དོལ་རྒྱལ་དང་འབྲེལ་བའི་གླེང་གཞི་ཆེ་རུ་འགྲོ་སྟངས།

http://shugdenfacts.com/his-holiness-investigation-that-led-to-his-forsaking-the-propitiation-of-dolgyal/གོང་ལྟར་ ༡༩༧༨ ཕྱི་ཟླ་ ༦ ཚེས་ ༡༣ ཉིན་སྩལ་བའི་བཀའ་སློབ་ནང་གསལ།
དེ་ནས་སྐབས་ཤིག་གནས་ཆུང་གིས་ལུང་ཞིག་ནང༌། གཙུག་ལག་ཁང་དུ་གུ་རུའི་འབུམ་ཚོགས་ཞིག་འབུལ་དགོས། དེ་ཕུལ་ན་བོད་དོན་སྤྱིར་རྟགས་མཚན་ཡོང་ཞེས་གསུངས་བྱུང༌། ཐོག་མར་གུ་རུའི་འབུམ་ཚོགས་འབུལ་བའི་སྐབས་དེ་ལ་ང་ཚོར་རྙིང་མའི་ཆོ་ག་རྒྱུས་ལེགས་པོ་མེད་ཅིང༌། ངེད་རང་གི་ལག་པར་གསང་བ་རྒྱ་ཅན་གྱི་དཔེ་ཆ་ཡང་འབྱོར་རྒྱུ་ཡིན། དཔེ་ཆ་བརྩད་ཞིབ་སྐབས་ཐུའུ་བཀྭན་གྱི་གསུང་རྟ་མགྲིན་གསང་སྒྲུབ་སྐོར་གྱི་རྟ་པོད་ནང་ཚེས་བཅུ་གཏོང་སྟངས་དང༌། ཚོགས་འབུལ་སྟངས་སྐོར།སློབ་དཔོན་ལ་ཚོགས་འབུལ་དགོས་པའི་རྒྱུ་མཚན་བཅས་བཀོད་པ་ཡག་པོ་ཞིག་འདུག་པ་དེ་གཞིར་བཞག་བྱས། དེའི་ཕྱོགས་བསྒྲིགས་ཁོང་རང་གིས་གནང་བ་མ་གཏོགས་གཙོ་བོ་ྋརྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་དང༌། ༸པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་གཉིས་ཕྱོགས་བསྡེབས་བྱས་པ་ཞིག་རེད། བར་སྐབས་ང་ཚོས་གཙུག་ལག་ཁང་དུ་འདོན་པ་དེ་རེད།

The Nectar from the Mouth of My Heroic Father, written by Zemey Rinpoche.

The Nectar from the Mouth of My Heroic Father, written by Zemey Rinpoche.

