དྲི་ལན།

༄༅། །དྲ་རྒྱའི་ཐོག་དོལ་རྒྱལ་རྗེས་འབྲང་པས་གཏམ་བཤད་དང། ཡིག་ཆ་འགྲེམས་སྤེལ་བཅས་ཀྱིས་དཀར་ནག་གོ་ལྡོག་གི་དྲིལ་བསྒྲགས་རྒྱུན་མཐུད་བྱེད་པའི་གཙོ་གནད་ཁག་གཅིག་ལ་དོན་དངོས་ཀྱི་གསལ་བཤད།

༸གོང་ས་ལྔ་པ་ཆེན་པོས་དོལ་རྒྱལ་གྱི་འཕྲིན་བསྐུལ་བཀའ་རྩོམ་མཛད་ཡོད་ལུགས་ཟེར་བའི་ཐད།

༸གོང་ས་ལྔ་པ་ཆེན་པོས་དོལ་རྒྱལ་གྱི་འཕྲིན་བསྐུལ་མཛད་ཡོད་ན། གང་གི་གསུང་འབུམ་ཕྱི་མ་(པོད་ད་)པའི་ནང། ཐོགས་མེད་དྲག་རྩལ་ནུས་སྟོབས་ལྡན་པའི་དམ་ཅན་ཆོས་སྲུང་རྒྱ་མཚོའི་སྤྱན་སྔར་མཆོད་བསྐུལ་བསྐང་བཤགས་བསྟོད་ཚོགས་སོགས་(འཕྲིན་ལས་རྣམ་བཞི་ལྷུན་གྲུབ།)ཅེས་པའི་ནང་ཞལ་བྱང་དང་མཐུན་པའི་སྲུང་མའི་བསྐང་འཕྲིན་བཀའ་རྩོམ་མཛད་པ་མཐའ་དག་ཡོད་ཀྱང། དོལ་རྒྱལ་གྱི་འཕྲིན་བསྐུལ་ཟེར་བ་མེད་པར་མ་ཟད། དེ་ལས་ལྡོག་སྟེ་དོལ་རྒྱལ་ལ་དྲག་པོའིི་ལས་སྦྱོར་མཛད་སྐབས་འབྱུང་པོ་དེ་དག་མགོན་སྐྱབས་དཔུང་གཉེན་དང་བྲལ་ཆེད་གཟུ་དཔང་མཛད་པའི་འཕྲིན་བསྐུལ་བཀའ་རྩོམ་འཁོད་པར་འདི་ལྟར།

ལེགས་ལྡན་ཕྱག་དྲུག་ལས་གཤིན་དམག་ཟོར་ལྷ། །གདོང་བཞི་མགོན་པོ་ལྕམ་དྲལ་བེག་རྩེ་སོགས། །
བསྟེན་མཆོད་སྒྲུབ་པའི་སྲུང་མ་དམ་ཅན་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱི། །
དམ་མིན་དམ་བརྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །
བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག། །ཅེས་སོགས་མཛད་པ་ལ་བལྟས་ན། དོལ་རྒྱལ་གྱི་འཕྲིན་བསྐུལ་མཛད་ཡོད་ལུགས་ཟེར་བ་ཧམ་བཤད་ཡིན་པ་གསལ་པོ་ཤེས་ཐུབ།

འོན་ཀྱང་དེང་སྐབས་དོལ་རྒྱལ་བསྟེན་གསོལ་བ་ཚོས་༸རྒྱལ་མཆོག་ལྔ་པ་ཆེན་པོས་བརྩམས་པར་སྒྲོག་བཞིན་པའི་དོལ་རྒྱལ་གྱི་བེའུ་བུམ་ནང་ཡོད་པའི་འཕྲིན་བསྐུལ་དེ་ཇི་ལྟར་ཡིན་མིན་དང་། གོང་གི་རྒྱུ་མཚན་ལ་ཡང་ཞིབ་ཏུ་བསམ་ཚེ། མི་གཞན་ཞིག་གིས་རང་མཚམས་ཀྱིས་བརྩམས་ཏེ་༸གོང་ས་ལྔ་པ་ཆེན་པོར་ཁ་གཡར་ལག་ཕྱིས་བྱས་པ་ཞིག་ཡིན་པ་ཤིན་ཏུ་གསལ་པོ་ཡིན།

པཎ་ཆེན་སྐུ་གོང་མས་དོལ་རྒྱལ་བསྟེན་གསོལ་གནང་བ་ཟེར་ཐད།

པཎ་ཆེན་སྐུ་གོང་མའི་ཡོངས་འཛིན་དཀའ་ཆེན་ཨང་ཉི་མས་དོལ་རྒྱལ་བསྟེན་གསོལ་ཐོག་ཤིན་ཏུ་དམ་དྲག་གནང་བའི་རྒྱུ་མཚན་དང། པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གིས་བཀྲ་ཤིས་ལྷུན་པོའི་བཅའ་ཡིག་ནང་དོལ་རྒྱལ་བསྟེན་གསོལ་མི་ཆོག་པའི་དམ་དྲག་གནང་བའི་བཅའ་ཡིག་ལ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་ཕྱག་བསྟར་མའི་འགོ་མཆན་སྩལ་ཏེ་ཡོངས་ཁྱབ་དཔར་སྐྲུན་གནང་ཡོད།

དེའི་ཐོག་དོལ་རྒྱལ་ཐོག་མ་བཀྲ་ཤིས་ལྷུན་པོར་འགྲོ་སྐབས་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བཀག་སྟེ་མ་བཏང་བ་བཅས་ཀྱི་རྒྱུ་མཚན་ལ་གཟིགས་ནས་པཎ་ཆེན་སྐུ་གོང་མས་དོལ་རྒྱལ་བསྟེན་གསོལ་གནང་གི་མེད། དོལ་རྒྱལ་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བཀྲ་ཤིས་ལྷུན་པོར་འགྲོར་མ་གནང་བའི་ཁུངས་ནི་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་མཛད་པའི་དོལ་རྒྱལ་གྱི་བསྟོད་འབྲེལ་ལ་བལྟས་ན་གསལ་པོ་ཤེས་རྟོགས་ཡོང་རྒྱུ་ཡིན། འོན་ཀྱང་མདོ་སྨད་ནས་གཞིས་རྩེར་ཐོག་མར་༸ཞབས་སོར་འཁོད་སྐབས་ཕལ་ཆེར་དགུང་ལོ་ ༡༦/༡༧ ཙམ་ལ་འཕྲིན་བསྐུལ་ཞིག་བཀའ་རྩོམ་མཛད་ཡོད་པ་དེ་ནི་གཞན་གྱི་ཞུ་ངོ་མ་ལྡོག་པར་གནང་བ་ཞིག་ཡིན་པ་འཕྲིན་བསྐུལ་དེ་གའི་གཤམ་དུ་གསལ་བ་ལྟར་ཡིན། པཎ་ཆེན་རིན་པོ་ཆེའི་མཚན་ཐོག་ནས་ཡོད་པའི་བསྐང་གསོ་ཞིག་ད་ཆ་དྲིལ་བསྒྲགས་བྱེད་བཞིན་པ་དེ་ཇི་ལྟར་ཡིན་མིན་སྐོར་རྗེས་སུ་རྒྱས་པར་འབྲི་རྒྱུ་ཡིན།

ཡང་པཎ་ཆེན་རིན་པོ་ཆེས་གང་ཉིད་དང་ཐུགས་འདྲིས་ཡོད་པ་སུད་སིར་གནས་སྡོད་འབའ་པ་རྟར་སྲས་ཚུལ་ཁྲིམས་བརྒྱུད་༸གོང་ས་ཆེན་པོར་༸སྙན་གསེང་ཞུ་རྒྱུ་བཀའ་མངགས་གནང་དོན། ༸རྒྱལ་བ་ཐམས་ཅད་མཁྱེན་པས་རྒྱལ་ཆེན་ཤུགས་ལྡན་གྱི་བྱུང་རིམ་སྐོར་ཐོག་མཐའ་བར་གསུམ་གྱི་གནས་ཚུལ་ལ་ཐུགས་སྣང་ཆེན་པོ་གནང་འདུག བཀའ་སློབ་ཀྱི་ཡིག་ཆ་ཁག་ངས་མཇལ་བྱུང། དཔྱད་པ་ཧ་ཅང་ནན་པོ་མཛད་འདུག བོད་མི་ཚང་མས་གང་གིས་མ་ནོར་ལམ་སྟོན་གནང་བ་ལ་ཡིད་ཆེས་ཀྱིས་ཅི་གསུང་བཀའ་བཞིན་བསྒྲུབས་ན་འབྲས་བུ་ཧ་ཅང་ཡག་པོ་ཡོང་གི་རེད། འོན་ཀྱང་དེང་སང་དུས་ཚོད་སྡུག་པོ་ཡིན་སྟབས་མི་ལ་ལས་རྒྱུ་མཚན་ལ་བསམ་བློ་མ་བཏང་བར་མགོ་མཁྲེགས་པོ་བྱས་ནས་དོན་མེད་རྙོག་གླེང་གིས་མཛད་དཀའ་བཟོ་སྲིད་པ་འདི་ལ་ཐུགས་གཟབ་གནང་རྒྱུ་གལ་ཆེན་པོ་ཡིན། ཞེས་གསུངས་པ་དེ་ནས་པཎ་ཆེན་རིན་པོ་ཆེས་བསྟེན་གནང་གི་མེད་པ་གསལ་པོ་རེད།

༸སྐྱབས་རྗེ་དགའ་ལྡན་ཁྲི་པ་ཡོངས་འཛིན་གླིང་རིན་པོ་ཆེས་དོལ་རྒྱལ་བསྟེན་པ་གནང་བས་མ་ཚད། འཕྲིན་བསྐུལ་ཡང་ལྗགས་རྩོམ་གནང་ཡོད་ཟེར་ཐད།

༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་སྐུ་ཚེའི་ནང་དོལ་རྒྱལ་བསྟེན་གསོལ་གནང་མྱོང་མེད་པ་ཚིག་ཐག་བཅད་དེ་བཤད་ཆོག་པ་ཞིག་ཡིན། འོན་ཀྱང་ཕྱི་ལོ་༡༩༦༩/༧༠ ནང་ཝཱ་ར་ཎ་སི་དབུས་བོད་ཀྱི་ཆེས་མཐོའི་སློབ་གྲྭའི་དགེ་ལུགས་སྤྱི་ལས་ཁང་ནས་སྐབས་དེའི་མཐོ་སློབ་ཀྱི་འགན་བཞེས་ཟོང་རིན་པོ་ཆེ་སྐུ་གོང་མ་བརྒྱུད་༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེར་མགོན་ཆོས་ལྷ་མོ་རྣམ་སྲས་ཤུགས་ལྡན་བཅས་པའི་བསྐང་འཕྲིན་སྟབས་བདེ་ཞིག་ལྗགས་རྩོམ་ཡོང་བ་ཞེས་གསོལ་འདེབས་ཞུས་པ་ན་ཞུ་ངོ་མ་ལྡོག་པར་༸རྒྱལ་མཆོག་སྐུ་ཕྲེང་བདུན་པས་མཛད་པའི་རྣམ་གྲྭའི་སྲུང་སྤྱིའི་བསྐང་འཕྲིན་གསེར་ཞུན་མ་གཞི་བཞག་ཐོག རྒྱལ་པོ་སྐུ་ལྔ་སོགས་ཀྱི་ཚབ་ཏུ་དོལ་རྒྱལ་འཇུག་གནང་མཛད་པ་ལས། གསར་དུ་བཀའ་རྩོམ་གནང་བ་མེད། དེ་ལྟར་ཡིན་མིན་བསྐང་འཕྲིན་གསེར་ཞུན་མའི་དཔེ་ཆ་རྙིང་པ་དང་བསྡུར་ན་ཤེས་རྟོགས་ཡོང་རྒྱུ། རྗེས་སུ་༸གོང་ས་མཆོག་ནས་དོལ་རྒྱལ་བསྟེན་གསོལ་ཐོག་དམ་དྲག་གནང་སྟབས་ཡོངས་འཛིན་རིན་པོ་ཆེས་ཝཱ་ཎ་མཐོ་སློབ་ཀྱི་ངེས་སྟོན་པ་ཟམ་གདོང་རིན་པོ་ཆེ་རང་ལ། དེ་སྔ་བསམ་ཞིབ་ནན་པོ་མ་བྱས་པར་བསྐུལ་བ་པོའི་འདོད་མོས་དང་བསྟུན་ཏེ་འཕྲིན་བསྐུལ་ཕྱོགས་བསྒྲིགས་གནང་བ་དེ་ཕྱིར་འཐེན་དགོས་པའི་བཀའ་མངགས་གནང་བ་ལྟར་ཁོང་ནས་༸སྐྱབས་རྗེ་ཁྱི་བྱང་རིན་པོ་ཆེར་དགོངས་སྐོར་ཐུགས་མོས་དང་འབྲེལ་ཕྱིར་འཐེན་གྱིས་གཙང་མ་བཟོས་གནང་ཡོད། འདི་སྐོར་དངོས་བདེན་གྱི་གནས་ཚུལ་ཤེས་འདོད་ན་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེར་བཀའ་འདྲི་ཞུས་ན་གསལ་རྟོགས་ཡོང་རྒྱུ་ཡིན།

གཞན་ཡང་༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེས་དོལ་རྒྱལ་བསྟེན་པ་གནང་གི་ཡོད་མེད་གང་ཉིད་ཀྱི་ཞལ་སློབ་གཙོ་གྲས་ཨ་རིར་བཞུགས་པ་ར་སྟོད་སྐྱོང་ལྷ་རིན་པོ་ཆེ་དང། ཕ་རན་སིར་བཞུགས་པ་དྭགས་པོ་རིན་པོ་ཆེ། རྡ་སར་བཞུགས་པའི་ལྡན་མ་བློ་ཆོས་རིན་པོ་ཆེ། ལ་དྭགས་སུ་བཞུགས་པ་འགའ་བླ་རིན་པོ་ཆེ། ད་ལྟའི་གླིང་བླ་བྲང་གི་ཕྱག་མཛོད་དེ་སྔའི་གསོལ་དཔོན་ཐུབ་བསྟན་ཚེ་རིང་ (ཊི་ཊིལགས་) བཅས་པར་དོགས་གཅོད་བཀའ་འདྲི་ཞུས་ན་གསལ་པོ་ཤེས་རྟོགས་ཡོང་རྒྱུ།

༸གོང་ས་༸སྐྱབས་མགོན་ཆེན་པོས་དོལ་རྒྱལ་བསྟེན་མི་ཆོག་ཅེས་བཀག་འགོག་གནང་ལུགས་བརྗོད་པའི་ཐད།

༸གོང་ས་༸སྐྱབས་མགོན་ཆེན་པོས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་གང་གི་བསྟན་པར་གཉེར་དུ་གཏད་པའི་བསྟན་སྲུང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དང། རྒྱལ་ཆེན་རྣམ་ཐོས་སྲས། ལས་གཤིན་ཆོས་རྒྱལ་བཅས་གསུམ་ཡོད་བཞིན་དུ་དེ་དག་གིས་གོ་མ་ཆོད་པར། རྩོད་པ་ཅན་གྱི་དམ་སྲི་འབྱུང་པོ་དོལ་རྒྱལ་བསྟེན་པ་ནི་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་པ་དང་འགལ་བར་མ་ཟད། དགེ་ལྡན་བསྟན་ལ་མཚན་སྨད་ཡོང་གཞི་ཆགས་པས་དོལ་རྒྱལ་བསྟེན་མི་རུང་གསུངས་པ་དང་། དོལ་རྒྱལ་དང་དེ་བསྟེན་མཁན་གྱིས་ནི་སྔ་འགྱུར་རྙིང་མ་བ་སྟེ་སྔར་བསམ་ཡས་སུ་མཁན་སློབ་ཆོས་གསུམ་གདན་འཛོམས་ཏེ་སངས་རྒྱས་ཀྱི་བསྟན་པའི་གཞི་ཐོག་མར་ཚུགས་མཁན་གྱི་བསྟན་པ་དེ་འཛིན་དང་བཅས་པར་ལོག་པར་བལྟས་ཏེ་སྐུར་འདེབས་ཆོས་སྤོང་གི་ལས་གསོག་པ་དང། དགེ་ལུགས་པ་ཞིག་གིས་རྙིང་མའི་ཕྱག་དཔེ་ཙམ་ཉར་ན་དོལ་རྒྱལ་གྱིས་ཚར་གཅོད་ཚུལ་བཤད་དེ་ཆོས་བརྒྱུད་ཕན་ཚུན་དམ་སེལ་བཟོ་བ་འདི་བསྟན་པ་སྤྱི་ལ་གནོད་ཚབས་ཆེ་བ་སོགས་མདོར་ན་དོལ་རྒྱལབསྟེན་ན་སྤྱིར་བོད་ཀྱི་བསྟན་སྲིད་དང། སྒོས་སུ་བསྟེན་པ་པོ་རང་ཉིད་ལ་ཕན་ལས་གནོད་ཆེ་བའི་གནས་ལུགས་གསལ་བཤད་ཀྱིས་དོལ་རྒྱལ་བསྟེན་མི་རུང་གསུངས་པ་བཅས་ལས། དོལ་རྒྱལ་བསྟེན་མི་ཆོག་ཅེས་བཙན་བཀའ་ནམ་ཡང་གནང་རིགས་བྱུང་མེད།

༸གོང་ས་ཆེན་པོས་དོལ་རྒྱལ་བསྟེན་གསོལ་ཐད་བཀའ་སློབ་ཕེབས་དོན་དུ། དོལ་རྒྱལ་སྐོར་སྔོན་བྱུང་གི་ལོ་རྒྱུས་གསལ་པོ་ཤེས་བཞིན་དུ་རྣ་བ་འཇམ་ཐབས་དང། འཛེམས་གཟོན་བྱས་ཏེ་མ་བཤད་ན་ངའི་ནོར་འཁྲུལ་རེད། བཤད་ནས་མ་ཉན་ན་ཁྱེད་རང་ཚོའི་ནོར་འཁྲུལ་རེད། ཅེས་དོན་དུ་དོལ་རྒྱལ་བསྟེན་གསོལ་བྱས་ན་ཕན་ལས་གནོད་ཆེ་བ་དང། དགེ་ལས་སྐྱོན་ཆེ་བ། ཁེ་ལས་གྱོང་ཆེ་བའི་གནས་དོན་ལམ་སྟོན་གནང་བ། བོང་བུའི་རྣ་བར་ཆོས་བཤད་པ་བཞིན་གོ་ཤེས་མེད་པ་ནི་རང་རང་སོ་སོའི་ནོར་འཁྲུལ་ལས་༸གོང་ས་ཆེན་པོར་ལེ་ཁག་མེད། དེ་ལྟར་དོལ་རྒྱལ་བསྟེན་དང་མི་བསྟེན་སོ་སོའི་རང་དབང་རེད། ཁ་ཆེ་ཕ་ལུས་སྙིང་གཏམ་བཤད་ཡོད་དོ། །ཉན་དང་མི་ཉན་སོ་སོའི་རང་དབང་རེད། །ཅེས་དཔེ་དང་སྦྲགས་ནས་གསུངས་པ་དང། གལ་ཏེ་དོལ་རྒྱལ་བསྟེན་ན་གང་གི་དྲུང་ནས་དབང་ལུང་མན་ངག་གི་ཆོས་འབྲེལ་དང་། དགེ་ཚུལ་སློང་གི་སྡོམ་པ་ཞུ་བར་ཡོང་ན་དམ་ཚིག་མི་གཙང་བའི་ཆ་ནས་བླ་སློབ་གཉིས་ཀར་གནོད་པས་མ་ཡོང་ཞེས་བཀའ་ནན་པོ་གནང་ཡོད་པ་དེ་ནི་བླ་མའི་སྐུ་དབང་ཡིན།

