ངོ་སྤྲོད།

དེ་ཡང་དོལ་རྒྱལ་དང་འབྲེལ་བའི་གནས་ཚུལ་ནི་དུས་རབས་འདིའི་ནང་གསར་དུ་བྱུང་བ་ཞིག་མིན་པར་མི་ལོ་བཞི་བརྒྱར་ཉེ་བའི་སྔོན་༸གོང་ས་ལྔ་ཆེན་པོའི་དུས་ནས་བྱུང་བ་ཞིག་ཡིན། དེ་ཡང་སྟོད་ལུང་གི་གད་ཁ་སའི་ལགས་ཨ་རྒྱལ་གྱི་བུ་ཆོས་བཟང་རྒྱལ་མཚན་ཞེས་པ་དེ་རང་གི་མའི་གཡོ་སྒྱུའི་འཁྲུལ་ལ་བརྟེན་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་རྫུན་མར་ལམ་དུ་སོང་སྟེ་གཟིམ་ཁང་གོང་གི་སྤྲུལ་སྐུའི་མཚན་གནས་ཐོབ་ཅིང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཞེས་མིང་བཏགས། ཁོང་རྗེས་སུ་༸རྒྱལ་དབང་ལྔ་པ་མཆོག་དང་དམ་ཚིག་མི་མཐུན་པའི་དབང་གིས་དོལ་རྒྱལ་བྱུང་བ་ཀུན་གྱིས་ཐུན་མོང་དུ་གླེང་བ་ལྟར་ཡིན། བོད་ས་མ་ཤོར་གོང་དོལ་རྒྱལ་གྱི་གནས་ཚུལ་འདི་ལྷ་གསོལ་འདྲེ་གསོལ་དང་འབྲེལ་བའི་གནས་ཚུལ་ཙམ་པོ་ཞིག་ཡིན། འོན་ཀྱང་དོལ་རྒྱལ་རང་ཉིད་ནས་གཞུང་ལ་འཁོན་འཛིན་ཡོད་མེད་ལ་མ་བལྟོས་པར་དོལ་རྒྱལ་ཚད་ཐུབ་ཡིན་མིན་གྱི་རྩོད་གཞི་དེ་སྐབས་དེ་དུས་ནས་ཡོད་ཀྱང་། དེ་གལ་འགངས་ཅན་གྱི་ཆབ་སྲིད་ཀྱི་གནད་དོན་ཞིག་མིན། ད་ཆ་དོལ་རྒྱལ་གྱི་གནས་ཚུལ་འདི་རྒྱ་དམར་གྱིས་ཆབ་སྲིད་ཀྱི་ལག་ཆར་བཟུང་སྟེ་རང་རེའི་བདེན་པ་དང་གོང་བུའི་ནུས་པ་གཏོར་བཤིག་གཏོང་ཐབས་སྣ་ཚོགས་ལ་སྤྱོད་པར་མ་ཟད། བོད་མི་ཅོལ་ཆུང་ལས་འབྲས་ཁྱད་བསད་དང་། སྐྱབས་དང་སྐྱབས་མིན་གྱི་གནད་མི་ཤེས་པ་དག་གིས་འདི་སྣང་གི་དངུལ་དངོས་ཀྱི་ཁེ་ཕན་ཕྲན་བུའི་ཆེད་རྒྱ་དམར་གཞུང་ལ་སྐྱབས་བཅོལ་ཏེ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པ་མཆོག་དང་བོད་གཞུང་མང་གཉིས་ལ་རྒྱབ་གཏོད་བྱས་པ་དེ་ནས་བཟུང་དོལ་རྒྱལ་གྱི་གནས་ཚུལ་དེ་ཆབ་སྲིད་ཀྱི་གནས་དོན་ཡིན་པའི་ར་སྤྲོད་གསལ་པོ་བྱུང་བ་ཡིན།

སྔར་བོད་ཀྱི་རྒྱལ་རབས་ནང་བྱུང་མྱོང་མེད་པའི་བཙན་འཛུལ་གྱིས་རང་ཡུལ་ཆོས་ལྡན་ཞིང་གི་སྣོད་བཅུད་མི་རིགས་རིག་གཞུང་དང་བཅས་པ་འཇིག་ཉེན་གཉན་འཕྲང་ཅན་གྱི་དུས་འདིར། སྔོན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་མཐུ་ལས་མཁྱེན་བརྩེ་ནུས་གསུམ་གྱི་དཔལ་ལ་དབང་འབྱོར་ཞིང་། རང་ཅག་གངས་ལྗོངས་ལྷ་མི་ཡོངས་ཀྱི་སྐྱབས་གཅིག་མགོན་པོ་ཐམས་ཅད་མཁྱེན་པ་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་ཉག་གཅིག་ལ་བརྟེན་དུས་ད་ལྟར་ཡང་བོད་ཀྱི་བདེན་པའི་གནས་ཚུལ་དྲོད་མ་ཡལ་བར་འཛམ་གླིང་འདིའི་སྟེང་གནས་ཏེ་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད་པར་མ་ཟད། མགོན་པོ་གང་གིས་རང་རེ་བོད་འབངས་ལ་ཆོས་དང་ཟང་ཟིང་སོགས་གང་ཐད་ནས་བཀའ་དྲིན་ཆེས་ཆེར་བསྐྱངས་པ་ནི་སྟོང་གསུམ་རིན་པོ་ཆེ་རིན་ཆེན་སྣ་བདུན་གྱིས་བཀང་སྟེ་ལན་བརྒྱར་འབུལ་ཡང་ནམ་ཡང་གསབ་ཐབས་བྲལ་བ་ཞིག་ཡིན། བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལན་ལོག་འཇལ་བྱེད་མཁན་དོལ་རྒྱལ་རྗེས་འབྲང་དམ་ཉམས་ཐ་ཤལ་འགས་མདའ་དཀྲུག་ཕུ་དཀྲུག་དང་མགོ་སྐོར་སོགས་ཐབས་ངན་སྣ་ཚོགས་ལག་ལེན་བསྟར་བ་ལ་བརྟེན་ཁག་གཅིག་མགོ་སྐོར་འོག་ཚུད་རྒྱུའི་ཉེེན་ཁ་མཐོང་བས། དེའི་ཐད་གསལ་བཤད་ཚུལ་མཐུན་གནད་ལ་འཁེལ་བ་ཞིག་དགོས་ངེས་ཀྱང་། ད་བར་འདོད་བློ་ཁེངས་པའི་གསལ་བཤད་ཀྱི་དྲྭ་རྒྱ་ཞིག་མཐོང་མ་བྱུང་། དེས་ན་ལམ་ནོར་བར་སོང་བ་དག་ལ་དོན་དངོས་དང་མཐུན་པར་ལུང་རིགས་གང་ཐད་ནས་གསལ་བཤད་བྱ་རྒྱུའི་གླེང་སྟེགས་ཞིག་དགོས་མཁོར་མཐོང་ནས་དྲྭ་རྒྱ་འདི་ཆེད་དུ་གཉེར་བ་ཡིན། མདོར་ན་འདི་ལ་དམིགས་ཡུལ་གྱི་གཙོ་བོ་ནི་གསུམ་ཡོད།