     དེ་ནས་ལོ་ཤས་རྗེས་ཕྱི་ལོ་ ༡༩༧༥ ཤིང་ཡོས་སྤྲེལ་ཟླ་ཚེས་བཅུའི་འབུམ་ཚོགས་ཚུགས་པའི་སྐབས་ལ་དགེ་ལུགས་པའི་གྲྭ་པ་ཁ་ཤས་དང༌། ཨ་ཎི་ཁ་ཤས་ཡོང་ལ་མི་ཡོང་བྱས་བྱུང༌། བོད་མི་ཚང་མ་རང་བཙན་འདོད་ཀྱི་ཡོད་པའི་སྐད་ཆ་རེད། ༼འདི་༡༩༧༨ལོར་སྩལ་བའི་བཀའ་སློབ་ཡིན་པ་མཁྱེན་པར་མཛོད་༽ གཙུག་ལག་ཁང་དུ་སློབ་དཔོན་གྱི་སྐུ་བཞེངས་པ་དང༌། འབུམ་ཚོགས་འབུལ་རྒྱུ་ང་བསྟན་འཛིན་རྒྱ་མཚོ་སྒེར་གྱི་དོན་ལ་མིན། བོད་སྤྱི་པའི་བླ་མ་དུས་ཚོད་སྙིགས་མ་ནག་པོའི་ཕྱོགས་ཀྱི་མི་དང་མི་མིན་འབྱུང་པོའི་རིགས་ཁ་རྒྱས་ནས་ཡོང་བའི་སྐབས་ལ་ཐུགས་བསྐྱེད་དམ་བཅའ་དམིགས་བསལ་ཡོད་པ་དང༌། བོད་འབངས་ཀྱི་ངོས་ནས་ཀྱང་ལས་དང་བསོད་ནམས་ཀྱི་འབྲེལ་བ་དམིགས་བསལ་ཡོད་པ་དེ་སློབ་དཔོན་རིན་པོ་ཆེ་རེད། དེས་ན་ང་ཚོས་སློབ་དཔོན་རིན་པོ་ཆེར་གསོལ་བ་འདེབས་རྒྱུ་གལ་ཆེན་པོ་རེད། སྤྱི་པའི་དོན་དག་གལ་ཆེ་དོན་ཆེ་ཞིག་ལ་འདི་འདྲ་བྱེད་པ་ནི་མི་བདེ་ཙམ་བྱུང༌། དེ་རྗེས་བརྟག་དཔྱད་བྱེད་པའི་སྐབས་ལ་དེབ་ཞེད་སྣང་ཆེན་པོ་ཞིག་དོན་འདུག དེ་ལ་བརྟེན་ནས་ཨ་ཎི་ཚོ་བླ་འདར་ནས་ཡོང་མ་ནུས་པ་རེད་ཅེས་ཤོད་མཁན་འདུག དེའི་རྗེས་རྩད་གཅོད་བྱེད་སྐབས་ཕ་རྒོད་བླ་མའི་ཞལ་ལུང་ཟེར་བའི་དེབ་སེར་པོ་དེ་མཐོང་བྱུང༌།

ཛེ་སྨད་རིན་པོ་ཆེས་ང་ལ་གསང་བ་བྱས་པ་རེད། ངས་ཚོགས་ལ་ཡོང་ལ་མ་ཡོང་ཇི་བྱས་རྩད་གཅོད་བྱེད་པའི་སྐབས་ལ་གཞི་ནས་གནས་ཚུལ་དེ་འདྲ་གོ་ཐོས་བྱུང་བ་མ་གཏོགས་ངས་ཤེས་མ་བྱུང༌། ཕྱི་ལ་པར་ཐོན་ཚང་མ་ཚར་བ་རེད། དེ་ནས་ཉིན་མ་གཅིག་གཉིས་ཀྱི་རྗེས་ལ་གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པའི་དགག་པའི་དེབ་དེ་ཁོ་རང་གི་ལག་བྲིས་ཀྱི་ཡི་གེ་དང་དཔར་ཕུད་ཡིན་ཞེས་འབྱོར་བྱུང༌། དེབ་སེར་པོ་དང༌། གདོང་ཐོག་གི་དགག་པ་གཉིས་ཀ་མཐོང་བྱུང༌། དེའི་སྐབས་ལ་དངོས་གནས་བློ་གང་འཚམས་ཕམ་བྱུང༌། ངས་རང་གི་ཤག་གི་ནང་ལ་སྡོད་པའི་སྐབས་ལ་ཁ་འདོན་ག་རེ་བྱེད་ཀྱི་ཡོད་རུང་མེད་རུང༌། ངས་ཡིག་ཚང་འདིའི་ནང་ལ་ཡོང་དུས་སྤྱི་པའི་སྤྱི་མི་ཞིག་བྱས་ནས་སྡོད་ཀྱི་ཡོད། དགེ་ལུགས་པ་ཡིན་ཞེས་ཕྱོགས་སུ་ལྷུང་གི་མེད་ལ། རྙིང་མ་ཡིན་ཞེས་ཕྱོགས་སུ་ལྷུང་གི་མེད། ས་སྐྱ་ཡིན་ཞེས་ཕྱོགས་སུ་ལྷུང་གི་མེད། བཀའ་བརྒྱུད་པ་ཡིན་ཞེས་ཕྱོགས་སུ་ལྷུང་གི་མེད། ཨ་མདོ་དང་ཡས་མས་ཟེར་བ་སུ་གཅིག་གི་ཕྱོགས་སུ་མ་ལྷུང་བར་ངས་སྤྱི་པའི་སྤྱི་མི་ཞིག་བྱས་ནས་སྡོད་ཀྱི་ཡོད། སྤྱི་མི་ཞིག་བྱས་ནས་བསྡད་པའི་ཉེར་ལེན་ལས་ཚང་མའི་སྣང་བར་འགྲོ་མི་འགྲོ་སྣ་ཚོགས་རེད། གཅིག་གི་སྣང་བ་ལ་ཕྱིན་ན་གཅིག་གི་སྣང་བ་ལ་མ་འགྲོ་མཁན་ལྟ་བུ་ཕྲན་བུ་ཡོང་གི་འདུག དཔེར་ན། དགེ་ལུགས་པའི་གྲས་ནས་ངས་དགེ་ལུགས་པར་བདག་གཅེས་བྱེད་ཀྱི་མི་འདུག་མདོག་མདོག དེ་བཞིན་རྙིང་མ་དང༌། བཀའ་བརྒྱུད་པའི་གྲས་ནས་ཀྱང་ཕྲན་བུ་བཤད་ཡོང་གི་འདུག འོན་ཀྱང་གནས་ཚུལ་འདི་ནི་སྤྱི་མི་ཡིན་པའི་རྟགས་མཚན་རེད་བསམ་པ་མ་གཏོགས། དེ་ལས་ལྷག་པའི་ང་ལ་རྣམ་རྟོག་གང་ཡང་མེད།

