དོལ་རྒྱལ་དང་འབྲེལ་བའི་དཔྱད་པ་གཟུར་གནས་བློ་ལྡན་དགྱེས་པའི་དྲང་སྲོང་བདེན་སྨྲའི་འབེལ་གཏམ་ཞེས་བྱ་བ་བཞུགས་སོ།

དེ་ཡང་འདིར་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གཤེགས་པ་ནས་བཟུང་། དོལ་རྒྱལ་བྱུང་བར། དོལ་རྒྱལ་བསྟེན་མཁན་དང་། མི་བསྟེན་མཁན་གཉིས་ཀས་འདོད་པ་མཐུན། དེ་ཡང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་། ༸གོང་ས་ལྔ་པ་གཉིས་ཀྱི་བར་ལ། མི་མཐུན་པའི་རྐྱེན་གྱིས་རང་ཅག་རྣམས་ཀྱིས་དོལ་རྒྱལ་དམ་སྲི་དང་། གཞན་རྣམས་ཀྱིས་དྲེགས་པའི་སྐུར་བཞེངས་པར་འདོད་ལ། དོན་དངོས་ཇི་ལྟར་ཡིན་མིན་དཔྱོད་པ་ལ། ཐོག་མར་སྤྲུལ་སྐུ་གྲགས་རྒྱན་སྐོར་ཁུངས་བཙན་ཡིག་ཆ་གྲགས་རྒྱན་རང་ཉིད་ཀྱི་རྣམ་ཐར་དང་། ༸རྒྱལ་བ་ལྔ་པ་ཆེན་པོའི་རྣམ་ཐར། ཁོང་རྣམ་པ་གཉིས་ཀའི་བླ་མ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་གསུམ་ལས་ཐོན་པའི་ཁ་གསལ་གྱི་ཚིག་དོན་རྣམས་དང་འབྲེལ་འདིར་ཅུང་ཟད་དཔྱད་པར་བྱའོ། །

   དེ་ཡང་ཕྱི་ལོ་ ༡༦༡༩ ལོར་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་བཙས། དེ་ནས་ལོ་གཉིས་སོན་སྐབས་ཁོང་གི་ཕ་མས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཁྱིམ་དུ་སྤྱན་དྲངས་ནས་མཚན་ཞུས་པ་ན། ཆོས་བཟང་རྒྱལ་མཚན་ཞེས་གནང་། དེ་ཡང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་རང་རྣམ་ལྟར་ན། ཆོས་བཟང་རྒྱལ་མཚན་རང་ཉིད་སྐྱེས་དུས་རྟགས་མཚན་མི་འདྲ་བ་བྱུང་ལུགས་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་བུ་དེ་རང་ག་བ་མིན་པ་གསུངས་ལུགས་འཁོད་འདུག་ཀྱང་། དཔྱད་ན་འཐད་པར་དཀའ་སྟེ། ལོ་གཉིས་ལོན་པའི་བྱིས་པས་སྨྲ་ཤེས་ཙམ་ལས་དེའི་སྐབས་ཀྱི་གནས་ཚུལ་ཕལ་ཆེར་མི་དྲན། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་༸རྒྱལ་དབང་ལྔ་པ་ཆེན་པོའི་དགོངས་པ་ལྟར་སྨོན་ལམ་ལོག་པའི་དམ་སྲིར་མ་སྐྱེས་པའི་སྔ་རོལ་དུ་སྔོན་གནས་རྗེས་དྲན་སོགས་ཆོས་ཀྱིས་རྒྱུད་ལེགས་པར་ཕྱུག་པ་མི་འཐད་ཅིང་། ཁོང་གི་མ་གཡོ་སྒྱུ་ཅན་གྱི་ཁ་ལའང་ཆ་འཇོག་དཀའ་བའི་ཕྱིར་ཏེ། སྔར་གྱི་དཔེར་མ་གཡོ་སྒྱུ་ཆེ་ན་བུ་བླ་མར་འགྱུར་ཞེས་པ་ཇི་ལྟ་བ་བཞིན་སྤྲུལ་སྐུ་གྲགས་རྒྱན་གྱི་ཐོག་ཏུ་བྱུང་བ་ལོ་རྒྱུས་ཀྱིས་ར་སྤྲོད་རྒྱུ་ཡོད་པའི་ཕྱིར། དེ་ལྟར་ཡོད་དེ། ༸རྒྱལ་བ་ལྔ་པ་ཆེན་པོའི་གསུང་པོད་ད་པ་ལས། གད་ཁ་སའི་ལགས་ཨ་རྒྱལ་གྱིས་འཕྲུལ་ལ་བརྟེན་ནས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་རྫུན་མ་ལམ་དུ་སོང་བ་སྨོན་ལམ་ལོག་པའི་དམ་སྲིར་གྱུར་ཏེ་འགྲོ་བ་མང་པོར་གནོད་ཚབས་ཆེས་པར། ཞེས་དང་། དེའི་འོག་གི་གཟུ་དཔང་གི་ཚིགས་བཅད་དུ།