༡༽ དེང་གི་ཤེས་ལྡན་མང་པོ་ཞིག་དང་། མ་འོངས་པའི་མི་རབས་གསར་པ་རྣམས་ཀྱིས། དོལ་རྒྱལ་ཚོགས་པ་ཟེར་བ་དེ་དག་གིས་༸རྒྱལ་དབང་ཐམས་ཅད་མཁྱེན་པར་ངོ་རྒོལ་དང་སྐུར་འདེབས་ཀྱི་འཆལ་གཏམ་སྣ་ཚོགས་སྤེལ་ཏེ་མི་འཚམ་པ་ཆེན་པོ་བྱས་འདུག་ཀྱང་། མགོན་པོ་གང་གི་རྗེས་འབྲང་བོད་མི་བློ་ལྡན་རྣམས་ཀྱིས་དེའི་ཐོག་ལན་འདེབས་འདོད་བློ་ཁེངས་པ་ཞིག་སྐབས་སོ་སོར་མ་བྱས་པ་གང་ཡིན་ནམ། ཡང་འགའ་ཞིག་གིས། ཏཱ་ལའི་བླ་མ་རྗེས་འབྲང་རྣམས་ལ་ལན་འདེབས་བྱ་རྒྱུ་བདེན་པས་ཕོངས་པ་ཡིན་ནམ་སྙམ་པ་ཡང་དྲན་སྲིད་པས། དོལ་རྒྱལ་དང་འབྲེལ་བའི་གནས་ཚུལ་ལ་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ཏེ། དཀར་ནག་དབྱེ་འབྱེད་ཀྱི་ལམ་སྟོན་ཁ་ཕྱེ་བ་ལྟ་བུ་ཞིག་དང་། མགོན་པོ་ཐམས་ཅད་མཁྱེན་པར་གཞི་མེད་ཀྱི་སྒྲོ་སྐུར་ཞུས་རིགས་ལ་དྲྭ་རྒྱ་འདིའི་བརྒྱུད་སྐབས་སོ་སོར་ལན་འདེབས་བྱ་རྒྱུ་འདིའི་དགོས་པའི་གཙོ་བོ་ཡིན།

༢༽ དེ་ཡང་དོལ་རྒྱལ་རྗེས་འབྲང་པ་ཚོས་རང་ཉིད་ལམ་ནོར་དུ་བསྐྱོད་ནས་བོད་ཀྱི་གཞོན་སྐྱེས་གནས་ཚུལ་གསལ་པོ་མི་ཤེས་པ་ཁག་གཅིག་ལམ་ནོར་དུ་འཁྲིད་ཐབས་ཅི་རིགས་བྱེད་པ་དེ་དག་འགོག་ཐབས་བྱ་རྒྱུ་གལ་ཆེར་མཐོང་སྟེ་དྲྭ་རྒྱ་འདི་ད་ལྟ་བོད་སྐད་དང་དབྱིན་སྐད་གཉིས་ཀྱི་ཐོག་ཡོད་ལ། རིམ་པས་སྐད་ཡིག་གཞན་དང་གཞན་ཐོག་བསྒྱུར་འཆར་ཡོད། དེ་ལ་བརྟེན་ནས་ཕྱི་རྒྱལ་བ་མ་ཟད་བོད་རིགས་གཞོན་སྐྱེས་སོགས་བོད་ཀྱི་སྐད་ཡག་པོ་མ་ཤེས་པ་ཚོས་དབྱིན་ཡིག་སོགས་ནས་གནས་ཚུལ་ཤེས་ཐུབ་པ་ཡོང་རྒྱུ་ཡིན། བཀའ་གདམས་གསར་པའི་ཉམས་ལེན་ལ་བསྙད་དེ་དོལ་རྒྱལ་རྗེ་བཙུན་འཇམ་དཔལ་དབྱངས་དང་གཅིག་ཏུ་ལྟ་མཁན་དོལ་རྒྱལ་རྗེས་འབྲང་སྤྱི་དང་། ཁྱད་པར་ཕྱི་རྒྱལ་བ་ཆོས་ཀྱི་གནས་ལུགས་ཇི་བཞིན་མི་ཤེས་པ་དང་། མི་དགེ་བའི་བཤེས་གཉེན་གྱིས་ཟིན་པ་རྣམས་ལ་ལམ་ཕྱིན་ཅི་མ་ལོག་པ་སྟོན་རྒྱུ་འདིའི་དམིགས་ཡུལ་གྱི་གཙོ་བོ་གཅིག་ཡིན།