   ངས་སྤྱི་པའི་དོན་དག་ལ་དངོས་གནས་དྲང་གནས་གང་ཡོང་ཅི་ཡོང་གི་འཁུར་བླངས་ཏེ་སྡོད་པའི་སྐབས་འདིར། དེ་སྔ་བློ་མ་རངས་པའི་མིའམ། ཡང་ན། གནས་ཚུལ་མ་ཤེས་མཁན་ཞིག་གིས་དཀྲོགས་རྐྱེན་བཟོས་ན་དེ་ཡོང་སྲིད་པ་རེད། དེ་ཆོས་ཉིད་རེད། ངས་ངེས་པར་དུ་དག་པ་སྟེར་རྒྱུ་ཡིན། དེ་གཉིས་ཀ་མིན་པའི་སྐུ་ཞབས་ཛེ་སྨད་ལྟ་བུ་ལ་ཕྱོགས་གཅིག་ནས་ཆོས་ལུགས་སྐོར་ལ་ྋརྒྱལ་བ་རིན་པོ་ཆེའི་སྔ་ཕྱིའི་སྲིད་བྱུས་སམ་ལྟ་སྟངས་ག་འདྲ་ཞིག་ཡོད་མེད་ཆ་ཚང་རྒྱུས་མངའ་ཡོད་པ་རེད། དགེ་རྒན་འོས་སྦྱོང་ཐོག་མ་འགོ་འཛུགས་པའི་སྐབས་རྡ་རམ་ས་ལ་ཤོད་དུ་ཁང་པ་འགྲིགས་མིན་བྱུང་སྟེ་ཀང་རར་ཚུགས་པའི་སྐབས་ངས་ཉིན་གཅིག་ཀང་རར་ཆེད་མངགས་ཕྱིན། ཁོང་ཚོའི་སྡོད་ཁང་ཉམས་ཆེ་ས་དེར་གཞོགས་གཅིག་ལ་ཀུན་བདེ་གླིང་དང༌། གཞོགས་གཅིག་ལ་ཛེ་སྨད་བསྡད། ངས་དཀྱིལ་དུ་བསྡད་ནས་དགེ་རྒན་འོས་སྦྱོང་པ་ཚོར་ངས་འགྲེལ་བཤད་རིང་པོ་ཞིག་བརྒྱབ་པ་ཡིན། དེའི་ནང་ཆོས་ལུགས་སྐོར་ལ་གལ་ཏེ་ལྟ་བ་སྐྱོན་མེད་ནི་རི་བོ་དགེ་ལྡན་པའི་ལྟ་བ་འདི་རེད། དགེ་ལྡན་པའི་ལྟ་བ་མ་གཏོགས་གཞན་དག་གི་ལྟ་བ་རྣམས་སྐྱོན་ཡོད་པར་ངོས་འཛིན་བྱས་ཏེ། གལ་ཏེ་དེ་ལྟར་བདེན་ན་བོད་གངས་ཅན་ལ་རྗེ་རིན་པོ་ཆེ་མ་བྱུང་སྔོན་ལ་སངས་རྒྱས་ཀྱི་གོ་འཕང་ཕར་ཞོག ཚོགས་ལམ་ཆེ་འབྲིང་ཡན་ཆད་ཐོབ་པའི་གང་ཟག་གཅིག་ཀྱང་མ་བྱུང་ཞེས་བརྗོད་དགོས་བྱེད་ཀྱི་རེད། རྗེ་རིན་པོ་ཆེ་མ་བྱུང་གོང་ལ་བོད་ལ་ཟུང་འཇུག་གི་གོ་འཕང་ཐོབ་མཁན་མང་པོ་བྱུང་ཡོད། དེ་རྣམས་ལྟ་བ་ཕྱིན་ཅི་མ་ལོག་པར་ངེས་པའི་སྟེང་ནས་འགྲོ་དགོས་པ་ལས་ལྟ་སྒོམ་སྤྱོད་པ་མ་ནོར་བ་ཞིག་རང་རྒྱུད་ལ་མེད་པར་ཚོགས་ལམ་ཆེ་འབྲིང་ཡན་འགྲོ་ཐུབ་ཀྱི་མ་རེད་ཅེས་ངས་བཤད་པ་ཡིན། རྒྱུ་མཚན་དེ་འདྲ་ཡིན་དུས་བཀའ་རྙིང་ས་དགེ་ཚང་མ་སངས་རྒྱས་བདེ་བླག་ཏུ་སྒྲུབ་པའི་མདོ་སྔགས་ཟུང་འབྲེལ་གྱི་ཟབ་ཆོས་ཤ་སྟག་ཡིན་པས། ང་ཚོས་ཆོས་ལུགས་ཀྱི་ཕྱོགས་རིས་དང་བཟང་ཞན་གྱི་སྐད་ཆ་ཤོད་རྒྱུ་བསྡད་མི་འདུག་ཅེས་གསལ་པོ་བྱས་ནས་བཤད་པ་ཡིན། སྐབས་དེར་ཛེ་སྨད་རིན་པོ་ཆེ་ཡོད་སྟབས་མ་གོ་མ་ཐོས་མེད་པར་ཆ་ཚང་ཐོས་ཡོད། མི་ཤེས་པ་ཡོང་ཤེས་ཀྱི་མ་རེད།