༸གོང་ས་ཆེན་པོས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་དགོས་པའི་བཀའ་སློབ་གནང་མཚམས་བཞག་དགོས་ཟེར་ཐད།

༸ གོང་ས་ཆེན་པོས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་དགོས་ལུགས་བཀའ་སློབ་ཕེབས་དོན་ནི།

  1. ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས་ཏེ་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་ཕྱིན་འཇིག་རྟེན་པའི་ལྷ་སྐྱབས་སུ་བསྟེན་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་བས་ནང་པའི་གྲལ་ནས་རང་བཞིན་བུད་པ་ཡིན།
  2. རི་བོ་དགེ་ལུགས་པའི་བསྟན་པ་སྤུས་དག་པོ་ཡོད་པ་འདི་ད་ཆ་འདྲེ་ངན་གསོལ་མཆོད་ཀྱིས་བསླད་པ་ཐུགས་ཀྱིས་མ་བཟོད་པར་དག་ཐེར་མཛད་པ་ཡིན།
  3. བོད་ཀྱི་ས་དགེ་བཀའ་རྙིང་གི་ཆོས་བརྒྱུད་དར་སྔ་ཕྱི་ཙམ་མ་གཏོགས་ཚང་མ་སྟོན་པ་གཅིག་གི་རྗེས་འཇུག་ཡིན། འོན་ཀྱང་དོལ་རྒྱལ་བསྟེན་མཁན་ཚོས་དགེ་ལུགས་པ་ཞིག་གིས་རྙིང་ཆོས་ཉམས་ལེན་བྱས་ན་དོལ་རྒྱལ་གྱིས་ཚར་བཅད་ཀྱི་རེད་ཅེས་ཕ་རྒོད་བླ་མའི་ཞལ་ལུང་ཞེས་པའི་ནང་འཇིགས་སྣང་བསྐུལ་ཏེ་ཆོས་བརྒྱུད་ཕན་ཚུན་བར་འགལ་བ་བཟོས་པ་དང། དབུས་གཙང་དང་ཁམས་ཁུལ་བཅས་སུ་སློབ་དཔོན་གྱི་སྐུ་དང་པདྨ་བཀའ་ཐང་ཆུར་བསྐྱུར་བ་དང། མེར་བསྲེགས་པ་བཅས་ཀྱི་ལོ་རྒྱུས་དུ་མ་ཡོད། དེ་ལྟར་ཆོས་བརྒྱུད་ཕན་ཚུན་འགལ་བ་བཟོས་པ་དེས་སྟོན་པའི་རྗེས་འཇུག་ནང་ཁུལ་ཐུགས་སྣང་མི་མཐུན་པའི་རྒྱུ་བྱེད་པ་བསྟན་པ་དེ་འཛིན་དང་བཅས་པའི་མཚན་ཤས་དང། དེས་རྐྱེན་པས་བོད་ཆོལ་གསུམ་གྱི་ཁྱོན་དུ་གནས་པའི་ཆོས་བརྒྱུད་སོ་སོའི་རྗེས་འཇུག་ཕན་ཚུན་བར་འགལ་བ་ཆགས་ཏེེ་བོད་མི་ཡོངས་རྫོགས་དམ་ཚིག་གོང་བུ་ཆིག་བསྒྲིལ་དུ་གནས་རྒྱུར་རང་བཞིན་གྱིས་གནོད་པ།
  4. དོལ་རྒྱལ་ཟེར་བ་སྟོན་པ་བཅོམ་ལྡན་འདས་ཀྱིས་རྒྱུད་ནས་གསུང་པའི་ཆོས་སྲུང་ཕར་ཟད། སློབ་དཔོན་པདྨ་འབྱུང་གནས་ཀྱིས་དབུས་པའི་རྗེ་འབངས་ཉེར་ལྔ་དང། མར་མི་དྭགས་གསུམ། ས་སྐྱའི་གོང་མ་རྣམ་ལྔ། རྗེ་ཡབ་སྲས་གསུམ་དང་འཁོར་དག་པ་རྣམ་བརྒྱད་བཅས་ཀྱིས་བཀའ་བསྒོ་གཉེར་གཏད་མཛད་པའི་སྲུང་མའི་ཁྲོད་དུ་མེད་པ་མི་ལོ་ ༤༠༠ ཙམ་རིང་རྩོད་གཞི་ཆེན་པོ་ཡོད་པའི་དྲེགས་པ་ཞིག་རེད།
  5. ཚོགས་ཞིང་ནང་བླ་མ། ཡི་དམ། སངས་རྒྱས། བྱང་སེམས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་ཞེས་གོ་རིམ་ཡོད་པ་འདིའི་ཁྲོད་དུ་འཚང་ག་བརྒྱབ་ནས་དོལ་རྒྱལ་ཡི་དམ་ཡིན་ལུགས་དང་། འཇམ་མགོན་༸རྒྱལ་བའི་བསྟན་སྲུང་ཡང་ཡིན་པའི་ཁྱབ་བསྒྲགས་བྱེད་པ་ནི་ཁུངས་ལུང་གཏན་ནས་མེད་པ་ཞིག་རེད། གསང་སྔགས་ཀྱི་རྒྱུད་སྡེ་བཞིའི་ཡི་དམ་རྣམས་རྒྱུད་ཀྱི་དགོངས་པའི་ཁུངས་ཡོད། དོལ་རྒྱལ་ཡི་དམ་ཡིན་པ་རྒྱུད་སྡེའི་ཁུངས་གང་ཡོད། དོལ་རྒྱལ་ལ་རྒྱུད་ཀྱི་དགོངས་པའི་ཁུངས་ཕར་བཞག འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་པོ་ཏི་བཅོ་བརྒྱད་ནང་དོལ་རྒྱལ་ཡི་དམ་དང་སྲུང་མ་ཡིན་པའི་གསུང་ཚིག་ཡིག་འབྲུ་གཅིག་ཀྱང་མཇལ་རྒྱུ་མེད། དེས་ན་སྲུང་མ་ཡང་མིན་ལ། ཡི་དམ་ནི་དེ་བས་ཀྱང་མིན། འོ་ན་གང་ཡིན་ཞེ་ན་དམ་སྲི་ཡིན། དེ་ལ་ཁུངས་ཅི་ཡོད་ཅེ་ན། དོལ་རྒྱལ་ཐོག་མར་བདག་གཉེར་གནང་མཁན་ས་སྐྱའི་བདག་ཆེན་བསོད་ནམས་རིན་ཆེན་ཡིན་ཞིང། ཁོང་གིས་དོལ་རྒྱལ་ལ་ཁྱོད་སུ་ཡིན་ཞེས་བཀའ་འདྲི་བ་གནང་སྐབས། དོལ་རྒྱལ་གྱིས། ང་དགའ་ལྡན་པའི་དམ་སྲི་ཁོ་ཡིན། ཞེས་རང་གི་ངང་ཚུལ་གསལ་པོར་ཞུས་པ་དོལ་རྒྱལ་བསྟོད་འགྲེལ་ནང་འཁོད་པ་དེར་བལྟས་ན་ཤེས་པར་འགྱུར། སྲུང་མ་ནི་བསྟན་འགྲོ་སྐྱོང་མཁན་ཞིག་དང། དམ་སྲི་ནི་བསྟན་འགྲོ་ལ་གནོད་ཅིང་འཚེ་བ་བྱེད་མཁན་ཞིག་ལ་ཟེར། དམ་སྲི་དང་སྲུང་མ་གཉིས་གཞི་མཐུན་དུ་འཇོག་ཐབས་མེད། འོན་ཀྱང་དོལ་རྒྱལ་ཡི་དམ་དང་སྲུང་མ་ཡིན་བརྗོད་པ་དེས་ག་རེ་མཚོན་ཞེ་ན། སྙིགས་ལྔའི་རང་མདངས་གསལ་པོར་མཚོན་པ་རེད། དེ་ཇི་ལྟར་ཡིན་ཞེ་ན། ༸རྒྱལ་བ་འཇམ་དཔལ་རྒྱ་མཚོོའི་ཡོངས་འཛིན་པཎྜི་ཏ་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་མཆོག་གིས་གུང་ཐང་བསྟན་པའི་སྒྲོན་མེར་ཞལ་གདམས་བསླབ་བྱ་གནང་བའི་ནང། ལྔ་བརྒྱ་ཐ་མར་གྱུར་པའི་དུས་མཐའ་འདིར། །མཁའ་ལ་རྒྱུ་བའི་འབྱུང་པོ་གདུག་ཅན་འགའ། །ཡི་དམ་ལྟ་བུར་བརྫུས་ནས་མངོན་རློམ་བྱེད། །དེ་ཕྱིར་འདྲེ་ངན་དག་ལ་བརྟེན་མི་བྱ། །ཞེས་གསུངས་པར་སོམས་ཤིག་དང་། དེ་དང་ལྷན་དུ་དོལ་རྒྱལ་གྱིས་ད་བར་བསྟན་འགྲོར་གནོད་འཚེ་བྱས་པ་ལ་བསམས་ན་ཁོ་དམ་སྲི་ཡིན་པ་ལ་ངེས་པ་རྙེད་པར་འགྱུར་རོ། །འཇམ་མགོན་རྒྱལ་བའི་བསྟན་སྲུང་ཡིན་ན། འཇམ་མགོན་རྒྱལ་བའི་བསྟན་པ་སྲོལ་གཏོད་མཛད་པོ་རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་པོད་བཅོ་བརྒྱད་ཡོད་པའི་ཁོངས་ནས་པོད་གང་དུ་གསལ་ཡོད་དམ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་པ་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། འཇམ་མགོན་རྒྱལ་བའི་བསྟན་པ་འཛིན་མཁན་གདན་ས་གསུམ་དང་། རྒྱུད་གྲྭ་སྨད་སྟོད་ཀྱི་མཁན་པོ། རི་བོ་དགེ་ལུགས་པར་བཀའ་དྲིན་ལྷག་པར་དུ་ཆེ་བ་༸རྒྱལ་བ་པཎ་ཆེན་བཅས་སུས་ཀྱང་བསྐོ་གཞག་གནང་མེད།
  6. ༸གོང་ས་མཆོག་བོད་མི་འདུས་སྡོད་གནས་ཡུལ་ཁག་ལ་ཆིབས་སྒྱུར་གནང་སྐབས་མི་མང་ཉམས་ཐག་ཁོངས་གནོད་པས་མནར་བ་དང། རིག་འཚོ་མ་ཟིན་པ་སོགས་ཁ་ཉེས་གོད་ཁ་ཅི་རིགས་བྱུང་སྐོར་མོ་ལུང་བརྟག་པ་ཞུ་སྐབས་དོལ་རྒྱལ་གྱིས་གནོད་པ་ཡིན་ལུགས་བདེ་སྡུག་གནས་ཚུལ་མང་པོ་༸སྙན་སེང་ཞུ་མཁན་ཡོང་མུས་ལས་དོལ་རྒྱལ་གྱིས་ཉམས་ཆུང་ལ་ཐུབ་ཚོད་བྱེད་ཀྱི་ཡོད་པར་ཐུགས་མ་བཟོད་པ་དང་། བྱ་ངན་དེ་ལྟ་བུ་ནི་ཆོས་སྲུང་ཚད་ལྡན་གྱི་བྱ་བ་ཞིག་མིན་ལ། དེས་ན་དོལ་རྒྱལ་བསྟེན་གསོལ་ལ་དམ་བསྒྲགས་མཛད་དགོས་བྱུང་ངོ་། །

