རང་ཅག་ཐ་མལ་པས་ཚད་མར་འདོད་ཚུལ་ཇི་ལྟར་དགོས།

རྗེ་ཡབ་སྲས་གསུམ།

རྗེ་ཡབ་སྲས་གསུམ།

http://shugdenfacts.com/gadenjangtsemonastery/གོང་ལྟར་ཕྱི་ལོ་ ༡༩༨༠ ཟླ་ ༧ ཚེས་ ༡༨ ཉིན་བཀའ་སྩལ་བ།
གཞན་ཡང་ང་རང་ཚོ་དགེ་ལུགས་པས་ཐ་སྙད་ཚད་གྲུབ་ཁས་བླངས་ན་འཇིག་རྟེན་ཡོངས་གྲགས་ཀྱི་གྲགས་ཚོད་དེར་ང་ཚོས་བསྟུན་དགོས་པ་ཡིན། གསང་བ་བསམ་གྱིས་མི་ཁྱབ་པ་ཟེར་བ་དེ་གནས་ཚུལ་ཐ་དད་རེད། ས་མཐོན་པོར་གནས་པའི་བྱང་འཕགས་ཚོས་སྐད་ཅིག་བསྐལ་པ་དང༌། བསྐལ་པ་སྐད་ཅིག་ལ་བྱིན་གྱིས་བརླབས་པ་དེ་ལ་གཞིར་བཞག་དགོས་བྱུང་ན་ཐ་སྙད་ཀྱི་རྣམ་གཞག་ཐམས་ཅད་འཇིག་འགྲོ་གི་རེད་ཅེས་ཁ་སང་གསེར་ཕྲེང་ནང་ཐོན་པ་ལྟར་རེད། དེ་བཞིན་དུ་དེ་བཞིན་གཤེགས་པ་ཁོ་ནའི་ནང་ཕན་ཚུན་གྱི་སྤྱོད་ཡུལ་དུ་གྱུར་པའི་གསང་བ་བསམ་གྱིས་མི་ཁྱབ་པ་དེ་གཞི་ལ་བཞག་ནས་ང་ཚོས་སྤང་བླང་བྱེད་ཐུབ་ཀྱི་མེད། ང་ཚོས་འཇིག་རྟེན་ཡོངས་སུ་གྲགས་པའི་རྣམ་གཞག་དེའི་ཐོག་ཏུ་འགྲོ་དགོས། དེ་ལྟར་ཕྱིན་ན། དང་པོར་ད་ལྟའི་རྒྱལ་ཆེན་དེ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་སྐྱེ་རྒྱུད་ཡིན་མིན་ཐེ་ཚོམ་རེད། སྤྲུལ་སྐུ་གྲགས་རྒྱན་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་སྐྱེ་སྲིད་ཡིན་མིན་ཐེ་ཚོམ་རེད། གལ་སྲིད་ཡིན་པའི་དབང་དུ་བཏང་ནའང༌། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་ྋརྒྱལ་བ་ལྔ་པ་གཉིས་མ་འགྲིགས་པ་ཞིག་གི་ཐོག་ནས་གནས་ཚུལ་དེ་ཆགས་པ་ལས་འགྲིགས་ནས་བྱུང་བ་ཞིག་མ་རེད། དེ་ལྔ་པ་ཆེན་པོའི་རྣམ་ཐར་ཀློག་ན་ཤེས་ཀྱི་རེད། ཡོངས་གྲགས་རྣམ་ཐར་ནང་ཡོད་པ་དེ་གདུལ་བྱ་བློ་དམན་པའི་ངོར་རམ། འཇིག་རྟེན་ཡོངས་གྲགས་ཀྱི་དབང་དུ་བྱས་པ་རེད། གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་དེ་མིན་པའི་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་རེད་ཅེས་བརྗོད་པ་ཡིན་ན། སྔོན་ལ་ང་ཚོ་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་ལོངས་སྤྱོད་ཐུབ་པའི་རྒྱུད་ཚོད་མཐོ་རུ་ཐོངས་དང༌། དེ་བྱུང་ན་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་དེ་ང་ཚོས་ལོངས་སྤྱོད་ཆོག་གི་རེད། ང་རང་ཚོའི་རྒྱུད་ཚོད་ཐ་མལ་པར་བསྡད་ཕྱིན་འཇིག་རྟེན་ཡོངས་གྲགས་ཀྱི་གནས་ཚུལ་དེ་ལ་བསྟུན་ནས་འགྲོ་དགོས་པ་ལས་ལོངས་སྤྱོད་པ་པོ་ཐ་མལ་ལ་གནས། སྤྱད་བྱའི་ཆོས་དེ་གསང་བ་བསམ་གྱིས་ཁྱབ་པའི་དབང་དུ་བྱས་ནས་ལོངས་སྤྱོད་ཐབས་མེད།

