་དགེ་ལྡན་པའི་བླ་མར་གྲགས་པའི་གྲགས་རྒྱན་འདྲེར་སྐྱེས་པའི་ངང་ཚུལ་ཡོངས་སུ་གྲགས་པས་ན། ང་དགེ་ལྡན་པའི་དམ་སྲི་ཡོངས་སུ་གྲགས་པ་དེ་ཡིན་ཞེས་པའི་སྒྲ་གཞན་ང་དགེ་ལྡན་པའི་དམ་སྲི་ཁོ་ཡིན་ཞེས་རང་གི་ངང་ཚུལ་དྲང་པོར་སྨྲས་པ་ལ་གོ་དགོས་སོ། །

   དེ་ལྟར་དོལ་རྒྱལ་བཀྲ་ཤིས་ལྷུན་པོར་འགྲོ་མ་ནུས་པར་ས་སྐྱར་ཕྱིན་པའི་དུས་ནི་བདག་ཆེན་བསོད་ནམས་རིན་ཆེན་དགུང་གྲངས་བཅུ་བདུན་པའི་དུས་སུ་སྟེ་༡༧༢༡ལ་ཡིན་ལ། དེ་ཡང་༸གོང་ས་ལྔ་པ་སོགས་ཀྱིས་དྲག་པོའི་ལས་སྦྱོར་མཛད་༼༡༦༧༥༽ནས་ལོ་ངོ་༤༦ཙམ་གྱི་རྗེས་ཡིན། དོལ་རྒྱལ་ལ་དྲག་པོའི་ལས་སྦྱོར་མཛད་རྗེས་སླར་ཡང་བསྐྱར་ལོག་གི་ཚུལ་ཁོ་བོས་གཞན་དུ་བཤད་ཟིན་པས་འདིར་ཚིག་མང་དུ་དོགས་ནས་ཟློས་པར་མི་བྱ་སྟེ་དེར་གཟིགས་པར་སྐུལ་ལོ། །

འོ་ན་༸སྐྱབས་མགོན་༸རྒྱལ་བའི་དབང་པོས་ཀྱང་སྔར་དོལ་རྒྱལ་གྱི་འཕྲིན་སྐུལ་མཛད། ཕྱིས་དོལ་རྒྱལ་སྨོན་ལམ་ལོག་པའི་དམ་སྲིར་གསུངས་པ་གཉིས་ནང་འགལ་ཡིན་པས་༸རྒྱལ་བ་འདིའི་གསུང་དོལ་རྒྱལ་གྱི་སྐོར་གསུངས་པ་རྣམས་ལ་ཡིད་རྟོན་བྱེད་མི་རིགས་སོ་ཞེ་ན། དེ་ནི་རིགས་ལམ་གྱི་བགྲོད་ལེགས་པར་མ་ཆགས་པའི་ཤབ་ཤོབ་སྟེ། ཁོ་བོས་ལེགས་པར་བཤད་ཀྱི་ཉོན་ཅིག

དོལ་རྒྱལ་གྱི་འཕྲིན་སྐུལ་དེ་ནི་མགོན་པོ་གང་ཉིད་དགུང་གྲངས་བཅུ་དྲུག་པའི་སྐབས་དུང་དཀར་དགོན་གྱི་མཁན་སློབ་རྣམས་ཀྱིས་བསྐུལ་ངོར་༸སྐྱབས་རྗེ་རིན་པོ་ཆེས་ཕུལ་བའི་ནང་དོན་གཞིར་བྱས་༸རྒྱལ་བའི་མཚན་ཐོག་ནས་མཛད་པ་ཞིག་སྟེ། དེ་ནི་༸རྒྱལ་དབང་འདིས་མཛད་པར་གྲགས་ཀྱང་དགོངས་པ་དངོས་མིན་པ་ནི་ཤེས་སླ། ཕྱིས་དོལ་རྒྱལ་གྱི་སྐོར་བརྟག་པ་མཐར་ཕྱིན་པ་སྟེ་བླ་ལྷའི་མདུན་གཟན་བསྒྲིལ་སོགས་དང་། སྔར་གྱི་ལོ་རྒྱུས་རྣམས་ལ་དཔྱད་འབྲས་ཀྱི་རང་ལུགས་བརྟག་ཐུབ་པ་དང་འབྲེལ་བའི་དོན་རྣམས་ལ་རང་ཚིག་སྔ་ཕྱི། ཁས་ལེན་དངོས་ཤུགས་སོགས་ལ་གང་ནས་ཀྱང་ནང་འགལ་མེད་པས་དེ་དག་ནི་ཡིད་ཆེས་པའི་གནས་ཁོ་ནའོ། །

