༸སྐྱབས་མགོན་༸རྒྱལ་བའི་དབང་པོས་དོལ་རྒྱལ་དམ་བསྒྲགས་མཛད་པའི་རྒྱུ་མཚན།

http://shugdenfacts.com/gadenjangtsemonastery/དེ་ཡང་རྐྱེན་མང་དག་ལ་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་གང་ཉིད་ནས་ཀྱང་དང་པོར་དོལ་རྒྱལ་དང་འབྲེལ་བ་བྱུང་ཞིང་བསྟེན་པའང་མཛད་ཀྱང། ༡༩༧༥ ལོར་དྷ་སར་ཛེ་སྨད་རིན་པོ་ཆེས་བྲིས་པའི་ཕ་རྒོད་བླ་མའི་ཞལ་ལུང་ཐོན་པའི་རྐྱེན་ལས་བོད་པའི་སྤྱི་ཚོགས་ནང་འཁྲུག་རྐྱེན་གྱི་གཞི་རྩར་འགྱུར་དུ་ཉེ་བ་སོགས་ཀྱིས་རྐྱེན་བྱས། ༸གོང་ས་སྐུ་ཕྲེང་རིམ་བྱོན་དང་ཐུན་མོང་མིན་པའི་འབྲེལ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོས་སྔར་ནས་སྙན་གསེང་གི་དྲན་སྐུལ་དང། ཁྱད་པར་འདོད་ཁམས་བདག་མོ་དང་མི་མཐུན་པའི་བཀའ་ལུང་དང། ༸གོང་ས་ལྔ་པ་ཆེན་པོ་དང་དམ་ཚིག་ལོག་པ་དོལ་རྒྱལ་སྟེན་མི་ཀུན་ལ་ཡང་གྲགས་པའི་དོལ་རྒྱལ་གྱི་བྱུང་རིམ་ལོ་རྒྱུས་དང་། དེ་བཞིན་སྔར་ནས་གླེང་གཞི་ཅན་ཁོ་ནར་གནས་པ་སོགས་རྒྱུ་མཚན་ཕྱོགས་མང་དག་ལ་བརྟེན་ཆོས་ཕྱོགས་ནས་བརྟག་དཔྱད་ཅིས་ཕྱིན་པར་མཛད་དེ། ཐོག་མར་༸རྒྱལ་བ་རང་ཉིད་ཀྱིས་སྤང་བླང་ཚུལ་བཞིན་མཛད། འབྲེལ་ཡོད་འགར་ལམ་སྟོན་ཐབས་མཁས་ཀྱི་སྒོ་ནས་མཛད འོནཀྱང་ཡོངས་གྲགས་ལྟར་དམ་བསྒྲགས་མ་མཛད།

   དེ་ནས་རིམ་གྱིས་བོད་མི་རྣམས་སྤྱིར་ལྷ་གསོལ་ཀླུ་གསོལ་ལ་དགའ་བ་དང་ དོལ་རྒྱལ་ཁྱབ་སྤེལ་མཛད་མཁན་བླ་མ་འགའ་ཞིག་གི་བྱེད་པ་ལ་བརྟེན་མང་ཚོགས་ཀྱི་ཁྲོད་དུ་དོལ་རྒྱལ་དར་རྒྱས་སྤྲོས་པ་ཆེ་རུ་ཕྱིན་པ་དང། ལྷག་པར་དགོན་སྡེ་གྲ་ཚང་མང་པོའི་ནང་དུའང་དར་རྒྱས་ཕྱིན་ཏེ། དོལ་རྒྱལ་གླེང་གཞི་ཅན་དེ་རང་འཚམས་ཐ་མལ་པའི་སྐྱེས་ལྷ་ཡུལ་ལྷ་ལྟ་བུའི་གནས་བབས་ལས་བརྒལ་ཏེ། འགའ་རེས་འཇམ་དབྱངས་དྲག་ཏུ་ཁྲོས་པ་ཡིན་བྱས། རེ་འགས་ཡི་དམ་གསང་བ་འདུས་པ་དངོས་ཡིན་བྱས། སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་དང། བཀའ་གདམས་པའི་ཕྱག་སྲོལ་དང་ཡང་འགལ། ༸རྗེ་བླ་མའི་ཕྱག་སྲོལ་གྱི་ཆོས་སྲུང་བསྟེན་པའི་ཚུལ་དང་ཡང་འགལ། དགེ་ལྡན་པའི་ཡེ་ཤེས་སྤྱན་ལྡན་གྱི་ཆོས་སྲུང་མགོན་ཆོས་རྣམ་གསུམ་སོགས་ཀྱིས་གོ་མི་ཆོད་པ་ལྟ་བུ་བྱས་ཏེ། དོལ་རྒྱལ་འཇམ་མགོན་རྒྱལ་བའི་བསྟན་སྲུང་དུ་བསྒྲིལ་བསྒྲགས་དང་འབྲེལ་སྟེན་ཞིང་མཆོད་པ་སོགས་ཀྱིས་བདེན་པ་བཞིའི་ཚུལ་ལས་བརྩམས་པའི་བྱང་ཆུབ་བསྒྲུབ་བྱེད་ཀྱི་བསྟན་པ་བླ་ན་མེད་པ་དེ། ཚེ་འདི་སྣང་གི་བདེ་སྡུག་ཆེད་ལྷ་གསོལ་ཀླུ་གསོལ་ལྟ་བུར་འགྱུར་ཉེན་ཆེ་བར་ཐུགས་གཏིང་ནས་མ་བཟོད་པར་བསྟན་པ་སྤྱི་དང་། ཁྱད་པར་རྗེ་བླ་མའི་བསྟན་པའི་དག་ཐེར་ལ་དམིགས་ཏེ་དོལ་རྒྱལ་དྲེགས་པ་ཞིག་དྲེགས་པའི་ཚུལ་དུ་དང། ཁྱད་པར་རང་གི་གནས་བབས་འཇིག་རྟེན་པའི་སྐྱེས་ལྷ་ཡུལ་ལྷ་ལྟ་བུར་བསྟེན་པའི་ཚུལ་ལས་བརྒལ་ཏེ་དགོན་པ་གྲ་ཚང་སོགས་ཀྱིས་སྤྲོས་པ་བྱར་མི་འོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་སོགས་མཛད་འགོ་བརྩམས་སོ། །