༸གོང་ས་མཆོག་གིས་དགོན་པ་གྲྭ་ཚང་ནས་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཕྱིར་འབུད་གནང་བ་ཟེར་ཐད།

༸གོང་ས་༸སྐྱབས་མགོན་ཆེན་པོས་ད་བར་དགོན་པ་གྲྭ་ཚང་ཁག་ནས་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཕྱིར་འབུད་གནང་བ་གཏན་ནས་བྱུང་མེད། དགོན་པ་གྲྭ་ཚང་སོ་སོའི་ངོས་ནས་བཅའ་ཡིག་གཞིར་བཟུང་དགེ་འདུན་གྱི་ནང་ཁྲིམས་དང་འགལ་བའི་རིགས་སྒྲིག་ཁོངས་ནས་ཕྱིར་འབུད་གནང་བ་དང་། ཡང་དམ་ཆོས་འདུལ་བའི་དགོངས་དོན་བཞིན་ཚུལ་ཤིང་བཞེས་ཏེ་མང་མོས་ཐག་གཅོད་གནང་བ་ལྟར་ཕྱིར་ཐོན་པ་ནི་རང་ངོས་ཀྱིས་ཐག་བཅད་པ་ལས་སུ་ལའང་ཁག་དཀྲི་བསྙད་འདོགས་བྱེད་ས་མེད།

༸གོང་ས་མཆོག་དང་སྐུ་སྒེར་ཡིག་ཚང་གིས་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་མཆོག་ཁྲི་བྱང་མཆོག་སྤྲུལ་ལམ་རིམ་གསུང་ཆོས་སུ་འབོད་འགུགས་གདན་ཞུར་བཏང་ལུགས་ཟེར་ཐད།

གསུང་ཆོས་ཞུ་བར་བཅར་མཁན་ཚང་མ་དད་པས་ཀུན་ནས་བླངས་ཏེ་རྒྱགས་རང་འཁུར་གྱིས་བཅར་བ་ལས། གསོལ་སྟོན་དང་འཁྲབ་སྟོན་གཟིགས་མོར་གདན་ཞུའི་མགྲོན་ཤོག་ཕུལ་བ་ལྟར་བྱེད་སྲོལ་མེད། ཁོང་ཚོས༸གོང་ས་མཆོག་དང་སྐུ་སྒེར་ཡིག་ཚང་ནས་ཁྲི་བྱང་མཆོག་སྤྲུལ་གདན་ཞུར་བཏང་ལུགས་བརྗོད་པ་ནི་དགོས་དབང་གིས་གནས་ཚུལ་བསྙད་འདོགས་བཟོ་ཐབས་བྱས་པ་ཞིག་རེད། ཁྲི་བྱང་མཆོག་སྤྲུལ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཁོངས་ཡིན་སྟབས། ཤར་རྩེ་མཁན་པོས་ཐུགས་ཁུར་བཞེས་ཏེ་ཨ་རིར་ཕེབས་ཞོར་འབྲེལ་གཏུགས་གནང་བ་ཡིན་ལུགས་ཁོང་རང་གིས་དྲ་རྒྱའི་ཐོག་གསལ་པོ་བཟོས་པ་དེ་ལྷག་གསལ་བཤད་དགོས་དོན་མེད།

གཞུང་ཞབས་ཁོངས་དང་། གཞིས་ཆགས་ཁག སློབ་གྲྭ་ཁག་བཅས་ནང་ཡོད་པའི་དོལ་རྒྱལ་བསྟེན་མཁན་ཕྱིར་འབུད་བྱེད་ལུགས་ཟེར་བའི་ཐད།

སྐད་ཆ་འདི་ནི་ཕྱི་ལོ། ༡༩༩༦ ལོར་ཐོག་མར་བཤད་ནས་གཞུང་ལ་བསྙོན་འཛུགས་བྱས་ཡོད། སྐབས་དེ་རང་ལ་གཞུང་ཞབས་འདེམས་བསྐོ་ལྷན་ཁང་དང། ཤེས་རིག་ལས་ཁུངས། རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ། བོད་ཁྱིམ་གཉིས་ཀྱི་འགན་འཛིན་བཅས་ནས་དེ་རིགས་རྩ་བ་ནས་བྱུང་མེད་ལུགས་ཡིག་ངག་གཉིས་ཐོག་ནས་གསལ་པོ་བཟོས་ཏེ་གཏམ་འཆལ་དེ་རྒྱ་བལ་ནང་གླེང་སློང་བྱེད་ས་མེད་པ་ཆགས་ཡོད།

འོན་ཀྱང་བར་ལམ་ལོ་གཉིས་གསུམ་ནང་ཕྱི་རྒྱལ་གྱི་ཡུལ་ཁག་ཏུ་གཞི་རྩ་མེད་པའི་གཏམ་འཆལ་དེ་བསྐྱར་སློང་གིས་ཕྱི་མི་རྣམས་ལ་མགོ་སྐོར་གཏོང་ཐབས་བྱེད་ཀྱི་ཡོད། གལ་ཏེ་གནས་ཚུལ་དེ་འདྲ་བྱུང་ཡོད་ན་ལོ་ཟླ་ཚེས་གྲངས་མི་མིང་དང་བཅས་པ་འདི་དང་འདི་ཞེས་ཁུངས་སྐྱེལ་ར་སྤྲོད་བྱེད་དགོས། དེ་ལྟར་ར་སྤྲོད་བྱེད་རྒྱུ་མེད་བཞིན་དུ་སྐད་ངན་རྒྱག་པ་ནི་རང་གི་གདོང་རིས་ངན་པ་དམར་རྗེན་དུ་བསྟན་པ་ལས་གཞན་གང་ཡང་ཡོང་རྒྱུ་མེད།

༸གོང་ས་ཆེན་པོས་གང་གི་སྐུ་ཕྱྭར་དོལ་རྒྱལ་ཕྱོགས་གཏོགས་ནས་ཉེན་ཁ་ཡོད་པ་རྒྱ་གར་གཞུང་ནས་གཟིགས་ཏེ་ཕོ་བྲང་ལྕགས་རི་གསར་དུ་སྐོང་བ་གསུང་པ་བདེན་པ་མིན་ཚུལ་ཟེར་ཐད།

ཕོ་བྲང་དུ་ལྕགས་རི་དམའ་པོ་ཞིག་ཕྱི་ལོ་ ༡༩༦༨ ལོརཕོ་བྲང་གསར་བཞེངས་གནང་སྐབས་ནས་ཡོད། ཕྱི་ལོ་ ༡༩༩༧ ལོ་འགོར་དོལ་རྒྱལ་ཕྱོགས་གཏོགས་ཀྱིས་རྡ་ས་རིགས་ལམ་སློབ་གྲྭའི་དབུ་འཛིན་རྒན་བློ་བཟང་རྒྱ་མཚོ་མཆོག་དང་སློབ་མ་གཉིས་དམར་བསད་བཏང་བར་བརྟེན་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་གཉིས་ཕྱོགས་ནས་སྐུ་ཕྱྭ་སྲུང་སྐྱོབ་ཞུ་ཕྱོགས་སྐྱར་ཞིབ་གནང་སྐབས་དོལ་རྒྱལ་ཕྱོགས་གཏོགས་ནས་སྐུ་ཕྱྭར་ཉེན་ཁ་ཡོད་པ་གཟིགས་ཏེ་ལྕགས་རི་མཐོ་རུ་བཏང་བར་མ་ཟད། གཟེ་མ་ར་མགོའི་ལྕགས་རི་གཉིས་པ་ཞིག་ཀྱང་སྐོང་གནང་ཡོད། སྔ་ལོ་བདེ་སྲུང་ལས་ཁུངས་ནས་སྔར་ཡོད་ཀྱི་ལྕགས་རིར་ཉམས་གསོ་ཡང་གནང་ཡོད་པ་རེད།

སྔ་ལོ་མོན་གྷོར་ཁྲི་བྱང་བླ་བྲང་གི་ཞབས་ཕྱི་ཆོས་མཛད་ལ་བོད་མིའི་སྒྲིག་འཛུགས་ཀྱིས་མི་འགྲོ་ཆེད་གཏོང་གིས་ཉེས་བརྡུང་བཏང་ཚུལ་ཟེར་ཐད།

བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་སམ། འགན་འཛིན་སུས་བཏང་བ་དང། འགྲོ་མཁན་མི་སུ་ཡིན་ཁུངས་སྐྱེལ་བྱེད་རྒྱུ་ཡོད་ན་གདེང་དང་བཅས་ཡུལ་ཁྲིམས་ལ་སྦྱར་ཏེ་དོ་བདག་ཁྲིམས་ཁང་ལ་འབོད་འགུགས་ཀྱིས་ཕྱི་གསལ་ནང་གསལ་བཟོ་དགོས། དེ་ལྟར་མེད་བཞིན་དུ་བོད་མིའི་སྒྲིག་འཛུགས་ལ་མཚན་ཤས་བཟོ་ཆེད་སྔར་སོང་ད་འགྲོ་རང་སྣང་གང་དྲན་གང་བྱུང་བཤད་ན་ནམ་ཡང་ཁུངས་འཁྱོལ་གྱི་མ་རེད།

རིས་མེད་མཁས་གྲུབ་རྣམས་ཀྱིས་དོལ་རྒྱལ་དམ་དྲག་མཛད་པ་འགའ་ཤས་དཔེ་མཚོན་དུ་བཀོད་པ།

  1. དོལ་རྒྱལ་༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་བྱུང་བའི་དམ་སྲི་ཞིག་ཡིན། དོལ་རྒྱལ་ནི་རྒྱུ་སྨོན་ལམ་ལོག་པ་དང་། ངོ་བོ་དམ་སྲི་འབྱུང་པོ། བྱེད་ལས་བསྟན་དང་འགྲོ་བར་འཚེ་བ་བྱེད་པ་བཅས་ལ་ངོས་འཛིན་གནང་བ་གང་གི་རང་རྣམ་(དུ་ཀཱུ་ལའི་གོས་བཟང།) གསུང་འབུམ་(ད) དང་(ཞ)པའི་ནང་གསལ་པོ་འཁོད་ཡོད།
  2. དགེ་ལྡན་ལྟ་གྲུབ་གཙང་མ་ཉམས་བཞེས་གནང་མཁན་༸རྒྱལ་མཆོག་བདུན་པ་ཆེན་པོའི་ཡོངས་འཛིན་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་དོལ་རྒྱལ་རྒྱལ་འགོང་གདུག་པ་ཅན་ཞིག་ཏུ་ངོས་འཛིན་དང་འབྲེལ་དགའ་ལྡན་དུ་བྱང་རྩེའི་རི་རྩེར་དེའི་ལྷ་ཐོ་ཞིག་ཡོད་པ་བཤིག་གནང་བ་སོགས་ཀྱི་སྐོར་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི། (ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་མཁའ་སྤྱོད་གྲུབ་པའི་གཏམ་སྙན་ལྷའི་རྔ་བོ་ཆེ།) ཞེས་པར་གསལ་པོ་འཁོད་ཡོད། རྒྱལ་འགོང་ནི་མི་མ་ཡིན་འདྲེ་ལ་གོའོ། །
  3. ཞྭ་སེར་བསྟན་པའི་མཛེས་རྒྱན་ལམ་རིམ་གྱི་བསྟན་པའི་བདག་པོ་ཕུར་ལྕོག་རྗེ་ངག་དབང་བྱམས་པས་དོལ་རྒྱལ་གྱི་རྗེས་འཇུག་པ་ཚོ་ལུས་ལ་ཆོས་གོས་རྣམ་གསུམ་གྱོན་ཏེ་སྐྱབས་གནས་འདྲེ་ལ་བཅོལ་མཁན་ཞེས་གསུངས་པ། ཕུར་ལྕོག་ངག་དབང་བྱམས་པས་ (༡༦༨༢ ནས་ ༡༧༦༨) མཛད་པའི། (གྲྭ་ས་ཆེན་པོ་བཞི་དང་རྒྱུད་སྟོད་སྨད་ཆགས་ཚུལ་པད་དཀར་ཕྲེང་བ།) ཞེས་པའི་ནང་གསལ་པོ་འཁོད་ཡོད།
  4. ༸རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་དོལ་རྒྱལ་འདྲེ་ངན་ལ་ངོས་འཛིན་གནང་བ་༸གོང་ས་སྐུ་ཕྲེང་བརྒྱད་པས་མཛད་པའི། (ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ཐུབ་བསྟན་པདྨོ་འབྱེད་པའི་ཉིན་བྱེད།) ནང་གསལ་པོ་འཁོད་ཡོད།
  5. པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གིས་དོལ་རྒྱལ་ལ་མཁའ་ལ་རྒྱུ་བའི་ཡི་དྭགས་སུ་ངོས་འཛིན་གནང་བ་(པཎ་ཆེན་བསྟན་པའི་དབང་ཕྱུག་གི་རྣམ་ཐར་)ནང་གསལ་བ་མ་ཟད། བཀྲ་ཤིས་ལྷུན་པོར་བཅའ་ཡིག་སྩལ་བའི་ནང་དོལ་རྒྱལ་བསྟེན་གསོལ་མི་རུང་བ་འཁོད་ཡོད་པ་དང་། དེ་ལ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་འགོ་མཆན་སྩལ་ཏེ་ཡོངས་ཁྱབ་པར་སྐྲུན་གནང་ཡོད།
  6. དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས། (༡༨༠༩ ནས ༡༨༨༧) དོལ་རྒྱལ་ནི་གནོད་འཚེ་བྱེད་མཁན་ཞིག་ཏུ་ངོས་འཛིན་གནང་བ་གང་གི་རྣམ་ཐར་ནང་གསལ།
  7. ༸སྐྱབས་རྗེ་ཕ་བོང་ཁ་པའི་ཞལ་སློབ་ཁ་ཤས་ཀྱིས་རྒྱལ་པོ་ཤུགས་ལྡན་མཆོག་གསུམ་ཀུན་འདུས་ཀྱི་སྐྱབས་ཀྱི་མཆོག་ཏུ་འཛིན་ཏེ་གྲུབ་མཐའ་གསར་རྙིང་རྩོད་པ་དང། གུ་རུ་པདྨ་འབྱུང་གནས་ཀྱི་སྐུ་བཤིག བཛྲ་གུ་རུ་བཏོན་ན་ཕན་ཡོན་མེད་ཚུལ། པདྨ་བཀའ་ཐང་མེར་བསྲེག་དང་ཆུར་བསྐྱུར་པ། མ་ཎི་འཁོར་ལོ་སྐོར་བ་དགོས་པ་མེད་ཚུལ་གསུངས་པ་སོགས་ཀྱི་སྐོར་མདོ་སྨད་ཀྱི་མཁས་དབང་ཚེ་ཏན་ཞབས་དྲུང་( ༡༩༡༠ ནས་ ༡༩༨༥) གིས་མཛད་པའི། (རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་རྣམ་ཐར།) དུ་གསལ་ཡོད།
  8. སྨིན་གླིང་གཏེར་བདག་གླིང་པས་དོལ་རྒྱལ་ལ་དམ་སྲི་གདུག་པ་ཅན་དུ་ངོས་འཛིན་གནང་བ། སྨིན་གླིང་ལོ་ཆེན་རྡརྨ་ཤྲིས། (༡༦༥༤ ནས ༡༧༡༧) མཛད་པའི། (གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེའི་རྣམ་ཐར་དད་པའི་ཤིང་རྟ།) ཞེས་པའི་ནང་འཁོད་ཡོད།
  9. རིས་མེད་ཀྱི་གྲུབ་མཐའ་ཚང་མར་དག་སྣང་ཉམས་བཞེས་གནང་མཁན་སྡེ་དགེ་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་དོལ་རྒྱལ་ལ་དཀོར་བདག་དང། རྒྱལ་འགོང། འབྱུང་པོ། དམ་སྲི། ཤི་འདྲེ་སོགས་ཀྱི་གྲས་སུ་ངོས་འཛིན་གནང་སྟེ། གླུད་བསྔོའི་ཡུལ་དུ་བཞག་པ་གང་གིས་མཛད་པའི། <དཀོར་བདག་དམ་སྲིའི་གླུད་བསྔོ།> ཞེས་པའི་ནང་གསལ་འཁོད་ཡོད།
  10. རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས། ( ༡༨༦༥ ནས ༡༩༢༩) དོལ་རྒྱལ་གདུག་འདྲེ་གདུག་རྩུབ་ཅན་ཞིག་ལ་ངོས་འཛིན་གནང་བ་གང་གི་གསུང་འབུམ་པོད་ལྔ་པའི་ནང་གསལ་ཡོད།
  11. དོལ་རྒྱལ་རང་ཉིད་ཀྱིས་དཔལ་ས་སྐྱའི་བདག་ཆེན་བསོད་ནམས་རིན་ཆེན་ལ། ང་དགའ་ལྡན་པའི་དམ་སྲི་ཁོ་ཡིན། ཞེས་རང་གནོང་ངོས་ལེན་བྱས་གནས་དོལ་རྒྱལ་རང་ཉིད་ཀྱི་བེའུ་བུམ་དང། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་མཛད་པའི་དོལ་རྒྱལ་གྱི་བསྟོད་འགྲེལ་བཅས་ནང་གསལ་ཡོད། དམ་སྲི་ནི་མཐུན་པ་མི་མཐུན་པ་བཟོས་ཏེ་ལོག་པའི་ལམ་དུ་ཁྲིད་མཁན་འདོན་འདྲེ་ལ་གོ།
  12. འབྲུག་པ་ཡོངས་འཛིན་ལྔ་པ་ཡེ་ཤེས་གྲུབ། ( ༡༧༨༡ ནས་ ༡༨༣༥) པས་མཛད་པའི། (ཀུན་མཁྱེན་ཡོངས་འཛིན་བླ་མའི་ཞབས་ཀྱི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་བྱིན་རླབས་མཆོག་གི་གཏེར་བུམ།) ཞེས་པའི་ནང་དོལ་རྒྱལ་གྱིས་རང་ཉིད་ལ་འཁོར་གདུག་རྩུབ་ཆེ་བའི་འབྱུང་པོ་མང་པོ་ཡོད་པར་ངོས་ལེན་བྱས་པ་འཁོད་ཡོད།
  13. ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་དོལ་རྒྱལ་ལ་དགག་པ་གནང་བའི་གནས་ལུགས་རྗེ་ཕ་བོང་ཁ་པ་རང་ཉིད་ཀྱི་རྣམ་ཐར་ནང་གསལ་འཁོད་ཡོད།
  14. དེ་བཞིན་རྗེ་ཕ་བོང་ཁ་པའི་རྣམ་ཐར་ནང། དྭགས་པོ་བླ་མ་རིན་པོ་ཆེས་རྒྱལ་ཆེན་བསྟེན་པ་མི་མཛད། སྒོ་སྲུང་གི་ཚུལ་དུ་འཕྲིན་ལས་སྒྲུབ། ཅེས་གསལ་བར་ལྟར་དྭགས་པོ་བླ་མ་རིན་པོ་ཆེ་འཇམ་དཔལ་ལྷུན་གྲུབ་ཀྱིས་དོལ་རྒྱལ་ཁྱི་ལྟར་སྒོ་སྲུང་གི་ཚུལ་དུ་ཕྱི་ལ་བཞག་པ་ལས་ནང་དུ་བཞག་མེད་པ་གསལ་པོ་འཁོད་ཡོད།
  15. ད་དུང་ཤེས་འདོད་ཡོད་ན། དཔལ་ས་སྐྱའིཁྲི་འཛིན་གོང་མ་རིན་པོ་ཆེ་མཆོག་དང། དཔལ་དགའ་ལྡན་ཁྲི་རིན་པོ་ཆེ། དཔལ་༸རྒྱལ་བ་ཀརྨ་པ། དཔལ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། དཔལ་འབྲི་གུང་ཆེ་ཚང་རིན་པོ་ཆེ། དཔལ་འབྲུག་ཆེན་རིན་པོ་ཆེ། དཔལ་སྟག་ལུང་ཞབས་དྲུང་རིན་པོ་ཆེ་དང་མ་སྤྲུལ་རིན་པོ་ཆེ། དཔལ་བོན་གྱི་སྨན་རི་ཁྲི་འཛིན། ཤར་བྱང་ཆོས་རྗེ་རྣམ་གཉིས། ཏའི་སི་ཏུ་རིན་པོ་ཆེ། ཆོས་རྒྱལ་ནམ་མཁའི་ནོར་བུ་ལ་སོགས་པ་རིས་མེད་ཀྱི་སྐྱེས་ཆེན་རྣམ་པར་དོགས་གཅོད་དགོངས་སྐོར་ཞུས་ན་ཡིད་གཉིས་ཐེ་ཚོམ་བྲལ་བའི་ལམ་སྟོན་གསལ་པོ་ཡོང་རྒྱུ་ཡིན།