   གཉིས་ནས་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་སྟབས་བྱས་ནས་ཛེ་སྨད་རིན་པོ་ཆེ་ངས་རྒྱ་ནག་ལ་འཁྲིད་པ་ཡིན། ༡༩༥༦ ལོར་སངས་རྒྱས་མྱང་འདས་ཀྱི་དུས་ཆེན་སྐབས་རྒྱ་གར་ལ་འཁྲིད་པ་ཡིན། དེ་ནས་ ༡༩༥༩ ཟིང་འཁྲུག་བྱུང་ནས་ཁོང་རྒྱ་གར་ལ་སླེབས་རྗེས་འདྲ་འདྲའི་ནང་ནས་མི་འདྲ་ཙམ་བྱས་ནས་སློབ་གྲྭའི་དགེ་རྒན་འོས་སྦྱོང་ཆེད་འཛུགས་བྱས་པ་དེའི་འགོ་བྱེད་ལ་བསྐོས་པ་ཡིན། དེ་འདྲ་བྱས་ཏེ་གནས་ཚུལ་ཆ་ཚང་ཤེས་མཁན་དང༌། བཟང་པོས་མཐའ་བསྐྱངས་ཏེ་བསྐྱངས་པའི་མི་གཅིག་གི་བྱེད་སྟངས་དང༌། ཁ་ཐབས་དེ་འདྲ་ཞིག་བྱས་པ་རེད། ངས་བོད་པའི་དོན་དག་ལ་བསམ་བློ་བཏང་སྟེ་སྲིད་བྱུས་བཟུང་བ་དེར་འཕྱར་བ་གྲུ་འདེགས་ཀྱི་ཆར་པ་ཆུ་གྲོགས་སུ་འགྲོ་བའི་ཕན་ཐོགས་ཤིག་བྱེད་མ་ཐུབ་ནའང༌། གནོད་སྐྱོན་འགྲོ་རྒྱུའི་ལས་ཀ་བྱེད་རྒྱུ་དེ་བབས་འོས་ཡོད་པ་ག་ནས་ཡིན། དེ་ལྟར་ཡིན་དུས་བྱེད་སྤྱོད་འདི་ནི་གལ་སྲིད་ཤེས་བཞིན་ཁྱད་གསོད་མིན་ནའང༌། སྣང་ཆུང་ཁྱད་གསོད་བྱས་པ་ཞིག་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་ཐག་བཅད་ཆོག་པ་ལོང་བས་བལྟས་ཀྱང་ཤེས་ཀྱི་རེད།

