༸གོང་ས་ལྔ་པ་ཆེན་པོས་དོལ་རྒྱལ་གྱི་འཕྲིན་སྐུལ་མཛད་ཟེར་བའི་རྟོག་བཟོ་རླུང་གིས་འཁྱེར་བའི་འཆལ་གཏམ་འགོག་པ།

http://shugdenfacts.com/gadenjangtsemonastery/དོལ་རྒྱལ་དྲེགས་པར་སྐྱེས་རྗེས་༸རྒྱལ་དབང་ལྔ་པ་ཆེན་པོས་འཕྲིན་སྐུལ་མཛད་ཅེས་པ་ཤིན་ཏུ་ནས་མི་འཐད་དེ། དེ་ལྟར་མཛད་པར་གྲགས་པའི་འཕྲིན་སྐུལ་ནང།

རབ་བྱུང་ཆས་ལྡན་བསེ་ཁྲབ་ཐོད་དུ་འཛིན། །གཡས་པས་བེ་ཅོན་གཡོན་པས་མི་སྙིང་འཛིན། །

ཞེས་འདུག་པས་འཕྲིན་སྐུལ་འདིར་དོལ་རྒྱལ་གྱི་ཕྱག་མཚན་ལག་གཡས་སུ་བེ་ཅོན་དང། གཡོན་དུ་མི་སྙིང་འཛིན་པ་གསལ་འདུག་ན། ཁྱེད་ཅག་གིས་ཚད་མར་འདོད་པའི་དོལ་རྒྱལ་བསྟོད་འགྲེལ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་མཛད་པ་དེ་ཉིད་ལས་ནི་དོལ་རྒྱལ་ལ་ཕྱི་ལོ་ ༡༧༠༤ ལོར་འཁྲུངས་པའི་ས་སྐྱའི་བདག་ཆེན་བསོད་ནམས་རིན་ཆེན་དགུང་ལོ་བཅུ་བདུན་སྐབས་སྲུང་མར་མངའ་གསོལ་བ་དེ་དུས་ཕྱག་མཚན་སྩལ་བ་གསུངས་པ་ལ་གཞིག་ན། དོལ་རྒྱལ་ལ་ཕྱག་མཚན་དང་འབྲེལ་བའི་རྣམ་པ་དེ་དུས་ནས་ཐོག་མར་བྱུང་བ་གདོན་མི་ཟ་བས། བདག་ཆེན་དགུང་ལོ་བཅུ་བདུན་སྐབས་ཕྱི་ལོ་ ༡༧༢༡ ཡིན་པས། དེ་ནས་བཟུང་དོལ་རྒྱལ་ལ་ཕྱག་མཚན་དེ་འདྲ་བྱུང་བའང་དོན་གྱིས་འགྲུབ་པས། གོང་གི་འཕྲིན་བསྐུལ་ནི་དེའི་དུས་སམ་ཕྱིས་བརྩམས་པ་ཤིན་ཏུ་གསལ་བས་དེ་དུས་ཕྱི་ལོ་༡༦༡༧ ལོར་འཁྲུངས་པའི་༸གོང་ས་ལྔ་པ་ཆེན་པོ་ཅི་སྟེ་བཞུགས་ཡོད་ན་དགུང་གྲངས་༡༠༤ཡིན་དགོས་འདུག་པས། དེ་ལྟར་བཞུགས་མེད་པར་༸རྒྱལ་བ་ལྔ་པ་ཆེན་པོ་ཕྱི་ལོ་༡༦༨༢ལོར་དགོངས་པ་གཞན་དོན་དུ་གཤེགས་པ་ཀུན་ལ་ཡོངས་སུ་གྲགས་པའི་ཕྱིར་དང། (ད་ལྟའི་དོལ་རྒྱལ་གྱི་དྲ་རྒྱའི་ནང་༸གོང་ས་ལྔ་པ་ཆེན་པོའི་ལོ་རྒྱུས་གོང་གི་བསྟོད་པ་དང་འབྲེལ་ནས་སྨྲས་པ་ཞིག་འདུག་པས་དེ་ལ་གཞིགས་ནའང། ཁྱེད་ཅག་ཀྱང་༸གོང་ས་ལྔ་པ་ཆེན་པོའི་དགོངས་པ་གཤེགས་ལོ་དེ་ལྟར་འདོད་པ་དྲ་རྒྱ་དེར་ཤིན་ཏུ་ནས་གསལ་བར་འཁོད་འདུག་པས་དེ་ལྟར་མིན་ཞེས་སྨྲ་བར་མི་རུང་།) ༸རྒྱལ་བ་ལྔ་པའི་གསུང་གང་དུའང་དོལ་རྒྱལ་གྱི་འཕྲིན་སྐུལ་དེ་ལྟར་མེད་ཁར་དེ་ལས་ལྡོག་ཏེ། ལགས་ཨ་རྒྱལ་གྱི་འཕྲུལ་ལ་བརྟེན་ནས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་རྫུན་མ་ལམ་དུ་སོང་བའི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོར་སྐྱེས་ཏེ་བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན་ཞེས་དང། དོལ་རྒྱལ་འཁོར་བཅས་ཀྱི་ཆོ་འཕྲུལ་བཟློག་ཐབས་སུ་དྲག་པོའི་ལས་སྦྱོར་མཛད་སྐབས་གཟུ་དཔང་ཞིག་ཀྱང་མཛད་པའི་ནང།