༸གོང་ས་མཆོག་རྒྱ་གར་དུ་༸ཞབས་སོར་འཁོད་ཐུབ་པ་དེ་དོལ་རྒྱལ་གྱི་གྲོགས་འཕྲིན་ཡིན་ཟེར་ཐད།

༡༩༥༩ ཕྱི་ཟླ་ ༢ པའི་ནང་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་རྭ་སྟོད་ཆུ་དབར་རིན་པོ་ཆེ་སྤང་ལུང་རྒྱལ་ཆེན་ལ་གསང་ལུང་ཞུ་བར་མངགས་གནང་མཛད་པའི་གནས་ཚུལ་ཙམ་ལས་གཞན་རྒྱུ་མཚན་ཁོང་ཚོར་གང་ཡངབརྗོད་རྒྱུ་མེད། ༡༩༥༨ ལོར་༸གོང་ས་མཆོག་འབྲས་སྤུངས་སུ་གྲྭ་སྐོར་དམ་བཅའ་གྲུབ་རྗེས་སྔར་ལམ་གནས་ཆུང་གྲྭ་ཚང་དུ་༸ཞབས་སོར་བཀོད་པ་དེ་སྐབས་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་བློན་རྣམ་པར། མགོན་མེད་པའི་དུས་ངན་ཤར་ཉེན་ཡོད། ཅེས་ལོ་གཅིག་གི་སྔོན་དུ་ཉེན་བརྡ་དང་པོ་བཏང་གནང་ཡོད་པ་དང། དེ་རྗེས་རྨེ་རུ་རྙིང་པ་དང་། ལྷག་པར་བླ་སྟེང་གཟིམ་ཆུང་དགའ་ལྡན་ཡང་རྩེར་སྤྱན་འདྲེན་འཕར་མའི་སྐབས་ཆོས་རྒྱལ་ཆེན་པོས། རྒྱ་ཆུ་རབ་མེད་ལ་ཟམ་པ་ཞིག་འཛུགས་ཨེ་ཐུབ་གཟུགས་མེད་ནས་བལྟ་རྒྱུ་ཡིན། ཞེས་བཀའ་ལུང་ཕེབས་སྐོར་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་རང་རྣམ་ལ་བལྟས་ན་གསལ་པོ་ཤེས་རྒྱུ་ཡིན།

༡༩༥༩ ཟླ་ ༣ ཚེས་ ༡༥ ཉིན་གནས་ཆུང་ཆོས་རྒྱལ་ཆེན་པོས་དེ་རིང་ནས་རྩིས་པའི་ཉིན་གསུམ་གྱི་ནང་ཚུད་ནོར་གླིང་ནས་ཕེབས་ཐོན་གནང་དགོས་ཞེས་དང། ཚེས་ ༡༧ ཉིན་ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་དུ་གནས་ཆུང་ཆོས་རྒྱལ་ཆེན་པོ་སྐུ་ཕེབས་ཀྱིས་༸རྒྱལ་བའི་གསོལ་ལྕོག་སྟེང་ནས་ཕྱག་ཤོག་དང་ཕྱག་སྨྱུག་བཞེས་ཏེ་དོ་ནུབ་འགྱངས་མེད་ཕེབས་ཐོན་གནང་དགོས་པ་དང། དེ་ཡང་དུས་ཚོད་སྔ་ཕྱི་དང། ཕེབས་བཞུད་ཀྱི་ལམ་ཕྱོགས་ཡན་ས་ཁྲ་བཀོད་དེ་འབུལ་གནང་བ་ལྟར་དེ་དོན་ཐག་གཅོད་མཛད་པ་༸རྒྱལ་བའི་མཛད་རྣམ། (བཙན་བྱོལ་གྱི་རང་དབང་།) ཞེས་པར་གསལ་པོ་འཁོད་ཡོད།

དོལ་རྒྱལ་བསྟེན་གསོལ་བ་རྣམས་ཀྱིས་དོལ་རྒྱལ་གྱི་སྲོག་གཏད་ཞེས་པ་ཁུངས་གཏུགས་བྱེད་ཡུལ་སྟག་ཕུ་པདྨ་བཛྲ་ཡིན་ལུགས་ཟེར་ཐད།

ཡ་མཚན་པ་ཞིག་ལ་སྟག་ཕུ་རིན་པོ་ཆེ་རང་ཉིད་ལ་དག་སྣང་གང་བྱུང་བ་ཐམས་ཅད་སྟག་ཕུའི་གསུང་རྣམ། (འཁྲུལ་འབྱམས་གསང་བའི་ལོ་རྒྱུས་རྒྱ་ཅན་སྐོར།) ཞེས་པའི་ནང་ཆ་ཚང་གསལ་པོ་འཁོད་ཡོད་རུང། དོལ་རྒྱལ་གྱི་སྲོག་གཏད་སྐོར་ཚིག་ཁ་གཅིག་ཀྱང་མ་གསལ་བ་དང་། དེ་བཞིན་སྟག་ཕུ་གར་གྱི་དབང་ཕྱུག་གིས་མཛད་པ། (བསྟན་སྲུང་དམ་ཅན་རྒྱ་མཚོའི་འཕྲིན་བཅོལ་གཉེར་གཏད་མངའ་གསོལ་རྟེན་འཛུགས་སོགས་ཕྱོགས་གཅིག་ཏུ་བཀོད་པ།) ཞེས་པའི་ནང་དོལ་རྒྱལ་གྱི་མིང་ཙམ་ཡང་འཁོད་མེད། དེ་ལྟར་ན་དོལ་རྒྱལ་གྱི་སྲོག་གཏད་ཟེར་བ་གཞན་ཞིག་གིས་རང་བཟོ་བྱས་ཏེ་སྟག་ཕུ་རིན་པོ་ཆེར་ཁ་གཡར་ལག་ཕྱིས་བྱས་པ་ཞིག་རེད་མི་འདུག་གམ། །

༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དེ་སྔ་བཙོན་དུ་ཚུད་པ་དེ་༸གོང་ས་མཆོག་དང་བོད་གཞུང་གིས་རྒྱ་གར་གཞུང་ལ་ཞུ་ལོག་ཕུལ་བའི་རྐྱེན་ལས་བྱུང་གནས་བརྗོད་པའི་ཐད།