       སྤྱིར་ཆོས་སྲུང་སྐོར་རྒྱུད་སྡེ་ཚོ་ནས་གསུངས་ཤིང༌། དེ་ནི་རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པའི་སྒོ་ནས་ཆོས་སྲུང་བྲན་དུ་བཀོལ་ནས་ཞི་སོགས་ཀྱི་ལས་སྒྲུབ་ཚུལ་བཤད་དེ་རང་གཞན་གྱི་བྱང་ཆུབ་སྒྲུབ་པའི་ཐབས་སུ་འགྲོ་བ་ཡིན། རང་ལ་དེ་འདྲའི་ནུས་པ་མེད་པ་ཞིག་གིས་རྔ་གོག་རྡོལ་རྡོལ་བརྡུང་ཡང་དེ་ཙམ་ཕན་ཐོགས་ཡོང་རེ་མེད། དེ་བས་རང་རང་སོ་སོས་ལས་འབྲས་ལ་ཞུ་དག་བཏང་ཐོག་སྐྱབས་འགྲོ་ལ་ནན་ཏན་བྱས་ན་ཁ་ཡོད་ལག་ཡོད་ཕན་ཐོགས་ཆེ་བ་ཙམ་དུ་མ་ཟད། ནང་པའི་རྣམ་པ་ཡང་ཐོན་ཆེ་ཡོང༌། ལྷག་པར་བློ་དམན་ལས་དང་པོ་བ་ཚེ་འདིར་ལྟོ་གོས་ཀྱི་འདུན་པ་ཞེ་ཕུགས་སུ་བཅངས་པ་ཚོས་སྟོན་པ་བཅོམ་ལྡན་འདས་ལ་བརྟེན་ནས་ཚེ་སྒྲུབ་དང༌། ནོར་སྒྲུབ། ཚོང་འཁོས་ལམ་འགྲོ་ཡོང་བའི་གསོལ་མཆོད་བྱེད་ཆོག་མེད་སྟབས་འགག་ལ་ཐུག་དུས་སྟོན་པ་བཅོམ་ལྡན་འདས་ལས་ཀྱང་ལྷ་འདྲེ་རྣམས་ཁ་ཚ་དགོས་གཏུགས་ཀྱི་མཁོ་ཕན་ཆེ་བར་མཐོང་ཞིང༌། དེ་དག་ལ་ཞེ་ཕུགས་ནས་བློ་གཏོད་བྱེད་པ་ཡོང་ཉེན་ཆེ། དེ་འདྲ་བྱུང་ན་ནང་པའི་སྐྱབས་འགྲོ་གཏོང་བ་རེད། སྐྱབས་འགྲོ་གཏོང་ན་ནང་པའི་གྲལ་ནས་བུད་འགྲོ་བའི་ཉེན་ཁ་ཡང་ཤིན་ཏུ་ཆེན་པོ་ཡིན་པས་གཟབ་གཟབ་བྱེད་དགོས། དེ་ཚོའི་གནས་ཚུལ་ཤེས་པའི་ཐོག་ནས་འཇུག་ལྡོག་བྱེད་དགོས།