དེར་བརྟེན་དངོས་གནས་བློ་ཕམ་ཆེན་པོ་བྱུང༌། མི་གཞན་དག་ནས་ཀྱང་གནས་ཚུལ་གང་འདྲ་ཞིག་མཐོང་གི་རེད། ྋརྒྱལ་བ་རིན་པོ་ཆེ་ནས་འདྲ་འདྲའི་ནང་ནས་མི་འདྲ་བར་ཆ་བཞག་ནས་ལས་ཀ་བསྐུལ་སའི་མི་ཞིག་གིས་དེབ་དེ་འདྲ་ཞིག་བྲིས། དེ་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་ཞལ་གསུང་ཡིན་པ་རེད། ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ངའི་བླ་མ་རེད། དེ་འདྲ་ཡིན་དུས་མི་བསམ་བློ་གཏོང་མཁན་ཞིག་ཡིན་ན་ཨ། ཁ་གསང་ལོས་དང༌། ཁ་གཏིང་གི་ཁྱད་པར་ཙམ་མ་གཏོགས་དེ་ཚོ་འགྲོ་ཕྱོགས་གཅིག་གྱུར་རེད། ྋརྒྱལ་བ་རིན་པོ་ཆེའི་བླ་མས་དེ་འདྲ་གསུང་གི་ཡོད། ྋརྒྱལ་བ་རིན་པོ་ཆེ་ནས་དམིགས་བསལ་གཟིགས་བསྐྱངས་གནང་སའི་མི་ཞིག་ནས་དེ་འདྲ་བཤད་ཀྱི་ཡོད་པ་རེད། གང་ལྟར་ྋརྒྱལ་བ་རིན་པོ་ཆེ་ནས་སྤྱི་པའི་སྲིད་བྱུས་ཕྱོགས་རིས་མེད་ཅེས་འདྲ་ཆགས་པོ་གསུང་གི་ཡོད་ཀྱང༌། རྡོ་དོན་ངོ་མའི་སྲིད་བྱུས་སམ།སྙིང་ཕུགས་ཀྱི་བསམ་བློའི་འཁྱེར་སོ་དེ་འདྲ་ཞིག་ཡིན་པ་རེད་བསམ་པ་དྲན་གྱི་རེད། དེ་ལ་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཡིན་ནའང་དགོངས་བཞེས་གནང་དགོས་པ་ཞིག་དང༌། ཛེ་སྨད་རིན་པོ་ཆེ་ཡིན་ནའང་བསམ་བློ་གཏོང་དགོས་པ་ཞིག་ཡིན་ནའང་དེ་ལྟར་མ་བྱུང་བ་རེད།