དེ་ཡང་ཇི་སྐད་དུ་མདོ་སྡེ་ལང་ཀར་གཤེགས་པ་ལས།
ཇི་ལྟར་ནད་པ་ན་བ་ལ། །སྨན་པས་སྨན་རྣམས་གཏོང་བ་ལྟར། །
སངས་རྒྱས་དེ་བཞིན་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་བསྟན་ཏོ། །

ཞེས་པ་ལྟར་ཐབས་མཁས་བླ་ན་མེད་པའི་སྒོ་ནས་བླང་དོར་གྱི་བཀའ་སློབ་རིམ་གྱིས་སྩལ་བ་སོགས་ད་ལྟ་ཡིག་ཐོག་ཏུ་ཕབ་ཟིན་ཡོད་པ་རྣམས་ལོ་དུས་གི་གོ་རིམ་དང་མཐུན་པར་གཟིགས་ན་ཤེས་ཐུབ་པས་དེ་ལྟར་གཟིགས་པར་སྐུལ་ལོ། །

     དེ་ཡང་བོད་རིགས་ཕལ་མོ་ཆེས་༸མགོན་པོ་གང་ཉིད་ནས་ལམ་སྟོན་ཇི་ལྟར་མཛད་པ་ལྟར་ཉམས་ལེན་མ་ནོར་བ་བྱས་ཀྱང་ཉུང་ཤས་ཞིག་གིས་བཀའ་དྲིན་ཅན་གྱི་མགོན་པོ་གང་དེར་རྒོལ་ཞིང་འཆལ་གཏམ་སྣ་ཚོགས་སྨྲས་པ་དང། བོད་དོན་གནས་སྟངས་གཉན་འཕྲང་ཅན་གྱི་སྐབས་འདིར་རྒྱ་དམར་ལ་མགོ་འབུལ་ལུས་འབུལ་ཞུས་ཏེ་རང་རེའི་སྤྱི་ཚོགས་ནང་མང་དག་བསླུས་བ་དང་གཞན་མང་དག་ལ་བསྡིགས་པ་སོགས་བྱ་སྤྱོད་མང་དག་གིས་ཀྱང་རྐྱེན་བྱས། གཤམ་གསལ་གྱི་རྒྱུ་མཚན་དང་གཞན་ཡང་དགོས་པ་མང་དག་ལ་བརྟེན་དོལ་རྒྱལ་དམ་བསྒྲགས་ཆེས་ཆེར་མཛད་དོ། །

དེ་ལྟར་དམ་བསྒྲགས་མཛད་པའི་རྒྱུ་མཚན་དང་དགོས་པ་གལ་གནད་ཆེ་བ་འགའ་ཞིག་ནི་འདི་ལྟར་ལགས་སོ། །