༣༽ ༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པའི་མཛད་པ་སྤྱི་དང་། བྱེ་བྲག་དོལ་རྒྱལ་བསྟེན་གསོལ་ཐོག་དམ་བསྒྲགས་གནང་དགོས་དོན་ནི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཡང་སྒོས་༸འཇམ་མགོན་རྒྱལ་བ་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ། དེ་བཞིན་བོད་མི་རིགས་ཀྱི་བདེ་རྩ་བཅས་ཐུགས་ལ་དགོངས་པ་ཁོ་ན་ལས། གང་ཉིད་ཀྱི་སྐུ་དོན་དང་གཞན་གྱི་ངོ་སྲུང་གནང་བ་གཏན་ནས་མིན། ཚུལ་འདི་མགོན་པོ་གང་གི་བཀའ་དྲིན་གྱིས་འཚོ་བའི་བོད་མི་རྣམས་ཀྱིས་མ་ཤེས་ན། བླུན་པོ་ཆུ་སྣ་གར་ཁྲིད་ཀྱིས་ལམ་ནོར་དུ་འཕྱན་ཉེན་ཡོད། དེ་ལྟར་མིན་པར་༸གོང་ས་མཆོག་གིས་ལོ་རྒྱུས་ཀྱི་ཁུངས་དང་། རིགས་པ་ཡང་དག་གི་སྒྲུབ་བྱེད། ལུང་གི་རྒྱབ་རྟེན་བཅས་ཀྱིས་ལམ་སྟོན་མཛད་པ་དེ་ལ་ངེས་པ་རྙེད་ན། རང་གི་ལམ་དེ་ཕྱིན་ཅི་མ་ལོག་པ་ཡིན་པ་ལ་དགའ་བ་དང་། བླ་མའི་མཛད་པ་དང་ཡོན་ཏན་ལ་དད་པ། བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་གུས་པ། རྨོངས་པ་ལམ་ཕྱིན་ཅི་ལོག་ལ་ཞུགས་མཁན་རྣམས་ལ་སྙིང་རྗེས་ཀུན་ནས་བསླངས་ཏེ་དགེ་སྐྱོན་གསལ་བཤད་བྱེད་ཐུབ་པ་སོགས་ཀྱི་དགེ་མཚན་ཡོད། དྲྭ་རྒྱ་འདི་ནི་གཞན་ལུགས་དགག་པ་ཙམ་གྱི་ཆེད་དུ་མིན་པར་རང་ལུགས་གཏད་སོ་ཡོད་པ་གསལ་བར་བྱས་པ་ཞིག་ཀྱང་ཡིན་ནོ། །

ད་སྐབས་དོལ་རྒྱལ་རྗེས་འབྲང་པ་ཚོས་དྲྭ་རྒྱའི་ཆ་རྐྱེན་ལ་བརྟེན་ཆོས་མིན་སྡིག་ལས་ཚབས་ཆེའི་འཆལ་གཏམ་ཁ་ནས་གང་ཐོན་བཤད་པ་རྣམས་ལ་ཆོས་མཐུན་བདེན་པའི་ལམ་ནས་སྤྱིར་གསལ་བཤད་གནད་ལ་འཁེལ་བ་ཞིག་དུས་ཐོག་སོ་སོར་མ་བྱས་ཚེ། སྐྱེ་བོ་མང་པོ་ལམ་ལོག་པར་འཁྲིད་ཉེན་ཡོད་པར་བརྟེན། དེ་དག་འགོག་ཐབས་སུ་དྲྭ་རྒྱ་འདི་ཆེད་དུ་གཉེར་བ་ཡིན། མདོར་ན་འདིའི་དམིགས་ཡུལ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་སྨན་པའི་དགེ་བའི་ལས་ཁོ་ན་ཡིན་ནོ། །

དྲྭ་རྒྱ་འདི་སྤྱི་ཚོགས་ཀྱི་གླེང་སྟེགས་གཞན་ཕལ་མོ་ཆེ་ཚོང་ལས་དྲིལ་བསྒྲགས་བྱེད་པ་སོགས་དང་གཏན་ནས་མི་འདྲ་བས། ལྟ་ཀློག་བྱེད་མཁན་མང་ཉུང་དང་། གྲགས་པ་ཆེ་ཆུང་དང་ཕན་ནུས་བཅས་ད་ལྟ་ཐོག་མ་ཡིན་སྟབས་ཚོད་དཔག་བྱེད་མི་ཐུབ་ཀྱང་། བདེན་པ་བདེན་པར་མཐོང་སྟེ་དོལ་རྒྱལ་སྐོར་མ་རྟོགས་པ་དང་། ལོག་པར་རྟོག་པ། དེ་བཞིན་ཐེ་ཚོམ་གྱི་དྲ་བ་རྣམས་རིམ་གྱིས་བསལ་ནས་ལམ་མ་ནོར་བར་བཀྲི་ཐུབ་པ་ཞིག་འབྱུང་ན་འདིའི་དགོས་དོན་སྙིང་པོ་དེ་གྲུབ་པ་ཡིན་པས། དཔྱོད་ལྡན་རྣམས་ཀྱིས་རབ་བྱུང་ན་དྲྭ་རྒྱ་འདིའི་ནང་དོན་རྣམས་ཆ་ཚང་དང་། དེ་མིན་རང་རང་གི་དྭོགས་པ་ཇི་ཡོད་པ་དེའི་སྐོར་ངེས་པར་གཟིགས་གནང་ཡོད་པ་ཞུ་རྒྱུ་ཡིན།