དམ་མིན་དམ་བརྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་བྱུང་པོ་འདིས། །
བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློགས །ཞེས་གསུངས་པའི་ཕྱིར།

     སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་མ་དེས་གྲགས་རྒྱན་༸རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྤྲུལ་སྐུར་ཡོང་ཐབས་ལ་འབད་ཀྱང་། མཐར་༸ཇོ་བོ་འཇམ་དཔལ་རྡོ་རྗེའི་དྲུང་དུ་གཟན་རིལ་བསྒྲིལ་ཏེ་༸རྒྱལ་དབང་ངག་དབང་བློ་བཟང་རྒྱ་མཚོར་བབས་པ་༸རྒྱལ་བ་ལྔ་པའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ནང་འདི་ལྟར་གསལ་ཏེ། གད་ཁ་སའི་ལགས་ཨ་རྒྱལ་གྱིས་ངའི་བུ་གཞོན་པ་འདི་མངལ་དུ་ཆགས་གདོང་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་ཕེབས་ནས་གནས་ཚང་གཡར་པོ་ཐོངས་གསུངས་པས་མཚོན་པས་སྒྲུབ་པའི་ཕྱོགས་ཁ་ཡར་འཇམ་དབྱངས་ཀུན་མཆོག་སོགས་མང་དག་ལ་ཞུས་ཞེས་པ་ལྟར་རོ། །

   དེ་ཡང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་གྲགས་རྒྱན་པཎ་ཆེན་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་དུ་ངོས་འཛིན་མཛད་དུས་ནི་ཉིད་ཀྱི་རྣམ་ཐར་ཆོས་སྨྲ་བ་དགེ་སློང་བློ་བཟང་ཆོས་རྒྱལ་གྱིས་སྤྱོད་ཚུལ་གསལ་བར་སྟོན་པ་ནོར་བུའི་ཕྲེང་བ་ཞེས་པར།

   དེ་ནས་རྔ་ཆེན་གྱི་ལོར་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་མཆོག་གི་སྤྲུལ་སྐུ་འབྲས་སྤུངས་སུ་སྤྱན་དྲངས། གཙུག་ཕུད་བླངས་ཏེ་མཚན་བློ་བཟང་རྒྱ་མཚོའི་དཔལ་དུ་གསོལ། མིག་དམར་གྱི་ལོར་ཚིགས་སྔ་མའི་མཁན་པོ་བགྱིས་ཤིང་། དེ་དང་མཚུངས་པ་གཟིམ་ཁང་གོང་གི་སྤྲུལ་པའི་སྐུ་ཡང་ངོས་བཟུང་སྟེ། གཙུག་ཕུད་བླངས། མཚན་ལ་གྲགས་པ་རྒྱལ་མཚན་དུ་བཏགས།

ཞེས་པ་ལྟར་དང་། གྲགས་རྒྱན་གཟིམ་ཁང་གོང་གི་སྤྲུལ་སྐུའི་ཡང་སྲིད་དུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ངོས་འཛིན་མ་མཛད་པའི་ལོ་གཉིས་ཀྱི་གོང་དུ་རབ་འབྱམས་པ་ལྕགས་སྡིག་སོགས་ཀྱིས་གཟིམ་ཁང་གོང་གི་སྤྲུལ་པའི་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་སྐུ་སྐྱེར་དྲིལ་བསྒྲགས་མཛད་ཟིན་པ་དང་། ༸རྒྱལ་བ་ལྔ་པའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ནང་།