  1. གནས་ཆུང་ཆོས་རྒྱལ་ཆེན་པོས་ཐོག་མའི་བག་ཟོན་མཛད་དགོས་ཀྱི་བཀའ་ལུང་དང་འབྲེལ། ༸རྒྱལ་དབང་རང་ཉིད་ཀྱི་ཐུགས་བརྟག་གི་རིམ་པ་རྒྱུན་མར་མཛད་པ་ལས་དོལ་རྒྱལ་བསྟེན་པ་དེ་དགེ་ལས་གནོད་པ་ཆེ་བར་གཟིགས་པ་ནི་རྒྱུ་མཚན་གཅིག་གོ །
  2. དོལ་རྒྱལ་དྲེགས་པར་སྐྱེ་བའི་ཐོག་མའི་བྱུང་རིམ་གྱི་རྒྱུ་༸གོང་ས་ལྔ་པ་ཆེན་པོ་དང་མི་མཐུན་པས་ཡིན་པ་དོལ་རྒྱལ་བསྟེན་མི་ཀུན་ལའང་གྲགས་པ་ལྟར། ༸རྒྱལ་དབང་ལྔ་པ་ཆེན་པོས་དབུ་བརྙེས་པའི་གཞུང་དགའ་ལྡན་ཕོ་བྲང་དང་ཡང་དམ་ཚིག་ཉམས་པའི་དྲེགས་པ་ཞིག་དགའ་ལྡན་ཕོ་བྲང་གི་སྐྱབས་འོག་པ་རྣམས་པས་བསྟེན་ན་མི་རུང་བ་ནི་རྒྱུ་མཚན་གཞན་ཞིག་གོ །
  3. གཞུང་སྟེན་སྲུང་མའི་གཙོ་བོ་འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོ་དང། གནས་ཆུང་སོགས་རྒྱལ་པོ་སྐུ་ལྔ་དང་ཡང་མི་མཐུན་པའི་དྲེེགས་པ་གསར་པ་ཞིག་བོད་མིས་བསྟེན་ན་ལྷ་མི་དམ་ཚིག་མི་མཐུན་པས་བོད་མིའི་འཐབ་རྩོད་དང་འབྲེལ་བའི་སྤྱི་མཐུན་གྱི་བསོད་ནམས་ཀྱི་འགལ་རྐྱེན་དུ་འགྱུར་བ་དང། བོད་མིའི་རང་དབང་འཐབ་རྩོད་ཀྱི་གོང་བུའི་ནུས་པར་གནོད་པ་ནི་རྒྱུ་མཚན་གཞན་ཞིག་གོ །
  4. དོལ་རྒྱལ་ནི་དགེ་ལྡན་པའི་སྲུང་མར་བརྫུས་ཞིག་སྟེ། དེའི་རྗེས་འབྲང་པས་དོལ་རྒྱལ་དེར་རློམས་ཏེ་དེ་བསྟེན་པའི་ཕན་ཡོན་ཡོད་ཚུལ་ཀུན་ལ་བསྒྲགས་ཤིང། ཇི་ལྟར་ཕ་རྒོད་བླ་མའི་ཞལ་ལུང་སོགས་ལས་བྱུང་བ་ལྟར་དགེ་ལྡན་པ་ཞིག་གིས་རྙིང་མ་སོགས་རིས་མེད་ལ་ཉམས་བཞེས་བྱས་ཚེ་དོལ་རྒྱལ་གྱི་ཚར་གཅོད་ཚུལ་བརྗོད་དེ། རིས་མེད་ཀྱི་བསྟན་པར་དག་སྣང་གི་བགེགས་ཆེན་པོ་བྱས་པ་དང། དེས་རྐྱེན་པས་ཆོས་ལུགས་ཕན་ཚུན་དབར་མི་མཐུན་པའི་འགལ་ཟླ་དང། འཇམ་མགོན་རྒྱལ་བའི་བསྟན་པར་མི་དགའ་བ་དང་སྨོད་པ་སོགས་ཀྱིས་རྗེའི་བསྟན་པའི་འཕང་སྨད་པར་འགྱུར་བ་སོགས་ཀྱི་དགག་བྱ་ཤིན་ཏུ་ཆེ་བས་ན། རྗེ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་བསྟན་པའི་འཕང་མི་ཉམས་པར་འཛིན་པའི་ཕྱིར་དང། རིས་མེད་ཀྱི་བསྟན་པར་དག་སྣང་དང་དེ་དག་གི་དབར་དམ་ཚིག་འོ་ཆུ་གཅིག་འདྲེས་ལྟར་གནས་ཤིང་སྤེལ་བའི་ཕྱིར་ཡང་དམ་བསྒྲགས་མཛད་དོ། །