དེ་ཡང་ནང་དོན་ཆ་ཚང་མཁྱེན་འདོད་ན་ཐོག་མར་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་སློབ་ཀྱི་རིམ་པ་རྣམས་དང་། དེ་ནས་ལོ་རྒྱུས་ཀྱི་ཡིག་ཆ་ཁག དེ་ནས་དཔྱད་པའི་རིགས། དེ་ནས་དྲི་ལན་གྱི་རིགས། མཐར་སྤང་བླང་གི་བསླབ་བྱ་རྣམས་གཟིགས་ན་དགེ་ཚན་ཆེ་བར་མངོན། འོན་ཀྱང་གཟིགས་པ་པོ་སྣ་ཚོགས་པ་ལ་ཐེ་ཚོམ་གྱི་གཞི་མི་འདྲ་བ་སྣ་ཚོགས་ཡོད་པར་བརྟེན་འདིར་ལེ་ཚན་རྣམས་གོང་ལྟར་མ་སྒྲིག་པར་ཐད་ཀར་སོ་སོར་དམར་རྗེན་དུ་བཏོན་ནས་བཀོད་ཡོད། དེ་ཡང་རྒྱ་ཆེ་གཟིགས་པ་པོ་རྣམས་ཀྱིས་ས་བཅད་རྣམས་གཟིགས་ཙམ་གྱིས་དྲ་རྒྱའི་བརྗོད་བྱ་གང་ཡིན་མཁྱེན་ཐུབ་པའི་ཆེད་དང་། རང་གང་ཞིག་གཟིགས་འདོད་ཡོད་པ་ལ་ཐད་ཀར་གཟིགས་ཐུབ་ཆེད་ས་བཅད་བཀྲམ་སྟེ་བཀོད་ཡོད།

རྒྱ་ཆེ་ཀློག་པ་པོ་རྣམས་ཀྱིས་དོལ་རྒྱལ་དང་འབྲེལ་རང་རང་གི་དཔྱད་རྩོམ་དྲ་རྒྱ་འདིའི་རང་ལུགས་དང་རྗེས་སུ་མཐུན་པ་ཁག་དང་། དེ་བཞིན་དོལ་རྒྱལ་དང་འབྲེལ་བའི་ཉམས་མྱོང་གི་གཏམ་ཁུངས་མ་རྣམས་རྩོམ་སྒྲིག་པར་བསྐུར་གནང་བྱུང་རིགས་འདི་ནས་ཞིབ་འཇུག་གིས་འདོན་འོས་པ་རྣམས་འདོན་རྒྱུ་དང་། འདོན་མ་ཐུབ་པའི་རིགས་ལ་དགོངས་སེལ་ཞུ་རྒྱུ་ཡིན། དྲ་རྒྱ་འདི་ནི་དོལ་རྒྱལ་དང་། དེ་འབྲེལ་བའི་འཆལ་གཏམ་རིགས་འགོག་ཕྱིར་ཡིན་པས། དམ་ཉམས་པར་འཆལ་གཏམ་སྤེལ་རྒྱུའི་གོ་སྐབས་གཏན་ནས་སྤྲོད་རྒྱུ་མིན། དོལ་རྒྱལ་ཀྱི་སྐོར་དོགས་འདྲིའི་རིགས་ཕལ་མོ་ཆེར་ལན་བརྒྱབ་ནས་འདིར་བཀོད་ཡོད། གཟུར་གནས་གནས་ཚུལ་འཚོལ་ཞིབ་པ་རྣམས་དང་། དོགས་འདྲི་རྣམས་ལ་ལན་འདེབས་བྱས་པ་དེ་ནས་གནད་དོན་མང་པོ་ཞིག་ཤེས་ཐུབ་ངེས་ཡིན། དཔྱད་རྩོམ་རིགས་འདི་ག་རྩོམ་སྒྲིག་པར་གནང་སོན་བྱུང་བ་རྣམས་ཀྱི་ནང་ཅི་སྟེ་ཚིག་ངན་རིགས་ཡོད་ཚེ། དེ་དག་དགོས་པ་ལས་དགག་བྱ་ཆེ་བ་དང་། མ་རབས་ཐ་ཤལ་རྣམས་ཀྱི་བྱ་སྤྱོད་དང་རང་རེའི་རང་ལུགས་ཐ་དད་ཡིན་པས། དཔྱད་རྩོམ་དང་ཉམས་མྱོང་གི་བཀའ་མོལ་ཇི་ཙམ་ཟབ་ཀྱང་འདིའི་ནང་འདོན་རྒྱུ་ཁས་ལེན་ཞུ་མི་ཐུབ་ལ། དེ་མིན་ལོ་རྒྱུས་ཚད་ལྡན་གྱི་དཔྱད་རྩོམ་གཟུར་གནས་མཁས་པ་དགྱེས་བྱེད་ཀྱི་གཟེངས་སུ་ཐོན་པ་རྣམས་གཙོ་བོ་དབྱིན་སྐད་དང་། དེ་མིན་སྐད་ཡིག་གཞན་དུ་བསྒྱུར་ནས་ཀྱང་འདོན་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་ཞུ།