   ཧོར་ཟླ་གསུམ་པའི་ཕྱོགས་ཕྱི་མ་རྒྱལ་བ་དང་པོའི་ཉིན་ལྷ་པ་ལྷ་མཚམས་ཀྱི་སྒྲུབ་སྦྱོར་ཐོག་གཟིམ་ཆུང་མངོན་དགར་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་པས་ཞལ་སྔ་ནས་ཀྱི་དྲུང་དུ་སྐྲ་ཕུད་ཕུལ། མིང་བློ་བཟང་རྒྱ་མཚོར་སྩལ་ཞེས་པ་ནས་གད་ཁ་སའི་ནང་སོ་དྲོ་ལྷུག་ཀྱང་སླར་རབ་འབྱམས་པ་ལྕགས་སྡིག་སོགས་ཀྱིས་སྤྲུལ་པའི་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་སྐུ་སྐྱེར་དྲིལ་བསྒྲགས་པ་ལྟར་དེ་ཉིད་བྱོན་བྱུང་། གཙུག་ཕུད་ནི་དེའི་གོང་དུ་ཕུལ་གྲུབ་པ་འདྲ།

ཞེས་གསུངས་པ་ལྟར་ན་དེ་དུས་གྲགས་རྒྱན་གྱི་གཙུག་ཕུད་ཕུལ་བ་མིན་པ་ཚིག་གི་ནུས་པས་གོ་ཐུབ།

གཞན་ཡང་ཕྱི་ལོ་༡༦༢༢ ལོར་༸རྒྱལ་བ་ལྔ་པ་ངོས་འཛིན་གནང་། འཁྲུངས་ལོ་ནི་ཕྱི་ལོ་༡༦༡༧ ལོར་ཡིན། དེའི་སྐབས་རབ་འབྱམས་པ་ལྕགས་སྡིག་སོགས་ཀྱིས་གྲགས་རྒྱན་གཟིམ་ཁང་གོང་གི་སྤྲུལ་སྐུར་ངོས་འཛིན་མཛད་ཟིན་ཅིང་། གཟིམ་ཁང་གོང་དུ་གདན་ཡང་དེ་དུས་ཐོག་མར་དྲངས། འོན་ཀྱང་པཎ་ཆེན་རིན་པོ་ཆེས་ཕྱི་ལོ་༡༦༢༤ ལོར་ངོས་འཛིན་མཛད། དེ་ཡང་གྲགས་རྒྱན་གཟིམ་ཁང་གོང་གི་སྤྲུལ་སྐུའི་གོ་སར་འཁོད་ཟིན་ནས་ལོ་གཉིས་རྗེས་སླར་ཡང་༸པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་གཟིམ་ཁང་གོང་གི་སྤྲུལ་སྐུར་ངོས་འཛིན་དགོས་པར་གསོལ་བ་བཏབ་པ་ན། གོང་དུ་རབ་འབྱམས་པ་ལྕགས་སྡིག་སོགས་ཀྱིས་ངོས་འཛིན་བྱས་ཟིན་པ་མ་ཟད། དེ་དུས་གཟིམ་ཁང་གོང་དུའང་གནས་སྡོད་ཀྱིས་ཆོས་ཕྱོགས་ཀྱི་བྱེད་སྒོ་རྣམས་བརྩམས་ཟིན་པའི་ཆོས་བཟང་རྒྱལ་མཚན་དེ། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་མིན་པར་དངོས་སུ་ཞལ་ནས་གསུང་མ་ཐུབ་པས། ཕྱག་རྟགས་གྱི་ཡིག་ཆར་སྤྲུལ་སྐུ་དགེ་ལེགས་དཔལ་བཟང་གི་ཡང་སྲིད་འདི་ཡིན་སྙམ་ཞེས་གོ་རྒྱུ་ཡོད་པའི་ཚིག་གིས་ཟིན་པ་ནི་གྲགས་རྒྱན་རང་ཉིད་ཀྱི་རྣམ་ཐར་ནང་འདི་ལྟར་གསལ་ཏེ།