  5. ༸གོང་ས་ལྔ་པ་ཆེན་པོ་ནས་བཟུང་རིས་མེད་ཀྱི་སྐྱེས་ཆེན་དམ་པ་མང་པོས་དོལ་རྒྱལ་ནི་དམ་སྲིའམ། མཁའ་ལ་རྒྱུ་བའི་ཡི་དྭགས་སོགས་སུ་ངོས་འཛིན་མཛད་པའི་ཁུངས་གཏུགས་ཀྱི་ཡིག་ཆ་སོགས་མཇལ་བའི་རྒྱུ་མཚན་གྱིས་ཀྱང་དོལ་རྒྱལ་ལ་དམ་བསྒྲགས་ཆེས་ནན་དུ་མཛད་དོ། །
  6. དོལ་རྒྱལ་བསྟེན་པས་མཐར་གྲ་མ་འགྲིགས་བྱུང་བ་སོགས་དང་། ཉམས་ཆུང་ལ་གནོད་འཚེ་མང་དག་བྱས་པའི་བོད་ཕྱི་ནང་གཉིས་སུ་གྲགས་པའི་དངོས་ཡོད་ལོ་རྒྱུས་རྣམས་དང། ཁྱད་པར་བདེན་བཞིའི་བླང་དོར་ཀྱི་གནས་ལས་བརྩམས་པའི་བོད་བརྒྱུད་ཀྱི་ནང་བསྟན་འདི་འཇིག་རྟེན་བཀོད་པ་པོ་འདོད་པ་ལྟར་ཐམས་ཅད་དྲེགས་པའི་བཏང་འཛིན་ལ་ཐུག་པ་ལྟ་བུར་བལྟས་ཏེ། ཆོས་འགོག་བདེན་བསྒྲུབ་བྱེད་ཀྱི་ཐབས་བླ་ན་མེད་པ་དེ་སྤངས་ཏེ། ལྷ་གསོལ་ཀླུ་གསོལ་གྱི་ལུགས་ཁོ་ན་གཅེས་པར་བཟུང་ལ་ཉེ་བར་གཟིགས་ནས་བསྟན་པའི་ཚུལ་དམ་པའི་གཞུང་བཞིན་མི་ཉམས་རྒྱུན་འཛིན་ལ་དགོངས་ནས་ཀྱང་དམ་བསྒྲགས་མཛད་དོ། །
  7. དོལ་རྒྱལ་རྗེས་འབྲང་པས་དོལ་རྒྱལ་ནོར་ལྷའམ། སྨན་བླའམ། དུས་རབས་ཉེར་གཅིག་པའི་སྲུང་མའམ། དགེ་ལྡན་པའི་ཐུན་མོང་མིན་པའི་བསྟན་སྲུང་ངམ། ཡི་དམ་གསང་འདུས་དང་ངོ་བོ་གཅིག་ཡིན་ལུགས་སོགས་སུ་ཚད་ལྡན་རྒྱུད་སྡེ་གང་གིའང་ཁུངས་མེད་པར་བྱུང་རྒྱལ་དུ་སྒྲོ་བཏགས་ཏེ་གཞན་ཉམས་ཆུང་མང་དག་བསླུ་བྲིད་ཀྱིས་བྱ་བ་མང་དག་བྱས་དང་བྱེད་མུས་ལ་མི་བཟོད་ནས་ཉམས་ཆུང་མང་དག་ལམ་ལྟར་སྣང་ལས་སྐྱོབས་པའི་ཐུགས་བསྐྱེད་དང་། ཁྱད་པར་རྗེ་རྒྱལ་བ་ཙོང་ཁ་པའི་བསྟན་པའི་དག་ཐེར་ལ་དགོངས་ནས་ཀྱང་དམ་བསྒྲགས་ཆེས་ཆེར་མཛད་དོ། །
  8. བོད་ཀྱི་སྤྱི་ཚོགས་ཀྱི་ཁྲོད་དུ་དྲེགས་པ་བསྟེན་ཚུལ་གྱི་གནས་ཚུལ་ཞིག་བདེན་པ་བདེན་མཐར་གཏུགས་རུང་བའི་ཆོས་ཀྱི་ཚུལ་ལས་བརྩམས་པའི་མཐའ་གཅོད་པའི་ཚུལ་བླ་ན་མེད་པ་དེ་སྤངས་ཏེ། ཆོས་མེད་རྒྱ་དམར་ལ་རྒྱབ་སྐྱོར་བཅོལ་ཏེ་རྒྱ་དམར་གཞུང་གི་ལག་ཆར་དེ་དག་གྱུར་པ་དང། བོད་པའི་སྤྱི་ཚོགས་ནང་དོལ་རྒྱལ་རྗེས་འབྲང་པས་འཇིགས་སྐུལ་ཉེས་བརྡུང་སོགས་ཀྱི་འཁྲུག་རྐྱེན་སྣ་ཚོགས་དང། མཐར་དྷ་སར་མི་བསད་པ་སོགས་ཀྱིས་ཀྱང་དམ་བསྒྲགས་ཤུགས་ཆེར་མཛད་དགོས་བྱུང་ངོ་། །