སྤྱིར་དོལ་རྒྱལ་ཚོགས་པའི་དྲ་རྒྱ་མང་པོ་ཡོད་པ་ལས་གཞི་རྒྱ་ཆེ་བ་བཞི་ཙམ་འདུག་ལ། དེ་དག་གི་ནང་ཐོན་པའི་ལོག་བཤད་རྣམས་ལ་རིམ་གྱིས་མཛུབ་སྟོན་གྱིས་མཚང་བརྟོལ་རྒྱུ་འདིའི་དམིགས་ཡུལ་ཡིན། དེས་ན་དྲྭ་རྒྱ་འདིའི་ནང་དཔྱད་རྩོམ་འདོན་འདོད་ཡོད་པ་རྣམས་ཀྱང་དྲང་པོ་དྲང་བཞག་དང་། ལོ་རྒྱུས་ཁུངས་བཙན་དཔང་པོར་བཞག་ནས་དཔྱད་རྩོམ་འབྲི་དགོས་པ་ལས། ཁོང་ཁྲོའི་དབང་གི་ཚིག་ངན་དང་། ཁ་རྡུང་བཏང་བའི་རྩོམ་ཡིག་གིས་དགོས་པ་རླབས་པོ་ཆེ་མི་འགྲུབ་པའི་ཁར་དེ་དག་གིས་ཕན་ལས་གནོད་ཆེ་བ་ཡོང་ཉེན་ཡོད། དོལ་རྒྱལ་བསྟེན་མི་རྣམས་ཀྱི་ལོག་རྟོག་བསལ་ནས་ཁོང་ཚོ་ལམ་མ་ནོར་བར་འཁྲིད་རྒྱུ་རང་ཅག་ཐེག་པ་ཆེན་པོར་ཁས་འཆེ་བ་རྣམས་ཀྱིས་འབད་བརྩོན་གང་ཐུབ་གནང་དགོས་པ་ཡང་ཐུགས་ལ་འཇགས་པར་ཞུ་རྒྱུ་དང་།

ཅི་སྟེ་དོལ་རྒྱལ་དེ་དྲེགས་པ་བརྟག་ཐུབ་པ་ཞིག་ཡིན་ན་ནི་དེར་དགག་བྱ་བྱེད་པ་ཡང་མི་རུང་ལ། དེ་ལས་ལྡོག་སྟེ་དམ་སྲི་ཡིན་པ་ནི་ལོ་རྒྱུས་ཀྱི་དཔང་ཡིག་སྤྱི་དང་། བྱེ་བྲག་སྤྲུལ་སྐུ་གྲགས་རྒྱན་དང་དུས་གཅིག་པའི་༸གོང་ས་ལྔ་པ་ཆེན་པོའི་གསུང་ནང་ལན་གཅིག་མིན་པར་ཡང་ནས་ཡང་ནས་བྱུང་བས། དེ་དག་ནི་རང་ལུགས་ཀྱི་བློ་རྩེ་གཏད་སའི་ལུང་གི་ཁུངས་རྣལ་མ་ཡིན་ལ། གཞན་དག་དོལ་རྒྱལ་གྱི་ལོ་རྒྱུས་གཞན་དུ་སྨྲ་བ་རྣམས་ནི་དོལ་རྒྱལ་བྱུང་ནས་ལོ་ཉི་བརྒྱ་ལྔ་བཅུ་ཙམ་གྱི་རྗེས་དུས་རབས་ཉི་ཤུའི་སྟོད་དུ་བྱུང་བའི་བླ་མ་དག་གི་གསུང་ཁག་ནས་བྱུང་ཡང་། དེ་དག་གང་དུའང་སྤྲུལ་སྐུ་གྲགས་རྒྱན་འདྲེ་ལ་སྐྱེས་པ་མིན་པའི་སྒྲུབ་བྱེད་ཚད་ལྡན་གང་ཡང་མེད་ཅིང་། དེ་ཡང་གྲགས་རྒྱན་ཆོས་སྲུང་གི་སྐུར་བཞེངས་ཤིང་། ངོ་བོ་རྗེ་བཙུན་འཇམ་དཔལ་དབྱངས། བརྒྱུད་རིམ་ས་སྐྱ་པཎ་ཆེན་དང་། བུ་སྟོན་ཐམས་ཅད་མཁྱེན་པ། དེ་བཞིན་འདུལ་འཛིན་གྲགས་པ་རྒྱལ་མཚན། པཎ་བསོད་ནམས་གྲགས་པ་སོགས་དང་སྦྱར་བ་རྣམས་ནི། གྲགས་རྒྱན་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་ངོ་མར་འཛིན་པའི་དབང་གིས་བྱུང་ལ། དེ་ལྟར་མིན་པ་ནི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་མི་ཐོག་གཅིག་གྱུར་༸གོང་ས་ལྔ་པ་ཆེན་པོ་སོགས་ཀྱི་གསུང་ལས་གསལ་བར་ཐོན་པས། དེས་ན་དོལ་རྒྱལ་དང་འབྲེལ་བའི་སྐྱེས་རབས་སོགས་དོལ་རྒྱལ་གྱི་བེའུ་བུམ་སོགས་སུ་ཡིག་ཚོགས་མང་པོ་བཀོད་ནས་ཡོད་པ་རྣམས་ནི་རྟོག་བཟོ་རླུང་གིས་འཁྱེར་བ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ནས་བསྒྲིགས་པ་ཁོ་ནར་སྣང་།

