དོལ་རྒྱལ་གྱི་སྲོག་གཏད་ཞུ་རྒྱུའི་དགོངས་པ་དོར་བ།

གོང་ལྟར་ ༡༩༧༨ ཕྱི་ཟླ་ ༦ ཚེས་ ༡༣ ཉིན་སྩལ་བའི་བཀའ་སློབ་ནང་གསལ།
དེ་ལྟར་གནས་ཆུང་གིས་བཀའ་ལུང་དུ་ཨ་སྲས་འཁྱམས་པོ་བསྟེན་ན་འགྲིགས་ཀྱི་མིན་འདུག་གསུངས་སྐབས་མི་མང་པོའི་སེམས་ཟང་ཟིང་བྱས་ནས་དཀྲོགས་རྐྱེན་ལ་འགྲོ་ཡོང་བསམ་ནས་ངས་ཟོལ་མེད་ལྷག་བསམ་རྣམ་དག་གི་ཐོག་ནས་ཞལ་ཁ་བཞུགས་ཞུས་ཏེ། དུས་དེ་ནས་བཟུང་ཚིག་གཅིག་སྒྲོས་གཅིག་གསུང་གི་མི་འདུག འོན་ཀྱང་ང་ལ་སྤྱང་གྲུང་ཞིག་སླེབས་པ་རེད། རྒྱལ་ཆེན་གྱི་སྲོག་གཏད་ཞུ་རྒྱུ་དེ་ཡག་པོ་མི་འདུག་བསམ་པ་དྲན་བྱུང༌། དེའི་སྐབས་དེར་ཆ་བཞག་ན་ང་རྒྱལ་ཆེན་ལ་དགའ་མོས་ཡོད། ྋསྐྱབས་རྗེ་ཕ་བོང་ཁའི་ཆོས་བརྒྱུད་ཐོག་ནས་བྱས་ནའང་ཞེན་ཁོག་གཅིག་ཡོང་གི་ཡོད་པ་རེད། གནམ་འདིའི་ཁ་འོག་ན་གནས་ཆུང་རྒྱུས་ཡོད་པའི་མི་སུ་ཡོད་ཟེར་ན་མངོན་ཤེས་ཡོད་པའི་མི་ཚོ་ཕར་བཞག སྤྱིར་བཏང་མིའི་ནང་ལ་གནས་ཆུང་རྒྱུས་ཡོད་ཆེ་ཤོས་ཀྱི་མི་དེ་ང་ཆགས་ཡོད། དེ་བཞིན་ངའི་རྒྱུས་ཡོད་ཆེ་ཤོས་དེ་ཡང་ཕལ་ཆེར་གནས་ཆུང་ཆགས་ཡོད་པ་རེད། ནམ་རྒྱུན་ཕྱི་ལ་གསུང་རྒྱུན་གཅིག་ལ་རྒྱལ་ཆེན་གནས་ཆུང་གིས་བསྐུལ་བ་རེད།དེར་བརྟེན་གནས་ཆུང་དང་རྒྱལ་ཆེན་མི་འགྲིགས་པ་ཡོང་ཤེས་ཀྱི་མ་རེད་ཅེས་བསྟོད་འགྲེལ་གྱི་ནང་ལའང་ཁྲི་བྱང་རིན་པོ་ཆེས་གསུངས་ཡོད་ལ། སྤྱིར་བཏང་གསུང་རྒྱུན་འདི་འདྲ་ཞིག་ཡོད། ཕྱི་ནས་ག་རེ་བཤད་རུང་མ་བཤད་རུང་གང་ལྟར་གནས་ཆུང་དང་རྒྱལ་ཆེན་གཉིས་མ་མཐུན་པའི་གནས་ཚུལ་ཞིག་ཆགས་ཡོད། ངའི་ངོས་ནས་གནས་ཆུང་ལྷ་རྙིང་མི་རྙིང་རེད། རྒྱལ་ཆེན་ལྷ་གསར་མི་གསར་རེད།འདི་གཉིས་ནས་གཅིག་འདེམས་དགོས་ན་ངས་གནས་ཆུང་འདེམས་རྒྱུ་ལས་རྒྱལ་ཆེན་འདེམས་ཤེས་ཀྱི་མ་རེད། དེར་བརྟེན་རྒྱལ་ཆེན་གྱི་སྲོག་གཏད་ཞུ་རྒྱུ་མི་འདུག་བསམ་ནས་སྲོག་གཏད་ཞུས་མེད། འོན་ཀྱང་ལམ་སེང་ཐག་གཅོད་བྱེད་བདེ་པོ་ཞིག་མེད་སྟབས་གསེར་ཀོང་རིན་པོ་ཆེ་ང་གཉིས་གོ་བསྡུར་ཞིག་བྱུང༌། བར་ལམ་གནས་ཚུལ་འདི་དང་འདི་འདྲ་ཞིག་ཡོང་གི་འདུག་ཅེས་གནས་ལུགས་ཆ་ཚང་ཞུས་པ་ཡིན། དེ་ཡང་ངས་གསེང་ཀོང་རིན་པོ་ཆེའི་དྲུང་ནས་ལམ་སྒྲོན་བཤད་ལུང་ཞུ་བའི་སྐབས་སུ་ཡིན། གསེར་ཀོང་རིན་པོ་ཆེ་ང་གཉིས་གསུང་ཆོས་ཀྱི་བར་ལ་གསོལ་ཇ་མཆོད། བཀའ་མོལ་ཞུ་སྐབས་ཐོག་ཁའི་སྒང་ལ་རྡོ་གཅིག་ཐག་སེ་གཞུས་ནས་ཐག་སྒྲ་ཆེན་པོ་ཞིག་ཀྱང་བྱུང༌།

       དེ་རྗེས་ཡོངས་འཛིན་རིན་པོ་ཆེར་འདི་དང་འདིའི་གནས་ཚུལ་བྱུང་སོང༌། ད་ནི་གང་འདྲ་བྱས་ན་ལེགས་ཞེས་དགོངས་སྐོར་ཞུས་པར་ཡོངས་འཛིན་རིན་པོ་ཆེ་ནས་གནས་ཚུལ་དེ་ཤིན་ཏུ་གལ་ཆེན་པོ་རེད། སྲོག་གཏད་མ་ཞུས་ན་ལེགས་ཞེས་གསུངས་བྱུང༌། ཁྲི་བྱང་རིན་པོ་ཆེར་སྔོན་དུ་སྲོག་གཏད་ཞུ་རྒྱུའི་སྙན་སེང་ཞུས་ཟིན་སྟབས་ཁྲི་བྱང་རིན་པོ་ཆེ་རང་ལ་གནས་ལུགས་ཇི་བྱུང་གསལ་པོ་བྱས་ཏེ་ཞུས་ནས་ད་ཆ་སྲོག་གཏད་ཞུ་གི་མིན་ཞེས་མཚམས་འཇོག་བྱས་པ་ཡིན།

     དེ་སྐབས་ནང་དོན་ངས་སྲོག་གཏད་ཞུ་དང་མི་ཞུའི་སྐོར་གྱི་གནས་ཚུལ་ཐག་གཅོད་བྱས་པ་ལས། ལོ་གསོལ་འདོན་རྒྱུ་དང༌། ནམ་རྒྱུན་འཕྲིན་བཅོལ་འདོན་རྒྱུ་གཉིས་ལ་འགྱུར་བ་གང་ཡང་མ་བཏང་བར་གོང་ལྟར་རང་འཇགས་རང་བྱས་པ་ཡིན།

Related Articles

ལམ་སྟོན།