༸རྒྱལ་བའི་མཛད་པར་ཞབས་འདེགས་འདི་ལྟར་ཞུ།

http://shugdenfacts.com/gadenjangtsemonastery/བོད་ཟླ་བཅུ་པའི་གནམ་གང་ནི་བོད་གངས་ཅན་པ་རྣམས་ལ་ཆོས་སྲིད་གཉིས་ཀའི་ཐད་བཀའ་དྲིན་བླ་ལྷག་དུ་ཆེ་བའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་དགོངས་རྫོགས་ཀྱི་ཉིན་མོ་དེ་ཡིན། ཉིན་འདི་ནི་བོད་ཆོས་ལྡན་ཞིང་གི་སྐྱེ་འགྲོ་ཡོངས་མྱ་ངན་གྱིས་གདུང་ནས་ཤིན་ཏུ་ཉམ་དམའ་བའི་དུས་ཤིག་ཀྱང་ཡིན། སྔར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདའ་ཁར་འབྱུང་འགྱུར་གྱི་སྟོན་པ་མྱ་ངན་ལས་འདའ་བའི་གནས་ཚུལ་དངོས་སུ་མྱོང་བར་བཟོད་གླགས་མེད་པར་སྟོན་པའི་འཁོར་དགྲྭ་བཅོམ་པ་མང་དག་ཅིག་སྟོན་པའི་སྔོན་ཉིད་ནས་སྐུ་མྱ་ངན་ལས་འདས་པའི་ལོ་རྒྱུས་ཡོད། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་བཅུ་གསུམ་པ་ཆེན་པོ་མཆོག་ནི་ཆོས་སྲིད་གཉིས་ཀའི་ཐད་ནས་བོད་ཀྱི་ལྷ་མི་ཡོངས་ལ་སྐུ་དྲིན་ཤིན་ཏུ་ཆེ་བ་ཡིན་པ་གང་གི་རྣམ་ཐར་ལེགས་པར་མཇལ་བས་ཤེས་པར་ནུས་ལ། ངེས་པ་དོན་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་ནི་ལུང་གིས་ཟིན་ཅིང། བོད་ཀྱི་བླ་ལྷ་ཀུན་གྱིས་མགྲིན་གཅིག་དབྱངས་གཅིག་གི་སྒོ་ནས་ཞལ་གྱིས་བཞེས་པ་ཡང་ཡིན། དེས་ན་བོད་ལྷ་མི་ཡོངས་ཀྱི་མགོན་སྐྱབས་དམ་པ་དེ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་གནས་ཚུལ་སྔར་ནས་ཤེས་པ་ལ་མྱ་ངན་གྱི་རྣམ་པ་སྤུ་ཙམ་ཡང་མེད་ཁར། དེ་ལས་ལྡོག་སྟེ་སྐལ་བཟང་མཐོན་པོས་དགའ་བསུའི་ལུང་རྒྱགས་མཁན་ནི་དོལ་རྒྱལ་ཁོ་ན་ཡིན་ལ། དོལ་རྒྱལ་གྱིས་ཧོར་ཟླ་བདུན་པའི་ནང་དེ་ལྟར་ལུང་བརྒྱབ་པ་ནི་སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་གང་གི་དྲུང་ཡིག་བློ་བཟང་རྡོ་རྗེས་བརྩམས་པ་དེར་ཤོག་ ༥༡༩ དང་ ༥༢༤ ནང་ཤིན་ཏུ་གསལ་བར་འཁོད་ཡོད།

༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་མཆོག་ནི་དོལ་རྒྱལ་རང་ཉིད་སྔར་སྤྲུལ་སྐུ་གྲགས་རྒྱན་ཡིན་དུས་ཀྱི་རྩ་བའི་བླ་མ་༸གོང་ས་ལྔ་པ་ཆེན་པོའི་སྐུ་ཕྲེང་ཡང་ཡིན་པ་དང་། ༸སྐྱབས་རྗེ་ཕ་བོང་ཁའི་བླ་མ་དང་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་སོགས་ཀྱིའང་བླ་མ། བོད་གངས་ཅན་ལྗོངས་ཀྱི་ཡོངས་རྫོགས་བསྟན་པའི་མངའ་བདག བོད་ལྷ་མི་ཡོངས་ཀྱིས་གཙུག་ཏུ་བཀུར་བའི་བོད་ཀྱི་རྒྱལ་པོ་ཡང་ཡིན་པས། མགོན་པོ་གང་ཉིད་མྱ་ངན་ལས་འདའ་ཁར་དོལ་རྒྱལ་གྱིས་དགའ་བསུ་བྱས་པའི་གནས་ཚུལ་ལ་ཞིབ་པར་བསམས་ན། ༸གོང་ས་ལྔ་པ་ཆེན་པོས། དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །ཞེས་གསུངས་པ་ལྟར་དོན་ལ་གནས་པ་ཡང་ཡིན་པའི་སྒྲུབ་བྱེད་དེ་ལས་གསལ་བ་ཅི་ཞིག་དགོས། ཤེས་ལྡན་ཞིག་ཡིན་ན་ནི་དེ་ཁོ་ནས་དོལ་རྒྱལ་བོད་བསྟན་སྲིད་ལ་ལོག་པར་འཁུ་བའི་དམ་སྲི་ཡིན་པར་ཤེས་པར་འགྱུར་ངེས་ཡིན། གཞན་ཡང་དེང་གི་ཆར་དོལ་རྒྱལ་རྗེས་འབྲང་པ་རྣམས་དོལ་རྒྱལ་ཁ་ལ་འཁྱེར་ཏེེ་བོད་བསྟན་སྲིད་ལ་དཔུང་འདེགས་ཀྱི་བྱ་བ་ཏིལ་འབྲུ་ཙམ་ཡང་མེད་ཁར། རྒྱ་དམར་གྱི་བྱུས་ངན་གྱི་ལག་ཆར་གྱུར་ནས་ཡོད་པ་ནི་དེ་དག་གི་བློ་སྙིང་གང་ལ་གཏད་པའི་དོལ་རྒྱལ་ཁོ་དམ་སྲི་ཡིན་པའི་སྒྲུབ་བྱེད་དམར་རྗེན་དུ་ཕྱི་ལ་ཐོན་པ་ལྟ་བུ་ཡིན།

