སེར་སྨད་གྲྭ་ཚང་གི་ཆོས་སྲུང་ཐ་འོག་ཆོས་རྒྱལ་ཆེན་པོ་དང་དོལ་རྒྱལ་མི་མཐུན་པ།

དེ་ཡང་དེ་སྔ་བོད་ནས་སེར་སྨད་གྲྭ་ཚང་དུ་དོལ་རྒྱལ་སྟེན་སྲོལ་གཏན་ནས་མེད་ཀྱང་། བཙན་བྱོལ་དུ་འབྱོར་རྗེས་སུ་རྐྱེན་མང་དག་ལས་གྲྭ་ཚང་དུའང་དོལ་རྒྱལ་སྟེན་སྲོལ་འཆགས། དེ་ཡང་སེར་སྨད་གྲྭ་ཚང་གི་སྲུང་མའི་གཙོ་བོ་ཐོག་མ་ནས་ལྕམ་སྲིང་དང་། དེ་ནས་བར་སྐབས་མཁན་ཆེན་བློ་བཟང་དོན་གྲུབ་ཀྱི་དུས་ནས་ཐ་འོག་ཆོས་རྒྱལ་ཆེན་མོ་གྲྭ་ཚང་གི་ཆོས་སྲུང་དུ་མངའ་གསོལ་བས། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཐུན་མོང་མིན་པའི་སྲུང་མ་དེ་གཉིས་སུ་ངེས། དེ་ཡང་༡༩༨༠ ལོར་དེ་དུས་ཀྱི་གྲྭ་ཚང་མཁན་པོ་ཀོང་པོ་བང་རི་རིན་པོ་ཆེ་ཡིན་པའི་སྐབས་གྲྭ་ཚང་དུ་མི་ཤིས་པའི་མཚན་མ་དང་ཆོས་སྲིད་ཀྱི་བྱ་བ་རྣམས་ལ་འགལ་རྐྱེན་མང་དག་བྱུང་བས། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ཐུགས་བརྟག་ཞུས་འབྲས་སུ་ཐ་འོག་ཆོས་རྒྱལ་ཆེན་པོར་སྒྲིབ་སེལ་བྱུང་བའམ། ཐ་འོག་ཐུགས་འཁོན་པའི་དབང་གིས་ཡིན་པར་བཀའ་ལན་ཕེབས་པར་བང་རི་རིན་པོ་ཆེ་ནས་དེ་ལྟར་ཇི་ལྟར་ཡིན་ལུགས་ཞུས་པ་ན། ཁྱེད་རང་ཉིད་ནས་བརྟག་དཔྱད་གནང་ན་ཤེས་པར་འོང་ཞེས་བཀའ་ལན་ཕེབས་པ་ལྟར་རིན་པོ་ཆེས་བརྟག་པ་མཛད་པར་ནུབ་གཅིག་གྲྭ་ཚང་དུ་གྲྭ་ཇ་ཚོགས་པ་རྨིས། སྲོན་རྒྱུན་བཞིན་དགེ་འདུན་དམངས་ཡར་ཚོགས་རྗེས་མཁན་པོ་གདོང་གྲལ་ནས་ཚོགས་དབུས་སུ་ཕེབས་སྲོལ་ཡོད་པ་བཞིན་འདུ་ཁང་གི་གཞུང་སྒོར་ཕེབས་པ་ན། དེར་སྒོ་སྲུང་བའི་ཚུལ་གྱི་གྲྭ་པ་བགྲེས་ཚུལ་ཅན་ཞིག་བཞུགས་པ་རྨིས། དེ་ནས་སྒོ་དེ་ནས་འདུ་ཁང་ནང་དུ་གློ་བུར་དུ་གང་ནས་སླེབས་ཡེ་མི་ཤེས་པའི་གྲྭ་གཟུགས་ཅན་ལོ་ན་གཞོན་པ་ཞིག་གཞུང་སྒོ་ནས་ཤུགས་ཀྱིས་ནང་དུ་སོང་བས་ཐར་པ་ན། དེར་སྒོ་སྲུང་གྲྭ་པ་བགྲེས་པ་དེ་ཤིན་ཏུ་ནས་མི་དགྱེས་པའི་རྣམ་འགྱུར་བསྟན་པ་རྨིས་པས། རྨི་ལམ་གྱི་བརྡ་དེ་གྲྭ་ཚང་གྱི་ཆོས་སྲུང་ཐ་འོག་ཆོས་རྒྱལ་ཆེན་པོ་གྲྭ་ཚང་དུ་དོལ་རྒྱལ་བསྟེན་གསོལ་བྱེད་པ་དེར་འཁོན་པའི་རྟགས་སུ་གསལ་བས། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་བརྟག་པ་ཞུས་པའི་འབྲས་བུར་ཡང་ཐ་འོག་ཐུགས་ཁྲོས་པའི་བརྟག་འབྲས་དེ་ལྟར་བྱུང་བས་ན། གྲྭ་ཚང་སྤྱི་ནས་དོལ་རྒྱལ་སྟེན་སྲོལ་སྔར་ནས་མེད་པ་དེ་དེ་མུར་བསྐྱར་གསོ་བྱ་འདོད་ཡོད་པས་ཇི་ལྟར་བྱ་ཞེས་མཁན་པོ་བང་རི་རིན་པོ་ཆེ་ནས་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་སྙན་གསན་ཕུལ་བར། དེ་ག་རང་རུང་ཞེས་བཀའ་ལན་ཕེབས། བང་རི་རིན་པོ་ཆེས་གྲྭ་ཚང་ཚོགས་དབུས་ནས་དོལ་རྒྱལ་ཤུགས་ལྡན་བསྟེན་པ་མི་རུང་བ་ཚོགས་སུ་བསྒྲགས་པ་ན། རིན་པོ་ཆེའི་སྐུ་གོང་མ་རྙིང་མ་ཡིན་པས་དེའི་རྒྱུ་མཚན་གྱིས་དེ་ལྟར་དོལ་རྒྱལ་དམ་བསྒྲགས་མཛད་པར་བསྙད་དེ་རྨོངས་ཚོད་ཀྱིས་མི་འདོད་པའི་རྣམ་པ་སྟོན་མཁན་མང་པོ་བྱུང་ཡོད་ཅིང། ཁ་ཤས་ནས་དེས་རྐྱེན་པས་དོལ་རྒྱལ་གྱིས་བང་རི་རིན་པོ་ཆེ་སྐུ་བཀྲོངས་པ་རེད་ཅེས་ཀྱང་བསྒྲགས། དུས་དེ་ནས་བཟུང་སེར་སྨད་གྲྭ་ཚང་ཚོགས་སྤྱི་ནས་དོལ་རྒྱལ་གྱི་འཕྲིན་སྐུལ་གྱི་ཚིག་བཅད་གཅིག་ཙམ་ཡང་འདོན་སྲོལ་མེད་པ་སོགས་ཀྱི་དངོས་ཡོད་ལོ་རྒྱུས་ད་ལྟ་བང་རི་སྐུ་གོང་མའི་གསོལ་དཔོན་ཀོང་པོ་རྒན་སྐལ་བཟང་རྒྱ་མཚོ་སོགས་བགྲེས་པ་རྒྱུས་ཡོད་རྣམས་ཀྱི་ཞལ་ནས་ཐོས་པའི་གནས་ཚུལ་ཕྱོགས་བསྡུས་ཙམ་ཞིག་འདིར་ཁུངས་སུ་བཀོད་པ་དགེ་བར་གྱུར་ཅིག །

Related Articles

ལམ་སྟོན།