    ཕྱོགས་གཅིག་ནས་དེབ་ནང་གི་དོན་དག་དེ་ཚོ་སྒྲ་ཇི་བཞིན་པ་ཁས་བླང་དུ་རུང་མི་རུང་ཡང་ཐེ་ཚོམ་གྱི་གཞི་ཆེན་པོ་རེད་ལ། མཐར་གཏུགས་ན་ཡིན་ནམ་བསམ་བྱུང་ཟེར་རྒྱུ་མ་གཏོགས་ཨེ་ཡོད་སྙམ། གལ་ཏེ་དེ་བདེན་པའི་དབང་དུ་བཏང་རུང་བསྟོད་རར་འགྲོ་དང་སྨད་རར་འགྲོ་ཆ་མ་གཏོགས་པ་རེད། ལྷག་པར་རི་བོ་དགེ་ལུགས་པའི་ཆེ་བ་ཆོས་སྐྱོང་རྩོད་པ་ཅན་གཅིག་ལ་ཐུག་པ་འདྲ་པོ་བྱས་ན་དགོས་པ་གང་འདྲ་འདུག ཅི་སྟེ་བསྟོད་རར་འགྲོ་གི་ཡོད་ནའང་དགོས་པ་ལས་དགག་བྱ་ཆེ་བས་ཤོད་མ་འོས་པའི་སྐད་ཆ་ཞིག་རེད་མ་གཏོགས་ད་ལྟ་དེ་བཤད་ནས་ཕན་ཐོགས་ག་རེ་འདུག ལར་ནས་རྩ་བའི་གླེང་གཞི་དགེ་ལྡན་པའི་བསྟན་པ་ལ་བསྲེ་ལྷད་འཇུག་བྱེད་ཅེས་པའི་བསྲེ་ལྷད་ཀྱི་དོན་མི་གཅིག་གིས་ས་དགེ་བཀའ་རྙིང་རིས་མེད་ཀྱི་ཆོས་བྱས་པ་ལ་ཟེར་བ་ཡིན་ན་ྋརྒྱལ་བ་གོང་མ་སྤྱི་དང༌། ལྷག་པར་གཉིས་པ་གསུམ་པ་ཁྱད་པར་དུ་ལྔ་པ་ལས་བསྲེ་ལྷད་ཆེ་བ་སུ་ཡོད། དེ་ལྟར་ན་ཁོང་གིས།

བློ་བཟང་རྒྱལ་བ་གཉིས་པའི་བསྟན་པ་ལ། །
བསྲེ་ལྷད་མེད་པའི་རྣམ་ཐར་འཁྱོངས་པར་ཤོག །

ཅེས་གསུངས་པ་ཞལ་བརྫུན་ཆེན་པོ་རེད། ཁོང་དགེ་སློང་མཁས་པ་ཞིག་གིས་མངོན་སུམ་ལ་བསྙོན་པའི་བརྫུན་གོག་དེ་འདྲ་ག་ནས་གསུངས། གལ་ཏེ་བསྲེ་ལྷད་ཀྱི་གོ་དོན་དེ་ལྟར་ཡིན་ན་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ལྟ་ཁྲིད་མུན་སེལ་སྒྲོན་མེའི་ནང་དཔལ་ས་སྐྱ་པའི་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་སྒོམ་ཚུལ་ཞོར་འཕྲོས་སུ་གསུངས་ནས་དེའི་ཆོས་སྐད་རྗེ་བླ་མའི་ལྟ་བ་སྐྱོང་ཚུལ་ལ་མི་བསྲེ་བར་གསུངས་ཏེ་གདམས་ངག་ཐམས་ཅད་བརྡ་ཆད་ཕར་བསྲེ་ཚུར་བསྲེའི་བློ་བཟོ་སྣ་ཚོགས་ཀྱིས་གདམས་ངག་སོ་སོའི་ཐུན་མིན་ཐ་སྙད་ཐམས་ཅད་ཆལ་ཆོལ་དུ་བཏང་མི་རུང་ཚུལ་དང༌། ཡང་མན་ངག་གཞན་གྱི་དོན་དང་ཐ་སྙད་འདིར་བསྲེ་བར་མི་བྱ་ཞིང༌། འདི་ནས་ཀྱང་དེ་དག་ཏུ་བསྲེ་བར་མི་བྱ་སྟེ།དེ་ལྟར་བསྲེ་ན་མན་ངག་ཐམས་ཅད་རང་སྲོལ་འཕྱུག་འགྲོ་བའི་རྐྱེན་དུ་གསུང་འདུག་པས། ཅི་སྟེ་དགེ་ལུགས་པས་ས་རྙིང་གི་ཆོས་བྱས་པ་ཙམ་གྱིས་མི་འགྲིགས་པ་དང༌།ས་རྙིང་སོགས་ཀྱིས་དགེ་ལུགས་པའི་ཆོས་བྱས་ནའང་མི་འགྲིགས་པ་ཡིན་ན། དེ་ལྟར་ན་རྒྱལ་ཚབ་མཁས་གྲུབ་ཁོང་རྣམ་པ་ནས་བཟུང་བའི་དགེ་ལུགས་དགེ་བཤེས་མང་པོ་བསྲེ་ལྷད་གཏོང་མཁན་ཆགས་པ་རེད་ལ། ད་ལྟ་དགེ་ལུགས་པ་འགའི་མཐོང་སྣང་ལ་དགེ་ལུགས་པ་ཞིག་གིས་རྙིང་ཆོས་སོགས་ཉན་ན་མི་འགྲིགས་པའི་ཕྱོགས་དང༌། ཡང་རྙིང་མ་པ་ཞིག་གིས་ལམ་རིམ་ཉན་ན་སྤྲོ་སྤྲོ་བྱེད་པ། དགེ་ལྡན་གྱི་ཆོས་རྙིང་མར་བསྲེ་བའི་བསྲེ་ལྷད་བྱས་ཏེ་མཁས་གྲུབ་རྗེའི་དགོངས་པ་དང་འགལ་འགྲོ་གི་ཡོད་པ་རེད། མདོར་ན་ཕྱི་ནང་ཐུག་པ་ལྟར་གཅིག་གིས་གཅིག་ལ་རྒྱབ་བསྟན་ནས་སྡོད་དགོས་ཚོད་རེད།