དམ་མིན་དམ་བརྫུས་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །
བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛོད་ཐལ་བར་བརློག།  །ཅེས་སོགས་གསུངས་པ་ལ་གཞིག་ན་དོལ་རྒྱལ་ལ་འཕྲིན་སྐུལ་མཛད་ཅེས་ཟེར་བ་ཧམ་བཤད་ཁོ་ནའོ། །

ཅི་སྟེ་༸རྒྱལ་བ་ལྔ་པ་ཆེན་པོས་མ་འོངས་མངོན་གཟིགས་ཀྱིས་འཕྲིན་སྐུལ་དེ་ལྟར་མཛད་ཟེར་ན། མི་འཐད་དེ། དོལ་རྒྱལ་ཁྱེད་ཚོས་སྨྲས་པ་ལྟར་གྱི་ཆོས་སྲུང་ཚད་ལྡན་ཡིན་ན་དེ་བས་ཀྱང་༸རྒྱལ་བ་ལྔ་པ་ཆེན་པོའི་གསུང་ནང་གསལ་དགོས་ལ། དེ་ལས་ལྡོག་ཏེ་དམ་སྲི་ཡིན་པ་ངོས་འཛིན་མཛད་པར་སྣང་བའི་ཕྱིར། གཞན་ཡང་༸རྒྱལ་བ་ལྔ་པ་ཆེན་པོར་མ་འོངས་མངོན་གཟིགས་ཡོད་པར་སྨྲ་བ་དང། ཡང་ལྔ་པ་ཆེན་པོ་བཙན་པོ་དབང་ཤེད་ཅན་དུ་འདོད་པ། ཡང་དོལ་རྒྱལ་ཚད་མར་སྒྲུབ་འདོད་ནས་༸ལྔ་པ་ཆེན་པོས་མཛད་པའི་དོལ་རྒྱལ་གྱི་འཕྲིན་སྐུལ་དང་ཕྱག་བཟོ་ཅན་གྱི་སྐུ་རྒྱབ་དུ་ཕྱག་དམ་དམར་པོ་ཡོད་པར་སྨྲ་བ་རྣམས་ནང་འགལ་གྱི་འཁུར་ཆེན་པོ་ཡིན་པས། ཚུལ་དེ་དག་ཀུན་ནི་རང་གི་བླུན་རྟགས་ཕྱི་ལ་མངོན་པ་ཁོ་ནའོ། །