བདེ་བར་གཤེགས་པ་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་བཞུགས་སྒར་དུ་ཆོས་ཚོགས་ལ་ཕེབས་ནས་ཆོས་ཚོགས་གྲོལ་རྗེས་ཕྱིར་ལོག་ཕེབས་སྐབས། ཀ་རྡོར་སྒང་གསུམ་དུ་འགྲོ་ཡུལ་གསུམ་མདོ་ཀྲི་ཤི་ཀྲ་ནས་དོ་དམ་གྱིས་ཤི་ལི་གུ་རིར་བཙོན་འཇུག་ཞུས་ཡོད། འདི་སྐོར་བཤད་ཚུལ་མི་འདྲ་བ་གཉིས་ཡོད།     གཅིག་ནི་སྐབས་དེར་ཀ་རྡོར་སྒང་གསུམ་སྲུང་སྐྱོབ་ས་ཁུལ་ཡིན་སྟབས་ས་ཁུལ་དེ་ཚོར་འགྲོ་བསྐྱོད་སྐབས་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ལ་དམིགས་བསལ་བཀའ་འཁྲོལ་ཞུ་དགོས། འོན་ཀྱང་དེ་སྐབས་༸སྐྱབས་རྗེ་རིན་པོ་ཆེའི་སྐུ་འཁོར་ལ་དེ་ལྟའི་འགྲོ་ལུགས་ཐུགས་རྒྱུས་མེད་པར་ཀ་སྦུག་ཏུ་ཕེབས་སྐབས་ཀྲི་ཤི་ཀྲར་དོ་དམ་ཞུས་གནས་དང་། ཡང་བཤད་སྲོལ་གཞན་ཞིག་ལ། རྒྱ་གར་གཞུང་ལ་༸སྐྱབས་རྗེ་རིན་པོ་ཆེའི་སྐོར་དགའ་མིན་དགའ་ཐོག་གིས་ཞུ་ལོག་ཕུལ་བ་ལ་བརྟེན་ནས་དོ་དམ་བཙོན་འཇུག་ཞུས་གནས་བཅས་བཤད་ཚུལ་གཉིས་ཡོད་པ་ནས། མང་ཆེ་བས་རྒྱུ་མཚན་དང་པོ་དེར་ཆ་འཛིན་བྱེད་ཀྱི་ཡོད། གང་ལྟར་སྐབས་དེར་ཀ་རྡོར་སྒང་གསུམ་ཁུལ་དུ་གནས་པའི་བོད་རིགས་གཙོ་གྱུར་ནང་པ་ཡོངས་ནས་ས་གནས་འབྲེལ་ཡོད་ལས་ཁུངས་སུ་ཞུ་གཏུགས་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནས་ཚུལ་དེ་གསན་མ་ཐག་བཞུགས་སྒར་དམིགས་བསལ་སྐུ་ཚབ་བརྒྱུད་རྒྱ་གར་གྱི་སྲིད་བློན་མཆོག་ལ་ལམ་འཕྲལ་གློད་དཀྲོལ་ཡོང་བའི་འབོད་བསྐུལ་ཕྱག་བྲིས་འབུལ་གནང་མཛད་པའི་མཐུ་ལ་བརྟེན་ནས་མི་རིང་བར་གློད་འགྲོལ་བྱུང་ཡོད། ཁོ་པ་ཚོས་གནས་ཚུལ་དེ་ལ་བསྙད་ནས་རྙིང་དགེའི་དབར་དཀྲུག་ཤིང་བརྒྱབ་སྟེ་འགལ་ཟླ་བཟོ་ཐབས་བྱེད་པའི་དམིགས་ཡུལ་དེ་དུས་ནམ་ཡང་འགྲུབ་ཐབས་མེད། དེང་སྐབས་རྙིང་དགེ་གཉིས་ཐུགས་མཐུན་དམ་གཙང་དུ་གནས་ཡོད་པ་དེ་ལ་དོལ་རྒྱལ་བསྟེན་གསོལ་བ་ནད་མི་ཐེག་པ་བྱེད་དོན་གང་ཡིན་ནམ། །

ཡང། གནས་ཆུང་གིས་ཁྱེའུ་གོས་དཀར་པོ་གྱོན་པ་ཞིག་ཏུ་སྤྲུལ་ཏེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྗེ་ཙོང་ཁ་པ་ཆེན་པོར་དུས་ཀྱི་མཐར་བསྟན་པ་སྲུང་བའི་སྲུང་མ་ཞིག་རོགས་སུ་གཏོང་རོགས་ཞུས་ལུགས་ཟེར་ཐད།

དེ་ལྟར་དངོས་འབྲེལ་ཡིན་ཚེ་རྗེ་ཙོང་ཁ་པ་ཆེན་པོ་དང། སྲས་ཀྱི་མཐུ་བོོ་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་རྣམ་གཉིས། འཁོར་དག་པ་རྣམ་བརྒྱད་བཅས་ཀྱི་རྣམ་ཐར་ནང་ངེས་པར་འཁོད་དགོས་ངེས་ཀྱང། འདི་སྐོར་ཚིག་འབྲུ་གཅིག་ཀྱང་མཐོང་རྒྱུ་མེད། དེ་བཞིན་འདུལ་འཛིན་གྲགས་པ་རྒྱལ་མཚན་དང་གནས་ཆུང་གི་ལོ་རྒྱུས་ནང་དུའང་དེེ་འདྲའི་སྐོར་ཟུར་ཙམ་ཡང་འཁོད་མེད་པའི་ཐོག ༸རྒྱལ་མཆོག་ལྔ་པ་ཆེན་པོ་དང། བཅུ་གསུམ་པ་ཆེན་པོ། བཅུ་བཞི་པ་ཆེན་པོ་བཅས་ཀྱིས་དོལ་རྒྱལ་བསྟེན་གསོལ་ལ་གནས་ཆུང་ཆོས་རྒྱལ་ཆེན་པོ་ཙམ་མ་ཡིན་པར་དཔལ་ལྡན་ལྷ་མོའང་མི་དགྱེས་པ་ཆེན་པོ་ཡོད་པ་སྔ་ཕྱིའི་ལོ་རྒྱུས་ཡིག་ཆ་ཁག་བལྟ་ཀློག་བྱས་ན་གསལ་པོ་ཤེས་རྒྱུ་ཡིན།

མདོར་ན། དོལ་རྒྱལ་ནི་ཆོས་ལུགས་རིས་མེད་ལ་གཏན་ནས་མི་དགའ་བའི་ཕྱོགས་རིས་ཅན་ཞིག་ཡིན་པ། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་ཞལ་སློབ་ཛེ་སྨད་རིན་པོ་ཆེས་བྲིས་པའི། ཕ་རྒོད་བླ་མའི་ཞལ་གྱི་བདུད་རྩི། །ཞེས་པའི་ནང་དགེ་ལྡན་པ་ཞིག་གིས་རྙིང་ཆོས་བྱས་ན་དོལ་རྒྱལ་གྱིས་ཚར་གཅོད་བྱས་པའི་དཔེ་མཚོན་དུ། བོད་ཀྱི་སྲིད་སྐྱོང་གིས་མཚོན་པའི་བླ་སྤྲུལ་སྡེ་དཔོན་མི་དྲག་ཉི་ཤུ་རྩ་གྲངས་སྐོར་བཀྲོངས་པའི་ལོ་རྒྱུས་བཀོད་ཡོད་པ་དེར་བལྟས་ན་ཤེས།

ཕྱོགས་གཞན་ནས་བཤད་ན། ༸གོང་ས་ཆེན་པོར་དོལ་རྒྱལ་བསྟེན་གསོལ་གནང་མི་རུང་བའི་༸སྙན་སྐུལ་དང་པོ་ཞུ་མཁན་གནས་ཆུང་ཡིན། གལ་ཏེ་སྤྲུལ་སྐུ་གྲགས་རྒྱན་དྲེགས་པར་སྐྱེ་བའི་བསྐུལ་མ་གནས་ཆུང་གིས་གནང་ཡོད་ན། དེ་བསྟེན་གསོལ་མི་རུང་བའི་༸སྙན་སྐུལ་ཞུ་ཤེས་ཐབས་མེད། སྐབས་དེར་གནས་ཆུང་གི་༸སྙན་སྐུལ་ཞུ་ཚིག་(ངོ་མ་ཨ་སྲས་འཁྱམས་པོ་བསྟེན་མི་རུང་)ཞེས་པ་འདི་ཡིན། ཨ་སྲས་ཞེས་པ་ནི། ཨ་མ་ལགས་ཨ་རྒྱལ་གྱིས་སྲས་གྲགས་རྒྱན་དང། འཁྱམས་པོ་ཞེས་པ་ནི་སྨོན་ལམ་ལོག་པའི་དམ་སྲི་དྲེགས་པར་སྐྱེས་ཏེ་གང་སར་འཁྱམས་ཏེ་བསྟན་འགྲོ་ལ་གནོད་ཅིང་འཚེ་བ་བྱས་པ་བརྟེན། ཨ་སྲས་འཁྱམས་པོ་ཞེས་མིང་འདི་གནས་ཆུང་ཆོས་སྐྱོང་ཆེན་པོས་འདོགས་པ་གནང་བར་སེམས། དེས་ན་གནས་ཆུང་ཆོས་སྐྱོང་དང་དོལ་རྒྱལ་ནམ་ཡང་མི་འགྲིགས་པ་སྨོས་ཅི། དེས་བས་གནད་འགག་ཆེ་བ་དཔལ་ལྡན་ལྷ་མོ་དང་དོལ་རྒྱལ་ནམ་ཡང་མཐུན་གྱི་མེད་པ། སྔོན་ཆད་བྱང་རྩེ་གྲྭ་ཚང་གིས་དོལ་རྒྱལ་བསྟེན་པས་གོད་ཆགས་རིམ་པ་བྱུང་སྐབས་གྲྭ་ཚང་ནས་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ཐུགས་དམ་ཞུས་པར་བྱང་རྩེ་སྲུང་མ་ལྷ་མོ་འཁོན་པ་ལས་བྱུང་བ་ཕེབས་པ་དེ་ནས་གསལ་པོ་ཡིན། གནས་ཆུང་ཆོས་སྐྱོང་ནི་སློབ་དཔོན་རིན་པོ་ཆེས་བོད་ཀྱི་བསྟན་འགྲོ་སྐྱོང་བར་བཀའ་བསྒོ་དམ་འདོགས་གནང་བའི་བསྟན་སྲུང་དྲེགས་པ་ཡོངས་ཀྱི་ཡང་རྗེ་ཡིན་པ་ཤེས་པ་བྱེད་དགོས།