༸པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་ཡིས། །བདག་ལ་བརྩེ་བའི་ཐུགས་ཀྱིས་ཉེར་དགོངས་ནས། །
སྤྲུལ་སྐུ་དགེ་ལེགས་དཔལ་བཟང་འདི་ཡིན་སྙམ། །ཞེས་པའི་ལུང་བསྟན་ཞལ་ནས་སྩལ་གྱུར་ཀྱང། །
གསུང་དེར་འགའ་ཞིག་ཡིད་གཉིས་དག་ཏུ་གྱུར། །ལོག་རྟོག་ཞེ་སྡང་མེ་ལྕེ་འཕྲེང་བ་ལས། །
སྣ་ཚོགས་ཚིག་གི་ཚ་ཚ་ཡང་ཡང་འཕྲོ། ། །ཞེས་པ་ལྟར་རོ། །

     དེ་ཡང་ངེས་པ་གཏིང་ཚུགས་པའི་ངོས་འཛིན་གསལ་བར་མ་བྱུང་བ་ནི་༸པཎ་ཆེན་རིན་པོ་ཆེས་ངོས་འཛིན་མཛད་ཀྱང་། མང་པོའི་བློ་འདོད་མ་ཁེངས་པ་བྱུང་བ་གོང་གི་གྲགས་རྒྱན་གྱི་རང་རྣམ་ལས་ཐོན་པ་ལྟར་ཤེས་སླའོ། །

     དེས་ན་༸རྒྱལ་བའི་ཡང་སྲིད་ངོས་འཛིན་མཛད་རྗེས་ལོ་གཉིས་ཀྱི་རྗེས་སུ་༸པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་གྲགས་རྒྱན་གཟིམ་ཁང་གོང་གི་སྤྲུལ་སྐུར་ངོས་འཛིན་མཛད་པ་པཎ་ཆེན་གྱི་རང་རྣམ་དུ་གསལ་བ་ལྟར་ལགས།

འོན་ཀྱང་གྲགས་རྒྱན་གྱི་རང་རྣམ་དུ།

སླར་ཡང་སྐྱབས་མཆོག་པཎ་ཆེན་རྡོ་རྗེ་འཛིན། །འབྲས་སྤུངས་ལ་ཕེབས་དགའ་ལྡན་ཕོ་བྲང་དུ། །
གངས་ཅན་མགོན་པོ་བློ་བཟང་རྒྱ་མཚོ་ཡི། །དབུ་སྐྲ་ལྕང་ལོའི་གཙུག་ཕུད་བཞེས་པ་དང། །
ལྷན་ཅིག་བདག་ལ་གྲགས་པ་རྒྱལ་མཚན་བཅས། །

ཞེས་འཁོད་པ་ལྟར་ན་༸རྒྱལ་བ་པཎ་ཆེན་གཉིས་ཀྱི་གསུང་གང་དང་མི་མཐུན་པ་རང་ཉིད་ཀྱི་སྐྲ་ཕུད་༸རྒྱལ་དབང་དང་ལྷན་དུ་བཞེས་པའི་རང་གི་ལོ་རྒྱུས་བདེན་མིན་སྨྲས། དེ་ཡང་རང་གི་ཆེ་བ་འདོན་འདོད་ནས་སྨྲས་པ་དང་། ཡང་ན་སྔར་གྱི་ལོ་རྒྱུས་ཇི་བཞིན་མི་དྲན་པས་སྨྲས་པ་གང་རུང་ལས་མ་འདས།  དེ་ཡང་གྲགས་རྒྱན་ངོས་འཛིན་གནང་བའི་གཙུག་ཕུད་བཞེས་ལོ་ནི་ཕྱི་ལོ་༡༦༢༢ ཡིན་པ་དང་། དེ་དུས་གྲགས་རྒྱན་ལོ་དྲུག་པ་ཡིན། པཎ་ཆེན་བློ་བཟང་ཆོས་རྒྱན་གྲགས་རྒྱན་གྱི་ཁྱིམ་དུ་གདན་དྲངས་ནས་ཕྱག་གཉིས་ཀས་ཕྱག་དབང་གནང་ནས་དད་པ་ཆེས་ཆེར་འཕེལ་བའི་མྱོང་དྲན་ནི་རང་ཉིད་ལོ་གཉིས་པའི་སྐབས་སུ་ཡིན་པ་ཡང་གྲགས་རྒྱན་རང་ཉིད་ཀྱི་རྣམ་ཐར་ལས།