འོ་ན་སྔར་དོལ་རྒྱལ་ལ་ཐོག་མར་དགག་བྱ་མཛད་སྐབས་དོལ་རྒྱལ་གྱི་སྲོག་གཏད་ཡོད་པ་རྣམས་དྲེགས་པ་རང་གི་གོ་ས་དང་བསྟུན་ནས་རང་འཚམ་གྱི་གནས་བབ་ལྟར་བསྟེན་ན་རུང་ཞེས་བཀའ་སྩལ་བ་དེ་ཇི་ལྟར་དྲང་ཞེ་ན། དེ་ནི་རྗེ་བདག་ཉིད་ཆེན་པོས་དྲང་ངེས་ལེགས་བཤད་སྙིང་པོར། བཞི་བརྒྱ་པའི་འགྲེལ་པར་བདག་མེད་སྟོན་པའི་སྣོད་དུ་མི་རུང་བའི་གདུལ་བྱ་ལ་བདག་དང་བདག་མེད་གཉིས་ལས་སྔ་མ་མཆོག་ཏུ་གསུངས་པ་བཞིན་ནོ། །ཞེས་པ་དང་། མདོ་སྡེ་ལང་དཀར་གཤེགས་པ་ལས། ཇི་ལྟར་ནད་པ་ན་བ་ལ། སྨན་པས་སྨན་རྣམས་གཏོང་བ་ལྟར། སངས་རྒྱས་དེ་བཞིན་སེམས་ཅན་ལ། ཇི་ཙམ་བཟོད་པའི་ཆོས་སྟོན་ནོ། །ཞེས་པའི་དོན་དང་མཚུངས་པས། འདི་ནི་༸རྒྱལ་བའི་ཐབས་མཁས་ཀྱི་མཛད་པ་བླ་ན་མེད་པ་ཡིན་པས་འགལ་བའི་སྐབས་གང་ན་མཆིས།

   ཡང་༸རྒྱལ་དབང་འདིས་སྔར་དོལ་རྒྱལ་བསྟེན་པས་ད་ལྟའི་གསུང་དོལ་རྒྱལ་དགག་པ་རྣམས་ལ་ཡིད་རྟོན་མེད་པར་མི་བསྒྲུབ་སྟེ། སྔར་བཅོམ་ལྡན་འདས་ཀྱི་མཛད་པའི་ནང་མུ་སྟེགས་པ་དང་ལྷན་དུ་ལམ་ཉམས་ལེན་ཕྱོགས་ཀྱི་མཐར་ལྟུང་བའི་དཀའ་ཐུབ་མཛད་དེ། མཐར་འདོད་པ་བསོད་སྙོམས་ཀྱི་མཐའ་དང་། ངལ་ཞིག་སྒྲུབ་པའི་མཐར་མ་ལྟུང་བར་བྱང་ཆུབ་བསྒྲུབ་དགོས་པའི་དགོངས་པ་འཁྲུངས་པ་ལྟར་དོན་ལའང་དེ་ལྟར་གནས་པ་ལྟར་ཡིན་པའི་ཕྱིར་རོ། །

གཞན་ཡང་དོལ་རྒྱལ་དང་འབྲེལ་བའི་༸རྒྱལ་དབང་འདིའི་མཛད་པ་ནི་རྗེ་བདག་ཉིད་ཆེན་པོའི་ལྟ་བའི་དཔྱད་པ་མ་མཛད་གོང་གི་གསུང་སྔ་མ་དང་། གསུང་ཕྱི་མ་དགོངས་པའི་དཔྱད་པ་རྫོགས་ནས་བཀའ་སྩལ་བ་རྣམས་མི་མཐུན་ཡང་། མི་མཐུན་པ་དེས་གསུང་ཕྱི་མ་རྣམས་ཚད་ལྡན་མིན་པར་མི་བསྒྲུབ་པ་ལྟར་ཡིན་པའི་ཕྱིར་རོ། །

དེ་ལྟར་དོལ་རྒྱལ་དང་འབྲེལ་བའི་དཔྱད་པ་འདིས་ཐུབ་བསྟན་དྲི་མེད་རིང་དུ་གནས་པའི་རྒྱུར་གྱུར་ཅིག་ཅེས་སྨོན་འདུན་གྱིས་རེ་ཞིག་འདིར་མཚམས་བཟུང་ངོ་། །