དེ་བཞིན་༸རྒྱལ་བ་ལྔ་པ་ཆེན་པོོའི་ཕྱག་བཟོ་ཅན་གྱི་དོལ་རྒྱལ་གྱི་སྐུ་ད་ལྟ་བལ་ཡུལ་འཕེལ་རྒྱས་གླིང་དགོན་དུ་ཡོད་ཟེར་བའི་འདྲ་པར་ཞིག་ད་ལྟ་སྤེལ་བཞིན་པ་དེ་ཇི་བཞིན་མི་གསལ་ཡང་དེའི་ནང་གི་དོལ་རྒྱལ་གྱི་ལག་ཏུ་མི་སྙིང་དང་བེ་ཅོན་ཡོད་དགོས་ཏེ། དེའི་རྒྱབ་ཏུ་གོང་གི་བསྟོད་ཚིག་དེ་ཡོད་པར་བཤད་པའི་ཕྱིར། དེ་ལྟར་ཡོད་ན་ནི་དོལ་རྒྱལ་ལ་ཕྱག་མཚན་དེ་འདྲ་སྔར་༸རྒྱལ་དབང་གི་དུས་སུ་མེད་པ་ནི་ཕྱིས་བདག་ཆེན་བསོད་ནམས་རིན་ཆེན་གྱིས་དོལ་རྒྱལ་ལ་ཕྱག་མཚན་གནང་བ་དེ་ནས་བཟུང་དོལ་རྒྱལ་ཕྱག་མཚན་དང་འབྲེལ་ནས་འབྲི་སྲོལ་དར་བ་ཡིན་པ་ཁྱེད་ཅག་ཀུན་གྱིས་ཁུངས་སུ་བྱེད་པའི་དོལ་རྒྱལ་གྱི་འབྱུང་བ་བརྗོད་པའི་ཡིག་ཆ་དག་དང་ནང་འགལ་ཆེན་པོ་ཡིན་ལ། དེ་ལྟར་མིན་ན་དོལ་རྒྱལ་གྱི་ལག་གཡོན་པར་མི་སྙིང་དེ་བདག་ཆེན་བསོད་ནམས་རིན་ཆེན་གྱིས་གནང་བ་མིན་པར་ཐལ། དེའི་གོང་ནས་ཡོད་པའི་ཕྱིར་ཏེ། དོལ་རྒྱལ་ལ་བདག་ཆེན་མ་མཇལ་གོང་༸གོང་ས་ལྔ་པས་མི་སྙིང་དང་འབྲེལ་ནས་བསྟོད་པ་མཛད་པའི་ཕྱིར། དེས་ན་གོང་གི་ལུང་རིགས་དེ་དག་གིས་དེ་འདྲའི་༸རྒྱལ་བ་སྐུ་ལྔ་པ་ཆེན་པོས་མཛད་པའང་ཁེགས་སོ། །

ཡང་སྐུའི་རྣམ་པ་དེ་ལས་གཞན་དུ་ཡོད་ཟེར་ན་རྒྱབ་ཀྱི་བསྟོད་པ་དང་མདུན་གྱི་སྐུ་གཉིས་མི་མཐུན་པས་དེ་གཉིས་ཀ་༸གོང་ས་ལྔ་པ་ཆེན་པོས་མཛད་པ་ཇི་ལྟར་འགྲུབ་གསལ་པོར་སྨྲོས་ཤིག།

གཞན་ཡང་སྐུའི་རྒྱབ་ཏུ་༸རྒྱལ་བ་ལྔ་པ་ཆེན་པོའི་ཕྱག་དམ་སྦྱར་མ་ཅན་གསེར་བྲིས་མ་ཞིག་ཡོད་ཟེར་ཡང་༸རྒྱལ་བ་༸ལྔ་པ་ལུགས་གཉིས་ཀྱི་མངའ་བདག་དེ་འདྲ་བ་ཞིག་གིས་འདྲེ་ཞིག་གི་སྐུ་རང་གི་ཕྱག་གིས་བཟོ་བར་རྩོམ་མམ། ཡང་དེ་ལྟར་མཛད་རྒྱུའི་དུས་ཁོམ་ཡོད་དམ། ཡང་སྲུང་མ་ཡེ་ཤེས་སྤྱན་ལྡན་གཞན་གང་གིའང་སྐུ་༸གོང་ས་ལྔ་པ་ཆེན་པོའི་ཕྱག་བཟོ་ཅན་གཅིག་ཀྱང་མཐོང་རྒྱུ་མེད་པར་དོལ་རྒྱལ་གྱི་དེ་ལྟར་ཡོད་པར་སྨྲ་བ་རྣམས། སེམས་རྣལ་དུ་ཞོག་ལ་དེ་ལྟར་མིན་པར་གང་བྱུང་བྱུང་སྨྲ་ན་སྨྱོ་རྒྱུའི་མཚམས་ལ་སླེབ་ཉེན་ཡོད་དོ། །