       དེས་ན་བསྲེ་ལྷད་གྱི་དོན་ནི་མི་གཅིག་གིས་རིས་མེད་བྱས་པར་གོ་རྒྱུ་མིན་པར་སོ་སོའི་ཐུན་མིན་གསུང་ལུགས་ཕར་བསྲེ་ཚུར་བསྲེས་ཆལ་ཆོལ་དུ་བཏང་བར་གོ་རྒྱུ་ཡིན་པ་འདྲ། དེས་ན་ྋརྒྱལ་དབང་ལྔ་པའི་དགེ་ལུགས་ཀྱི་ལམ་ཁྲིད་འཇམ་དཔལ་ཞལ་ལུང་ནང་ས་རྙིང་གི་ཐུན་མིན་བརྡ་ཆད་བསྲེས་ལྷད་མེད་ཅིང༌། རྫོགས་ཆེན་ལྟ་ཁྲིད་རིག་འཛིན་ཞལ་ལུང་ནང་ས་དགེའི་ཐུན་མིན་བརྡ་ཆད་བསྲེས་ལྷད་མེད་པར་རང་རང་གི་ལུགས་སྲོལ་བརྡ་ཆད་གཙང་མར་ཡོད་པ་འདི་མཁས་གྲུབ་ཐམས་ཅད་མཁྱེན་པའི་དགོངས་པ་ངོ་མ་རེད་སྙམ་པ་འདུག

མངོན་རྟོགས་རྒྱན་ལས།
འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང། །

     ཞེས་གསུངས་པ་ལྟར་ཐེག་ཆེན་ལ་མོས་པའི་གང་ཟག་གཅིག་གིས་གྲུབ་མཐའ་གོང་འོག་ཐེག་པ་ཆེ་ཆུང་ཐམས་ཅད་ལ་ཐོས་བསམ་སྒོམ་པ་དགོས་པ་བཞིན་དུ་ས་དགེ་བཀའ་རྙིང་ཐམས་ཅད་ལ་ཡང་རྒྱུད་ཚོད་དང་བསྟུན་པའི་ཐོས་བསམ་སྒོམ་པ་བྱེད་པ་བསྔགས་པའི་འོས་ལས་སྐྱོན་ག་ལ་ཡིན། བར་སྐབས་དེབ་དེ་ཐོན་པའི་རྐྱེན་བྱས་ནས་གདོང་ཐོག་རིན་པོ་ཆེའི་དགག་པ་ཞིག་བྱུང༌། གདོང་ཐོག་གི་དགག་པ་བྱུང་བའི་མཚམས་ཝཱར་ཎ་ཁུལ་དགེ་ལུགས་པ་གང་འཚམས་ཤིག་ནས་ནད་མ་ཐེག་པར་དེ་ལ་དགག་ལན་ཞིག་འབྲི་གི་ཡིན་ཞེས་གྲ་སྒྲིག་བྱས་ལུགས་ཤོད་མཁན་བྱུང༌། དགེ་ལུགས་པ་འགའ་ཤས་ནས་གདོང་ཐོག་གི་དེབ་དེ་གདོང་ཐོག་གིས་བྲིས་པ་མ་རེད། བདུད་འཇོམས་རིན་པོ་ཆེ་ནས་བྲིས་ཏེ་མིང་གདོང་ཐོག་གིས་ཁྱེར་བ་རེད་ཅེས་དེ་འདྲ་ཤོད་