དེ་ཡང་༸གོང་ས་ལྔ་པ་དང་རྟོགས་པ་ཡོན་ཏན་སོགས་མཉམ་པ་ཞིག་གིས་མགོན་པོ་གང་གི་གསུང་རྣམས་དྲང་དོན་དུ་བཀྲལ་ན་རིགས་པ་ལས། དུས་ད་ལྟ་བར་མཁྱེན་བརྩེ་འཕྲིན་ལས་སོགས་གང་ཅིའི་ཐད་དོལ་རྒྱལ་རྗེས་འབྲང་པས་ཚད་མར་བྱེད་པའི་བསྟན་འཛིན་དག་ནི་༸རྒྱལ་དབང་ལྔ་པ་མཆོག་དང་འགྲན་བཟོད་པ་གཏན་ནས་མིན་པ་ནི། གང་གི་གསང་རྣམ། གསུང་འབུམ། རྣམ་ཐར་སོགས་དང་། ༸རྒྱལ་དབང་ལྔ་པ་ཆེན་པོས་བོད་ལྗོངས་ཆོས་ལྡན་གྱི་ཞིང་འདིར་གདུལ་བྱ་སྐལ་ལྡན་རྣམས་ལ་ཆོས་ཀྱི་བཀའ་དྲིན་གྱིས་བསྐྱངས་པའི་འཕྲིན་ལས་སོགས་གང་གི་ཐད་ནས་ཀྱང་ཟླ་མེད་པར་སྣང་ལ། དོལ་རྒྱལ་རྗེས་འབྲང་པ་རྣམས་ཀྱི་ཚད་མར་འཛིན་པའི་བླ་མ་དག་ནི་སྤྱིར་སངས་རྒྱས་བྱང་སེམས་སོགས་ཀྱི་སྤྲུལ་པ་སོགས་ཡིན་སྲིད་ཀྱང་། ཐུན་མོང་སྣང་ཚོད་དུ་དེ་དག་གི་མཚན་སྙན་གྲགས་པ་སོགས་ཐམས་ཅད་༸གོང་ས་ལྔ་པ་ཆེན་པོས་གཏན་ལ་ཕབ་ཅིང་སྤེལ་བའི་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་དྲིན་གྱི་གྲིབ་བསིལ་འོག་རྒྱས་པ་ཤ་སྟག་ཡིན། ཇི་ལྟར་སྟོན་པ་དངོས་ཀྱི་འཁོར་དུ་ངེས་པ་དོན་ལ་སངས་རྒྱས་གཞན་གྱི་སྤྲུལ་པ་ཉེ་བའི་སྲས་ཆེན་བརྒྱད་སོགས་ཡོད་ཀྱང་། ཐུན་མོང་གདུལ་བྱའི་སྣང་ངོར་དེ་དག་ཀུན་སངས་རྒྱས་ཤཱཀྱ་ཐུབ་པ་ལས་གཙོ་མི་ཆེ་བ་ལྟར། བོད་འདིར་བླ་ཆེན་མི་ཆེན་ཇི་སྙེད་ཅིག་བྱུང་ཡོད་མོད། འཕྲིན་ལས་དང་བཀའ་དྲིན་༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་འཕྲེང་རིམ་བྱོན་ལྟ་བུ་ཤིན་ཏུ་ནས་དཀོན་པོ་ཡིན། གཞན་ཡང་སྤྱིར་ན་བོད་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་གྲངས་ལས་འདས་པ་ཡོད་མོད། བསྟན་འཛིན་ཀུན་གྱིས་མགྲིན་གཅིག་དབྱངས་གཅིག་ཏུ་མི་མཐུན་པ་མེད་པར་དངོས་སུ་འཕགས་པ་སྤྱན་རས་གཟིགས་སུ་ཞལ་གྱིས་བཞེས་པ་ནི༸རྒྱལ་དབང་རིམ་བྱོན་རྣམས་ཡིན་ཞིང་། དོལ་རྒྱལ་བ་རྣམས་ཀྱིས་ལྷག་པར་གོང་དུ་བཀུར་བའི་བླ་མ་དག་ཀྱང་༸གོང་ས་ལྔ་པ་ལས་ཁྱད་དུ་འཕགས་པ་ཞིག་མིན་པའི་ཕྱིར་ན། ཇི་སྲིད་༸རྒྱལ་དབང་ལྔ་པ་ཆེན་པོ་དང་མཁྱེན་བརྩེ་ནུས་གསུམ་གྱི་འཕྲིན་ལས་མཉམ་པ་ཞིག་གིས་༸རྒྱལ་དབང་རིམ་བྱོན་གྱིས་དོལ་རྒྱལ་ལ་བཅངས་པའི་དགོངས་པ་གཞན་དུ་མ་བཀྲལ་བར་༸གོང་ས་སྐུ་ཕྲེང་རིམ་བྱོན་གྱི་དོལ་རྒྱལ་སྐོར་གྱི་གསུང་རྣམས་དྲང་དོན་མིན་པར་ངེས་དོན་དུ་འདོད་ཅིང་། དེ་ཡང་ཤིན་ལྐོག་གི་དོན་ལ་གཞི་བཅོལ་ས་ལུང་ཚད་མ་ཞིག་དགོས་ཤིང་། ལུང་རྒྱབ་རྟེན་དུ་མེད་པར་འབྱུང་རྒྱལ་དུ་ཐག་གཅོད་མི་རུང་བའི་ཕྱིར་ན། ཁོ་བོ་ཅག་ནི་༸རྒྱལ་བ་ལྔ་པ་ཆེན་པོའི་གསུང་དེ་གཙོ་བོར་བྱས་ནས་གྲགས་རྒྱན་པཎ་ཆེན་བསོད་གྲགས་ཀྱི་ཡང་སྲིད་མིན་པར་གསུངས་པ་ལྟར་འདོད་དོ། །