       འོན་ཀྱང་ཁྱེད་རང་ཚོའི་གྲས་ནས་རྒྱལ་ཆེན་གྱི་སྲོག་གཏད་ཞུས་ཟིན་པའི་རིགས་ཡོད་ན་དོར་དགོས་པ་མ་རེད། ད་མུར་བསྟེན་ན་འགྲིགས། འོན་ཀྱང་སྤྲོས་པ་ཆེན་པོ་དང༌། ཆོས་སྐྱོང་རྗེ་བོ་ལྟ་བུ་ཡིན་པའི་རྣམ་པ་མི་དགོས་པ་བྱས་ཏེ་གནས་སྟངས་ངོ་མར་གཞིགས་པའི་ཐོག་ནས་སྲུང་མའི་གོ་རིམ་མ་འཆོལ་བའི་བསྟེན་ལུགས་ཤིག་བྱས་ན་ཡག་པོ་རེད། སྲོག་གཏད་ཞུས་མེད་པའི་རིགས་ཡིན་ན་ནི་སྐེ་འཁྱེར་ནས་ཞགས་པ་ཉོ་བ་ལྟ་བུ་བྱས་ནས་དགོས་པ་གང་ཡང་མི་འདུག དེ་ལས་བཀའ་གདམས་པའི་ཕྱག་བཞེས་དེ་ཡག་ཤོས་རེད། བསྟན་པའི་བདག་པོ་ཡིན་པས་ཐུབ་པ་བཅོམ་ལྡན་འདས། སྙིང་རྗེ་ཆེན་པོའི་ལྷ་ཡིན་པས་འཕགས་པ་སྤྱན་རས་གཟིགས། འཕྲིན་ལས་ཀྱི་ལྷ་ཡིན་པས་རྗེ་བཙུན་སྒྲོལ་མ། བར་ཆད་སེལ་བའི་ལྷ་ཡིན་པས་མི་གཡོ་བ་ཞེས་གསུངས་པ་ལྟར། བཀའ་གདམས་ལྷ་བཞི་དང༌། དེའི་སྟེང་དུ་སྐྱེས་བུ་གསུམ་མམ་སྡེ་སྣོད་གསུམ་བཅས་བཀའ་གདམས་ལྷ་ཆོས་བདུན་ལྡན་ཞེས་པ་དེ་ལ། རྒྱལ་བཙན་སོགས་ལ་བསངས་གསེར་སྐྱེམས་སོགས་ཀྱི་སྤྲོས་པ་གང་ཡང་མེད། ང་རང་ཚོ་རྟོགས་པ་བླ་མ་གོང་མ་ཚོ་ནང་བཞིན་ཡང་མ་རྙེད། གསོལ་གསོལ་མཆོད་མཆོད་ནི་བླ་མ་གོང་མ་ཚོས་མ་འབྱོན་པ་མང་པོ་ཞིག་བྱེད་ཀྱི་ཡོད། འཕྲིན་ལས་དང་དངོས་གྲུབ་ནི་ཐོབ་ཀྱི་མེད། རྒྱལ་ཆེན་སྐོར་དེ་འདྲ་ཞིག་ཡིན། ཁྱབ་སྤེལ་བྱས་ནས་མང་པོ་ཞིག་བཤད་ན་དགོས་པ་མི་འདུག བཤད་དགོས་ས་ཞིག་ཡིན་ན་མགོ་ཚོས་པོའི་ཐོག་ནས་ཆ་ཚང་བཤད། དེ་མིན་རང་བཞིན་གནས་ཚུལ་ལྟ་བུ་བྱས་ཏེ་གང་བྱུང་དུ་བཤད་མི་དགོས་པ་བྱས་ན་ཡག་པོ་རེད་ཅེས་བཀའ་བསྩལ། །