ལོ་ངོ་གཉིས་མཐོང་པཎ་ཆེན་ཐམས་ཅད་མཁྱེན། །བོད་ཡུལ་རྡོ་རྗེ་གདན་དུ་ཕེབས་གྱུར་ཅིང། །
ཕ་མའི་ཁྱིམ་དུ་སྤྱན་དྲངས་གྱུར་པ་ན། །གཉིས་ཆར་ཕྱག་གིས་བདག་ལ་བྱིན་རླབས་ནས། །
ཆོས་བཟང་རྒྱལ་མཚན་ཞེས་པའི་མིང་གནང་ཞིང། །ལས་སྨོན་དག་པས་མི་ཟད་དད་པ་འཕེལ། །
ཚེ་དབང་ལ་སོགས་གསུང་གི་བདུད་རྩི་ཐོབ། །ཕ་མ་ལ་ཡང་བུ་དེ་རང་ག་བ། །
མིན་པའི་ཞལ་ཏ་བསླབ་བྱ་མང་དུ་ཕེབས། །ཞེས་གསལ་བ་ལྟར་ཡིན།

   དེས་ན་རང་ལོ་དྲུག་པའི་སྐབས་སུ་གཙུག་ཕུད་ཕུལ་བའི་ལོ་རྒྱུས་ཇི་བཞིན་མ་དྲན་པར་ལོ་གཉིས་པའི་སྐབས་སུ་རང་ཉིད་ལ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཕྱག་དབང་གནང་ནས་དད་པ་ཆེས་ཆེར་འཕེལ་བའི་ཚུལ་དེ་ཇི་ལྟར་དྲན།

   གྲགས་རྒྱན་ལོ་གསུམ་པའི་སྐབས་སོག་པོའི་དམག་གིས་འཛིན་བཟུང་བྱས་པ་ཡང་གྲགས་རྒྱན་གྱི་མས་གཡོ་སྒྱུ་མང་དག་ལ་བརྟེན་ནས་གྲགས་རྒྱན་༸རྒྱལ་བའི་ཡང་སྲིད་དུ་འཚངས་པའི་མ་རུང་བ་བྱས་པས་ཡིན་ནམ་སྙམ། གྲགས་རྒྱན་ལོ་བཅུ་དགུའི་སྐབས་སོག་པོའི་དམག་བཟློག་ཐབས་སུ་གསང་བའི་ལས་སྦྱོར་མཛད་པ། གསང་བ་ཕྱི་ལ་ཤོར་ཏེ་སོག་དམག་གིས་གད་ཁ་སའི་མི་ངོ་རྣམས་བསད་པའི་ལོ་རྒྱུས་ནི་གྲགས་རྒྱན་རང་རྣམ་དུ།

         ཕྱིས་ངོས་རང་ལོ་བཅུ་དགུ་ལོན་པའི་དུས་གད་ཁ་སར་བསྡད་ཐོག་རིམ་གྲོའི་གསང་ཤོར་ལས། མི་ངོ་ཧོར་གྱིས་རྐྱེན་དབང་ལ་བཏང། ཞེས་པ་ནས་ཕ་མ་གཉིས་བུ་དང་བྲལ་བའི་མྱ་ངན་གྱིས་ནོན། ཅི་དྲག་ཏུ་གྱུར་ནས་མདུན་དུ་འོང་སྟེ་བདག་ལ་ཡང་ཁྱིམ་གྱི་འཁུར་ལེན་བྱེད་དགོས་ཚུལ་གསུངས་བྱུང།