ད་དུང་དེ་ལྟར་ཡིན་ཞེས་སྨྲ་བ་ཡང་ཡིད་ཆེས་པར་དཀའ་བའི་གནས་ཁོ་ན་སྟེ། ལོ་རྒྱུས་དེ་དག་༸གོང་ས་ལྔ་པ་ཆེན་པོའི་གསུང་ནང་མེད་ཁར་དེ་དག་ལས་བཟློག་པ་ཁོ་ནར་སྣང་བས། སྔར་གྱི་དོལ་རྒྱལ་གྱི་ལོ་རྒྱུས་དོལ་རྒྱལ་རང་ཉིད་ཀྱིས་སམ། བྱེད་པ་མང་བའི་གང་ཟག་གཅིག་གིས་རྨོངས་པས་སམ། ཤེས་བཞིན་དུ་སངས་རྒྱས་ཀྱི་བསྟན་པར་གནོད་པར་བརྩམས་པའི་རང་གཞན་ཕུང་ལ་སྦྱོར་བའི་ལས་མཁན་ཞིག་གིས་སྨྲས་པ་དེ་ཡོངས་སུ་གྲགས་པ་ཞིག་སྟེ། ༸སྐྱབས་རྗེ་རྣམ་པའི་གསུང་དུའང་དོལ་རྒྱལ་གྱི་སྐོར་སྔར་གྱི་ཟེར་ལོ་ཐོས་ལོ་ལས་གཞན་གང་ཡང་མེད་པ་ཤེས་པར་བྱས་ཏེ། དཔྱོད་ལྡན་རྣམས་གཟབ་པར་བྱ་དགོས་ཏེ། ཕན་ཐོགས་མེད་པའི་ལས་ལ་ནན་གྱིས་འཇུག་པ་ལ་དགོས་པ་ལས་དགག་བྱ་ཆེ་བས། དོལ་རྒྱལ་ཚད་མར་བསམ་ནས་དེ་ཁོ་ན་བསྒྲུབ་པའི་ངལ་བ་མ་བྱས་པར་ལོ་རྒྱུས་ཀྱི་བྱུང་རིམ་ཚད་ལྡན་རྣམས་དང། ཆོས་ཀྱི་ཚུལ་མ་ནོར་བ་ཤེས་པར་བྱས་ཏེ། ཅི་ནས་ཀྱང་སྤང་བླང་མ་ནོར་བར་འཇུག་པར་སྐུལ་ལོ། །

མདོར་ན་ཁྱེད་ཅག་གིས་༸རྒྱལ་བ་ལྔ་པ་ཁུངས་སུ་དྲངས་པ་ནི་དོལ་རྒྱལ་ཚད་མར་སྒྲུབ་འདོད་ནས་ཡིན་པས་དེ་ལ་༸རྒྱལ་བ་ལྔ་པ་ཆེན་པོའི་གསུང་ཚད་མར་འདོད་དགོས་ལ། དེ་ལྟར་ན་དོལ་རྒྱལ་ཆོས་ཅན། འདྲེ་ཡིན་པར་ཐལ། ༸ལྔ་པ་ཆེན་པོས་དེ་སྐད་གསུངས་པའི་ཕྱིར། ལན་མེད་དོ། །

Related Articles

ལམ་སྟོན།