དེ་མཚུངས་རང་ཅག་བོད་མི་ཡོངས་ཀྱི་མགོན་སྐྱབས་དམ་པ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་མཛད་པར་ལོག་པར་འཁུ་བའི་དོལ་རྒྱལ་དང་དེའི་རྗེས་འབྲང་གི་ལྷ་མི་སོགས་སུ་ཡིན་རུང་སངས་རྒྱས་ཀྱི་བསྟན་པའི་དགྲྭ་བོ་ཁོ་ན་ཡིན་པས། བོད་མི་རྣམས་ཀྱིས་དེ་དག་གིས་༸རྒྱལ་བའི་མཛད་པ་དང་མཚན་མཐོང་ལ་གནོད་བྱེད་བརྩམས་པར་བཟོད་པ་ཡིན་ཁུལ་གྱིས་སྐབས་བབས་ཀྱི་བརྡ་ལན་དང་། དྲང་པོའི་ངང་ཚུལ་གྱི་གསལ་བཤད་ཚུལ་མཐུན་གྱི་སྒོ་ནས་མ་བྱས་ན། སྤྱོད་འཇུག་ལས། གནས་མིན་བཟོད་པ་སྨད་པའི་གནས། ཞེས་གསུངས་པ་ཐོག་ཏུ་བབས་པ་ཡིན། དེས་ན་ད་ལན་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་དགོངས་རྫོགས་དང་འབྲེལ་དྲ་རྒྱ་གསར་པ་འདི་རྒྱལ་ཡོངས་སུ་སྒོ་འབྱེད་བྱས་ཏེ་རྟེན་འབྲེལ་ལེགས་པར་འགྲིག་པ་ཡིན།

ཆོས་ལ་བདུད་ཀྱི་བར་ཆད་འབྱུང་བ་ན་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱིས་བཟོད་པར་མི་ནུས་པ་ལྟར་ཇི་སྲིད་བོད་བསྟན་སྲིད་དང་། ༸རྒྱལ་བའི་མཛད་པར་མི་འཚམ་པ་ཅི་འབྱུང་ཡང་བོད་མི་རྣམས་ཀྱིས་ང་ལ་སྐབས་སུ་བབས་པ་མིན་སྙམ་སྟེ་སྡོད་པ་མིན་པར། རང་ནུས་དང་བློས་གང་ལ་གང་འཚམ་ཀྱིས་དཔུང་འདེགས་ཞུ་དགོས་ཞེས་ནན་སྐུལ་ཞུ་རྒྱུ་ཡིན། ༸རྒྱལ་དབང་གོང་མས་དོལ་རྒྱལ་ལ་དམ་བསྒྲགས་མཛད་པའི་མཛད་པའི་འཕྲོ་སྐྱོང་ཕྱིར་དང་། ད་ལྟའི་༸རྒྱལ་དབང་བཅུ་བཞི་པ་ཆེན་པོར་ཞབས་འདེགས་ཀྱི་ཚུལ་དུ། དུས་འདི་ནས་བཟུང་སྟེ་དོལ་རྒྱལ་རྗེས་འབྲང་པ་ཚོས་ཆོས་མཐུན་གྱི་བརྒལ་བརྟག་གང་འབྱུང་བ་ལ་དང་ལེན་གྱིས་ལན་སྤྲོད་རྒྱུ་དང་། དེ་དག་གི་ལོག་བཤད་ལ་གསལ་བཤད་བྱས་ཏེ་མང་ཚོགས་མགོ་འཁོར་གྱི་འོག་འགྲོ་ཉེན་ལས་སྐྱོབ་རྒྱུ་སོགས་ནི་འདིའི་དམིགས་ཡུལ་ཡིན། ཞིབ་པར་དྲ་རྒྱའི་ངོ་སྤྲོད་ལས་ཤེས་པར་ནུས་པས། འདིར་འདི་ཙམ་ཞིག་དུས་དྲན་དང་འབྲེལ་སྤེལ་བ་ཡིན། འདིས་ཀྱང་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་སྐུ་ཚེ་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྨོན་ལམ་ལོག་པའི་དམ་སྲིའི་རིགས་ཀྱི་བར་ཆད་ཀྱི་དབང་དུ་མ་སོང་བར་འགྲོ་བའི་བདེ་རྩར་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག་ཅེས།

དུས་ཀྱི་མིག་འབྱེད་ཐུབ་དབང་དགོངས་རྒྱན་ཞེས་བྱ་བའི་དྲ་རྒྱའི་འཆར་འགོད་པས།

བོད་ཟླ་བཅུ་པའི་གནམ་གང་གི་ཉིན་ཏེ། སྔར་དོལ་རྒྱལ་གྱིས། དགུ་རྫོགས་གནམ་གང་ཡིན་ད། ཞེས་ལུང་བརྒྱབ་ཏེ་དགའ་བསུ་གང་ལ་བྱས་པའི་ཉིན་དེར། ལུང་དེའི་ལན་དུ། དམ་སྲི་དོལ་རྒྱལ་གྱི་མཚང་བརྟོལ་ན་འདི་ལྟར་ཡིན། ཞེས་དྲ་རྒྱ་འདི་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་ལོ། །

Related Articles

ལམ་སྟོན།