   ཞེས་པ་ལྟར་གྲགས་རྒྱན་གྱིས་སོག་དམག་བཟློག་ཐབས་སུ་རིམ་གྲོ་བྱ་དགོས་པ་ནི་སོག་དམག་གིས་སྔར་ཆུང་དུས་སུ་གྲགས་རྒྱན་རང་ཉིད་དང་ཕ་མ་གཉིས་ཀྱིས་གྲགས་རྒྱན་༸རྒྱལ་དབང་ཡོན་ཏན་རྒྱ་མཚོའི་ཡང་སྲིད་དུ་འཚང་པའི་དབང་གིས་བཙོན་བཟུང་བྱས་པའི་འཁོན་འཛིན་དང། སྐབས་དེར་བོད་དུ་སོག་དམག་འཁྲིད་མཁན་༸རྒྱལ་བ་ཡོན་ཏན་རྒྱ་མཚོའི་ཕྱག་མཛོད་༸གོང་ས་ལྔ་པ་ཆེན་པོའི་སྐབས་ཀྱི་སྡེ་སྲིད་ཞལ་ངོ་བསོད་ནམས་རབ་བརྟན་དེ་སྔ་སོག་ཡུལ་དུ་བྲོས་བྱོལ་ཕྱིན་པ་དེ་ཉིད་ཡིན་པ་དང། སོག་པོས་གཙང་པ་སྡེ་པ་ཕམ་རྗེས་བོད་གངས་ཅན་གྱི་ལྗོངས་འདིར་ཆོས་སྲིད་ཟུང་འབྲེལ་གྱི་སྐུ་དབང་༸རྒྱལ་དབང་ལ་འབུལ་རྒྱུ་ཡིན་པ་ལ་མི་བཟོད་པས་ཡིན་ནམ་སྙམ། དེ་ཡང་གྲགས་རྒྱན་ལ་གཟིམ་ཁང་གོང་གི་སྤྲུལ་སྐུའི་མཚན་གནས་དང། ༸རྒྱལ་བ་ལྔ་པར་གཟིམ་ཁང་འོག་མའི་སྤྲུལ་སྐུའི་མཚན་གནས་ཡོད་པ་དང། ༸གོང་ས་ལྔ་པ་ཆེན་པོ་གྲགས་རྒྱན་ལས་ལོ་གཉིས་ཆེ་བ་ཡིན་པ། གཉིས་ཀ་སྐབས་དེར་གཟིམ་ཁང་གོང་འོག་གི་སྤྲུལ་སྐུར་གྲགས་པ་ཡོད་སྟབས། སོག་དམག་གི་རྐྱེན་པས་༸རྒྱལ་བ་ལྔ་པ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་མངའ་གསོལ་ན་གྲགས་རྒྱན་རང་ཉིད་༸གོང་ས་ལྔ་པ་ཆེན་པོ་ལས་ཉམས་དམའ་བ་གྱུར་དོགས་ཀྱི་ཕྲག་དོག་དང་། དེ་སྔ་རང་ཉིད་༸རྒྱལ་བའི་ཡང་སྲིད་དུ་ངོས་འཛིན་ཡོང་རྒྱུར་སོག་པོས་འགལ་རྐྱེན་བྱས་པར་འཁོན་འཛིན་གྱིས་ཡིན་པ་ནི་གདོན་མི་ཟའོ། །

   དེ་ཡང་ལྔ་པ་ཆེན་པོས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྗེས་གྲགས་རྒྱན་གྱིས་༸རྒྱལ་བའི་དྲུང་ནས་ཟབ་རྒྱས་ཀྱི་ཆོས་སྐོར་མང་དུ་གསན་པ་༸རྒྱལ་དབང་དང་གྲགས་རྒྱན་གཉིས་ཀའི་རྣམ་ཐར་དུ་གསལ་བ་ལྟར་ཡིན། དེ་ཡང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ནས་༸གོང་ས་ལྔ་པ་ཆེན་པོའི་དྲུང་ནས་བཀའ་ཆོས་མང་དག་གསན་ལུགས་དང། ལྔ་པ་ཆེན་པོའི་གསུང་སོགས་ལ་མཇལ་བས་ཀྱང་༸གོང་ས་ལྔ་པ་ལས་ཀྱང་སྤྲུལ་སྐུ་གྲགས་རྒྱན་མཛད་འཕྲིན་རྒྱས་པ་བྱུང་ལུགས་ཀྱིས་རྐྱེན༌པས་༸གོང་ས་ལྔ་པའི་ཞབས་འབྲིང་པས་སྤྲུལ་སྐུ་གྲགས་རྒྱན་སྐུ་བཀྲོངས་པའི་ལོ་རྒྱུས་སྨྲ་བ་ཡང་རྟོག་བཟོ་རླུང་གིས་འཁྱེར་བ་ལས་བྱུང་བའི་བཤད་ཡམས་འབའ་ཞིག་ཏུ་གོ་བར་ཟད་དོ། །