མཁན་ཡང་བྱུང་ཚོད་སྣང༌། དེ་ག་འདྲ་ཞིག་འདུག་གམ། ཛེ་སྨད་རིན་པོ་ཆེ་དང་གདོང་ཐོག་ཁོ་རང་གཉིས་གདོང་ཐུག་རྩོད་པ་བྱུང་བར་ཁྱད་པར་གང་ཡང་མི་འདུག་སྟེ། ཛེ་སྨད་ཀྱི་དེབ་དེ་དགེ་ལུགས་པའི་བླ་མ་གཙོ་བོ་ཁྲི་བྱང་རིན་པོ་ཆེ་ནས་གསུངས་པ་ཡིན་ཞེས་དངོས་སུ་བཀོད་ཡོད་པ་དང༌། གདོང་ཐོག་གི་དགག་པ་དེ་འདུད་འཛོམས་རིན་པ་ཆེ་ནས་བྲིས་པ་རེད་ཟེར་དུས་ཐུག་ས་དེ་ཁྲི་བྱང་རིན་པོ་ཆེ་དང༌། བདུད་འཛོམས་རིན་པོ་ཆེ་རྣམ་གཉིས་ལ་ཐུག་ཡོང་གི་ཡོད། ད་ཆ་དངོས་གནས་དྲང་གནས་ཆོས་ལུགས་ནང་ཁུལ་འཁྲུག་རྩོད་སྤེལ་རྒྱུའི་ཛ་དྲག་གི་གནས་ཚུལ་ཞིག་ཆགས་ཡོང་གི་ཡོད་དུས། ཆོས་དོན་ལས་ཁུངས་ཀྱི་མིང་ཐོག་ནས་རྩ་བའི་དུག་རྩ་ཛེ་སྨད་ཀྱི་དེབ་འདིས་བྱས་ཤིང༌། དེང་སང་དུས་ཚོད་གཉན་འཕྲང་གི་སྐབས་འདིར་ཕན་ཚུན་ཚང་མས་བསྟན་པ་སྤྱི་ལ་ཕན་པའི་བསམ་ཤེས་ཡག་པོ་ཞིག་བྱེད་དགོས་པ་ལས། དཀྲོགས་རྐྱེན་རིགས་བྱས་ན་མི་འགྲིགས་ཞེས་ཆོས་དོན་ལས་ཁུངས་ནས་ཆེད་གཉེར་གྱིས་གསལ་བསྒྲགས་བྱས་པའི་རྗེས་ལ་དགེ་ལུགས་ནང་ནས་དགག་པ་བྱུང་ཡོད་པ་མ་རེད། རྙིང་མ་འགས་ཀྱང་དེ་དུས་གྲ་སྒྲིག་ཕྲན་བུ་བྱས་འདུག་ཀྱང༌། ཆོས་དོན་ལས་ཁུངས་ཀྱི་གསལ་བསྒྲགས་དེ་ཐོན་པའི་རྗེས་ལ་ཆོས་དོན་གྱི་གསལ་བསྒྲགས་ལ་ཉན་ནས་ལྷིང་འཇགས་སུ་བསྡད་དེ་རྙིང་མ་རང་ཁུངས་ནས་དགག་པ་བྱུང་མེད།