དོལ་རྒྱལ་ངེས་པ་དོན་ལ་རྗེ་བཙུན་འཇམ་དཔལ་དབྱངས་དངོས་སམ། ཡི་དམ་གསང་འདུས་སོགས་སུ་འདོད་པའི་བླ་མ་དག་ནི་དོལ་རྒྱལ་གྱི་བསླུ་བྲིད་འོག་ཆུད་པ། དེ་ཡང་གདུལ་བྱའི་བསོད་ནམས་དམན་པའི་སྟབས་ལས་བྱུང་བ་ཡིན་ཞིང་། དེ་དག་གི་ཀུན་སློང་ནི་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་ཐབས་ཐུགས་ལ་བཅངས་པ་ཁོ་ན་ཡིན་ལ། དོལ་རྒྱལ་བ་རྣམས་ཀྱིས་གོང་དུ་བཀུར་བའི་བླ་མ་མང་དག་རང་ཅག་མང་པོའི་བརྒྱུད་པའི་བླ་མར་གྱུར་པ་ཡིན། དེས་ན་རྗེ་ཕ་བོང་ཁ་སོགས་ལ་ཀུན་གྱིས་མ་གུས་པ་སྤོང་ལ། དེ་དག་གི་མཛད་པ་གཞན་དང་གཞན་ལ་ཡི་རང་ཞིང་། དྲིན་དྲན་གྱི་བློའམ་དག་སྣང་གི་རང་རྒྱུད་མཛེས་པར་བྱས་ཏེ། སྐུར་བ་ནམ་ཡང་འདེབས་པར་མི་བྱའོ་ཞེས་སྙིང་ནས་སྐུལ་ལོ། །

མདོར་ན་རང་ཅག་རྣམས་ལ་བདེན་པ་བདེན་པར་ར་སྤྲོད་རྒྱུ་ཡོད་པར་བརྟེན་འཆལ་གཏམ་གྱི་དཔྱད་པ་སོགས་ཀྱི་དགོས་པ་གང་ཡང་མེད་ལ། ཅི་སྟེ་དོལ་རྒྱལ་དྲེགས་པ་ཚད་ལྡན་ཞིག་ཡིན་ན་ནི་དེ་འགོག་པ་ཡང་མི་འོས་པ་དང་། མི་དགོས་པ་ཡིན་པས་ན། དྲྭ་རྒྱའི་རང་ལུགས་གསལ་པོར་མི་ཤེས་པ་རྣམས་ཀྱི་དཔྱད་པ་དག་ཀྱང་དོན་དངོས་དང་མི་མཐུན་ན་འདིར་འགོད་པའི་སྐབས་ཀྱང་མེད་པ་ཤེས་པར་བྱའོ། །

མདོར་ན་རང་ཅག་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་རྗེས་འཇུག་རྣལ་མ་རྣམས་ནས་བཟང་པོའི་ངང་ཚུལ་མ་དོར་བར་ཆོས་དང་འཇིག་རྟེན་གྱི་བྱ་བ་སོགས་ཐམས་ཅད་ལ་འཇུག་དགོས་ལ། དེ་ཡང་༸རྒྱལ་དབང་ཐམས་ཅད་མཁྱེན་པས། གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ་ལས།

ཆོས་ཀྱི་ཞིང་དུ་ཆོས་མིན་ཉེས་སྤྱོད་ཚོགས། །
ཆོས་ཀྱིས་ཞི་ཞིང་ཆོས་སྲིད་ལེགས་ཚོགས་ཀུན། །
ཆོས་ལྡན་ཡིད་བསམ་ཆོས་བཞིན་མྱུར་འགྲུབ་སྟེ། །
ཆོས་ཀྱི་བདེན་པས་ཆོས་མིན་མཐར་བྱེད་ཤོག །

ཅེས་ཇི་ལྟར་ཐུགས་སྨོན་མཛད་པ་ལྟར་རང་ཅག་རྣམས་ནས་ཀྱང་གཞན་གྱི་ཆོས་མིན་ཉེས་སྤྱོད་ཀྱི་ཚོགས་རྣམས་ཆོས་ཀྱིས་ཞི་བ་ཞིག་དགོས་ལ། དེ་ཡང་ཁུངས་ལུང་དང་ལྡན་ཞིང་། སྒྲུབ་བྱེད་ཀྱི་རིགས་པ་ཡོད་ན་ཆོས་ཀྱི་བདེན་པས་ཆོས་མིན་མཐར་བྱེད་པ་ཡང་འོང་བས། རྒྱ་ཆེ་གཟིགས་པ་པོ་རྣམས་ནས་ཀྱང་ཚུལ་དེར་ཅི་ནས་འབད་པ་གནང་དགོས་གལ་ཆེའོ། །