   འོན་ཀྱང་རྐྱེན་དབང་གིས་ནད་ཚབས་ཆེན་པོས་ཟིན་པ་བཟློག་ཐབས་སུ་༸ལྔ་པ་ཆེན་པོ་གདན་དྲངས་ནས་མགོན་པོའི་རྗེས་གནང་མཛད་ཀྱང་ཕན་ཐོགས་མ་བྱུང་བས། མཐར་འདས་གྲོངས་ཕྱིན་ཏེ་སྨོན་ལམ་ལོག་པའི་དམ་སྲིར་སྐྱེས་པར་དྲག་པོའི་ལས་སྦྱོར་མཛད་པ་༸གོང་ས་ལྔ་པའི་རྣམ་ཐར་ནང་ཤིན་ཏུ་གསལ་བས་ཚུལ་འདི་ནི་ཡིད་ཆེས་པའི་གནས་ཁོ་ནའོ། །

   དེ་ལྟར་༸གོང་ས་ལྔ་པ་ཆེན་པོའི་གསུང་ལས་དོལ་རྒྱལ་གྱི་ངོ་བོ་དམ་སྲི་འབྱུང་པོ་དང་། རྒྱུ་སྨོན་ལམ་ལོག་པ། བྱེད་ལས་བསྟན་པ་དང་འགྲོ་བ་ཀུན་ལ་འཚེ་བ་ཅན་དུ་ངོས་འཛིན་མཛད་པས་ན། ༸རྒྱལ་དབང་ལྔ་པ་ཆེན་པོ་ནི་དོལ་རྒྱལ་མིར་སྐྱེ་བ་ལེན་དུས་ཀྱི་སྤྲུལ་སྐུ་གྲགས་རྒྱན་དང་བྱོན་དུས་གཅིག་པ་དང། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་འདས་རྗེས་སུ་གནས་ཚུལ་བྱུང་བ་རྣམས་རྒྱུས་ཡོད་ཆེ་ཤོས་ཡིན་པས་མ་འོངས་པའི་དུས་ད་ལྟ་ལྟ་བུར་དགོངས་ཏེ་སྐབས་དེའི་ལོ་རྒྱུས་རྣམས་ཡིག་ཆར་འཇོག་པར་མཛད་པར་མངོན་ནོ། །དེ་ཡང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ནི་གཟིམ་ཁང་གོང་གི་སྤྲུལ་སྐུ་ངོ་མ་མིན་པར་ཡང་སྲིད་རྫུན་མ་ལམ་དུ་སོང་བ། མཐར་བསྟན་འགྲོར་འཚེ་བའི་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོར་སྐྱེས་པ་དང། དེ་ཡང་༸རྒྱལ་བ་ལྔ་པ་དང་དམ་ཚིག་མི་མཐུན་པས་འབྱུང་བ་སོགས་༸ལྔ་པ་ཆེན་པོའི་གསུང་དང་གཞན་ནས་ཀྱང་འབྱུང་བ་དག་བསྡུར་ཏེ་དཔྱད་པར་འཚལ། །

     སྒྲོ་བཏགས་རླུང་གིས་དེད་པའི་འཆལ་གཏམ་ལོ་རྒྱུས་མཚར་ན་ཡང་། །
ཡིན་ལུགས་དཔྱོད་པའི་རྣམ་དཔྱོད་སྒྲིབ་པའི་མཐུ་མེད་ཆོས་ཉིད་ཡིན། །
རང་གི་མདུན་མ་ལེགས་པར་མི་འདོད་སུ་མཆིས་ལེགས་པར་སོམས། །
དེ་ཕྱིར་ཕྱོགས་རིས་ཆགས་སྡང་ལས་འདིས་མི་ཕན་གཟུ་བོར་གཅེས། །