རང་ཅག་བཙན་བྱོལ་གྱི་བོད་མི་རྣམས་ནི་རང་གི་ལུང་པ་ནས་གྱར། བོད་དུ་ཡོད་པ་རྣམས་ནི་བཙན་གནོན་གྱི་འོག་ཉིན་མཚན་འདའ་དགོས་ཤིང་། ད་ལྟ་བོད་ཀྱི་ཆོས་དང་རིག་གཞུང་། སྣོད་བཅུད་བཅས་འཇིག་ལ་ཉེ་བའི་མཚམས་འདིར། བོད་ཀྱི་རང་དབང་བསྐྱར་གསོ་དང་། ཆོས་དང་རིག་གཞུང་སྔར་ལས་ཀྱང་དར་ཞིང་རྒྱས་པ་ཡོང་ཐབས་ལ་བརྩོན་རྒྱུ་ནི་ཆོས་ལྡན་བོད་འདིའི་མིའི་རིགས་སུ་གཏོགས་པ་ཐམས་ཅད་ཀྱི་ཕྲག་པར་སྐབས་བབས་ཀྱི་འགན་ཆེན་པོ་ཞིག་ཡིན་པས། གཞན་དོན་ལ་ཁ་གཡར་ནས་རང་དོན་སྒྲུབ་པ་ལྟ་བུ་མིན་པར་ལྷག་བསམ་ཟོལ་མེད་ཤེས་རབ་ཀྱི་གྲོགས་དང་བཅས་ཏེ། དེ་ཡང་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཐུགས་དཀྲུག་པའི་བྱ་བ་ལས་ཐ་ཤལ་ཆེ་བའི་བྱ་བ་ཞིག་མེད་སྟབས། རང་གཞན་ཀུན་གྱིས་རང་རང་གི་འཕྲལ་ཕུགས་ཀྱི་བདེ་རྩར་བསམ་སྟེ། དེ་ལྟ་བུའི་བྱ་བར་ནམ་ཡང་མི་འཇུག་པའི་དམ་བཅའ་དང་བཅས་ཏེ། སྤྱི་དོན་བསྒྲུབ་པར་ལྷག་བསམ་དང་རྣམ་དཔྱོད་ཀྱི་དཔུང་པ་རབ་ཏུ་བརྟན་པ་བྱུང་ན། ལས་འབྲས་བསླུ་མེད་བདེན་པའི་མཐུས་རང་གཞན་ཀུན་བདེ་ནས་བདེ་བར་འགྲོ་བ་ལ་སོམ་ཉི་ནམ་ཡང་བྱེད་མི་དགོས་པ་ཡིན་པ་ནི།

༸རྒྱལ་དབང་ཐམས་ཅད་མཁྱེན་པའི་གསུང་ལས།
གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །
འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །
ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་། །

སྐྱེ་ཀུན་ཕྱག་ན་པདྨོས་རྗེས་གཟུང་ཤོག །

ཅེས་ཇི་ལྟར་ཐུགས་སྨོན་མཛད་པ་བཞིན་གངས་ཅན་ཞིང་གི་སྲི་ཞུར་གཏོགས་པ་ནི་རང་ཅག་བོད་སྤྱི་པའི་འགན་ཕྲག་པར་འཁུར་བའི་བོད་མི་ཐམས་ཅད་ལ་སྦྱར་རིགས་པ་ལས། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁོ་ནར་གོ་ན་ཧ་ཅང་ཁྱབ་ཆུང་ལ། དེས་ན་ཀུན་གྱིས་རང་རང་གི་སྐབས་བབས་ཀྱི་སྤྱི་དོན་དང་འབྲེལ་བའི་བྱ་གཞག་རྣམས་ལ་འཐུས་མ་ཤོར་བར་ལྷག་བསམ་རྣམ་དག་བྱས་ན། ཚེ་རབས་ཐམས་ཅད་དུ་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་བཟུང་བ་ཡང་དེ་ནས་འབྱུང་ལ། དེ་མིན་ལས་འབྲས་གོ་ལྡོག་སྟེ་ཆོས་མིན་ལས་ལ་ཞུགས་ནས་མཐར་འཆི་ཁར་ལྷ་བླ་མ་སོགས་ལ་སྐྱབས་འཇུག་ཇི་ཙམ་ཞུས་ཀྱང་། སྤྱིར་ལྷ་དང་བླ་མའི་ཐུགས་རྗེ་ལ་ཉེ་རིང་མ་མཆིས་མོད། འོན་ཀྱང་རང་གིས་རང་ཕུང་ལ་སྦྱོར་བའི་ལས་བསགས་པ་དེ་ལས་སུས་ཀྱང་སྐྱོབ་པར་མི་ནུས་ན། ཆོས་ལྡན་གངས་ཅན་ཞིང་གི་འགྲོ་བར་གཏོགས་པའི་བོད་རིགས་སྤྱི་དང་། ལྷག་པར་༸རྒྱལ་བ་འདི་ལས་ཆོས་འབྲེལ་ཞུས་ཤིང་། རང་རང་གི་ཁེ་ཕན་ཆེད་༸རྒྱལ་བའི་མཚན་ཡན་ཆད་བེད་སྤྱོད་ཀྱིས་མགོན་པོ་གང་གི་བཀའ་དྲིན་གྱི་འོག་ནས་འཚོ་བའི་སྐྱེ་བོ་ཀུན་གྱིས། ༸གོང་ས་༸རྒྱལ་བའི་དབང་པོར་ཕྱི་ནག་པོའི་ཕྱོགས་ཀྱིས་ཇི་ཙམ་གྱིས་སྨོད་པ་དེ་ཙམ་གྱིས་གདོང་ལེན་དཔུང་རོགས་ཀྱི་རམ་འདེགས་དང་། ༸རྒྱལ་བའི་མཛད་པར་གནོད་པའི་བདུད་ཀྱི་བར་ཆད་རིགས་ལ་སྐབས་བབས་ཀྱི་གཉེན་པོ་བསྟེན་ཏེ་ཕྱིར་བཟློག་ཐབས་ལ་དུས་དང་རྣམ་པ་ཀུན་ཏུ་འབུངས་ཤིག་ཅེས་ཤ་ཚའི་གཞེན་འདེབས་དང་བཅས་སྔོན་གླེང་དུ།

དྲ་རྒྱ་འཆར་འགོད་པས།

༢༠༡༤ ལོའི་བོད་ཤིང་སྟག་ཟླ་ ༩ ཚེས་ ༢༥ ལ་ཕུལ། །

Related Articles

ལམ་སྟོན།