༸གོང་ས་ཆེན་པོར་ཆོས་དད་རང་དབང་བཙན་འཕྲོག་གི་སྐུར་འདེབས་ཞུས་ཐད།

རྒྱ་དམར་གྱིས་བོད་ནང་ཆོས་དད་རང་དབང་འཕྲོག་སྟེ་བསྟན་པ་དེ་འཛིན་དང་བཅས་མིང་གི་ལྷག་མ་ཙམ་དུ་གྱུར་པ་བཟོས་པའི་གནས་སྟངས་ཐུགས་ཀྱིས་མ་བཟོད་པར་༸གོང་ས་ཆེན་པོས་འཕགས་ཡུལ་རང་དབང་ལུང་པར་རིས་མེད་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་ཐབས་ཀྱིས་བསྟན་པའི་མེ་རོ་སླར་གསོ་མཛད་པ་དང། ལྷག་པར་སངས་རྒྱས་ཀྱི་ཆོས་ཀྱི་སྒྲ་ཙམ་ཡང་ཐོས་མྱོང་མེད་པའི་ཕྱི་རྒྱལ་ཡུལ་ཁག་ཏུ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་ཆེན་པོ་འགྲོ་དང་འགྲོ་བཞིན་པ་ཀུན་གྱི་མཐོང་ཆོས་སུ་ཡོད་པ་དང་། དེ་བཞིན་དགེ་ལྡན་བསྟན་ལ་དག་ཐེར་གྱིས་དམ་སྲི་དོལ་རྒྱལ་བསྟེན་ན་ཕན་ལས་གནོད་ཆེ་བའི་བཀའ་སློབ་ལམ་སྟོན་མཛད་པ་ནི་ཆོས་དད་རང་དབང་སྲུང་སྐྱོབ་མཛད་ཐབས་གལ་ཆེ་ཞིག་ཡིན། ༸གོང་ས་ཆེན་པོས་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་ལ་གནོད་པ་བྱེད་མཁན་འཇིག་རྟེན་དྲེགས་པ་དོལ་རྒྱལ་བསྟེན་མི་རུང་བའི་ལམ་སྟོན་གནང་བ་ནི་སྐྱབས་འགྲོའི་བསླབ་བྱ་དང་ཡོངས་སུ་མཐུན་པ་ཡིན། སྐྱབས་འགྲོའི་བསླབ་བྱའི་ནང་། འཇིག་རྟེན་དྲེགས་པ་ལྷ་ཀླུ་སོགས་སྐྱབས་སུ་བསྟེན་ན་ནང་པའི་གྲལ་ནས་བུད་པ། རྗེ་ཙོང་ཁ་པ་ཆེན་པོས་བྱང་ཆུབ་ལམ་རིམ་ཆེན་མོར་གསུངས་ཡོད། དེས་ན་ཁྱེད་ཅག་གིས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཆོས་དད་རང་དབང་འཕྲོག་པར་བརྗོད་རྒྱུ་ཡིན་ནམ།

དེ་བཞིན་དུ་ལྟ་གྲུབ་སྨྲ་བ་བདག་འདོད་མཁན་གྱིས་བདག་མེད་པ་བཀག་པ་དང། བདག་མི་འདོད་པ་དེས་བདག་འདོད་པ་དེ་བཀག་པ། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་བཀག་པ། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱིས་འཇིག་རྟེན་བཀོད་པ་པོ་འདོད་མཁན་བཀག་པ་དེ་དག་ཕན་ཚུན་ཆོས་དད་རང་དབང་འཕྲོག་པར་འདོད་དམ། ཆོས་ལུགས་ཚང་མར་རང་རང་གི་དགེ་འདུན་གྱི་ནང་ཁྲིམས་རེ་ཡོད་པ་དེ་དག་ལག་ལེན་དུ་འཁེལ་བ་དགོས་ཤིང་། གལ་ཏེ་མི་མཐུན་པ་བྱེད་མཁན་ཡོད་ན་དེ་དག་བཤགས་སྡོམ་གྱིས་ཚུལ་མཐུན་བྱེད་དགོས་པ་དང། དེ་ལྟར་མེད་ན་གནས་ནས་བསྐྲད་པའམ། ཡང་ན་གྱེས་ཏེ་འགྲོ་བ་ལས་མཉམ་དུ་གནས་ཐབས་མེད། དཔེར་ན། ཇི་ལྟར་བཟའ་ཚང་དབར་ལྟ་སྤྱོད་མི་མཐུན་པ་ཕན་ཚུན་ཁྲིམས་མཐུན་གྱི་ལམ་ནས་སོ་སོར་ཁ་གྱེས་པ་ལྟར་ཡིན།

དེས་ན་དོལ་རྒྱལ་བསྟེན་མཁན་དང་མི་བསྟེན་མཁན་གཉིས་དགོན་པ་གྲྭ་ཚང་གཅིག་ནང་མཉམ་དུ་གནས་ཐབས་མེད་པ་དགེ་འདུན་འདུས་པའི་ཚུལ་ཤིང་བཞེས་ཏེ་ཐག་བཅད་པ་ལྟར། དོལ་རྒྱལ་བསྟེན་མཁན་ཚོས་རང་གི་སྐལ་ཐོབ་འཁྱེར་ཏེ་གནས་གཞི་གསར་དུ་བཙུགས་ནས་དོལ་རྒྱལ་བསྟེན་གསོལ་བྱས་དང་བྱེད་མུས་སུ་ཡོད་པ་ཁྱེད་རང་ཚོའི་བློ་ངེས་ཡིན། གལ་ཏེ་ཆོས་དད་རང་དབང་འཕྲོག་ཡོད་ན། ཁྱེད་རང་ཚོ་ཟུར་གྱེས་ཤར་ནུབ་གང་སར་རྒྱུགས་ཏེ་རྫུན་གཏམ་ཁོ་ན་གང་ཐོན་ཤོད་པ་འདི་གང་ནས་བྱུང་སྨྲོས་ཤིག

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་མིན་ལུགས་དང། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཡང་སྲིད་མིན་ཚུལ་སྨྱོ་ལབ་བརྒྱབ་ཐད།

༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་༸རྒྱལ་བའི་ལུང་གིས་ཟིན་པ་སྐྱེས་ཆེན་མང་པོའི་རྣམ་ཐར་དུ་གསལ་བ་དེ་དག་མ་མཇལ་བ་རྙིང་རེ་རྗེ། དེ་བཞིན་༸གོང་ས་མཆོག་༸རྒྱལ་མཆོག་སྐུ་གོང་མའི་ཡང་སྲིད་ཁྲུལ་བྲལ་ཡིན་པ་བླ་ལྷའི་ལུང་བརྟག་དང། གཟན་བརྟག་སོགས་ཕྱོགས་ཀུན་ནས་རྩོད་མེད་ཡོངས་གྲགས་ཡིན། ཕྱོགས་གཞན་ནས་བཤད་ན། ༸གོང་ས་མཆོག་༸རྒྱལ་བ་སྐུ་གོང་མའི་ཡང་སྲིད་མིན་ཚུལ་བཤད་པ་ནི་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ཡང་སྐུར་བ་འདེབས་པར་གྱུར་ཏེ། ༸སྐྱབས་རྗེ་རིན་པོ་ཆེ་ནས་ཀྱང་༸རྒྱལ་མཆོག་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་པ་ཙམ་དུ་མ་ཟད། གསུང་ཆོས་ཀྱི་སྐབས་ཤིག་ཏུ། རང་རེ་བོད་འབངས་ཀྱི་བསོད་ནམས་ཀྱིས་ཁྱོག་ན་༸རྒྱལ་མཆོག་འདི་ལྔ་པ་ཆེན་པོ་དང་། བདུན་པ། བཅུ་གསུམ་ཆེན་པོ་བཅས་གཅིག་ཏུ་འདུས་པའི་མཁྱེན་བརྩེའི་མཛད་འཕྲིན་རྒྱས་པོ་ཡོང་རྒྱུ་ཞེས་བཀའ་གནང་བར་མ་ཟད། ༸སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་ཀྱིས་བཀའ་རྩོམ་མཛད་པའི་༸རྒྱལ་བའི་༸ཞབས་བརྟན་བཞེེད་དོན་ལྷུན་འགྲུབ་མའི་མཇུག་ཏུ།

དེ་ལྟར་བསླུ་མེད་སྐྱབས་ཀྱི་མཆོག་རྣམས་ལ། །ཤུགས་དྲག་སྙིང་ནས་གུས་པས་གསོལ་བཏབ་འཐུས། །
མི་བཟད་སྙིགས་མའི་ཟུག་རྔུས་རབ་མནར་བའི། །བདག་སོགས་གངས་ལྗོངས་འགྲོ་བའི་མགོན་གཅིག་པུ། །
ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག །གསང་གསུམ་མི་ཤིགས་མི་འགྱུར་མི་ནུབ་པར། །
གཞོམ་ཞིག་ཡོངས་བྲལ་རྡོ་རྗེར་སྙིང་པོའི་ཁྲིར། །སྐལ་པ་རྒྱ་མཚོར་གཡོ་མེད་རྟག་བརྟན་ཤོག། །
རབ་འབྱམས་༸རྒྱལ་བ་ཀུན་གྱི་མཛད་པའི་ཁུར། །སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི། །
འཕྲིན་ལས་ཀུན་ཕན་མཛད་པའི་སྙིང་པོ་ཅན། །བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་གྱུར་ཅིག། །ཅེས་གསུངས་པར་ལེགས་པར་སོམས་དང་ཁྱེད་ཚོ་རང་གི་གདོང་རིས་གསལ་པོ་མཐོང་ངེས་ཡིན།

ཡང་༸གོང་ས་མཆོག་༸རྒྱལ་དབང་གོང་མའི་ཡང་སྲིད་མིན་ཚུལ་བརྗོད་པ་དང་། ཕྱོགས་གཅིག་ནས་༸གོང་ས་མཆོག་གིས་ངོས་འཛིན་མཛད་པའི་ཁྲི་བྱང་མཆོག་སྤྲུལ་རིན་པོ་ཆེ་༸སྐྱབས་རྗེ་ཁྲི་བྱང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གྱིས་ཤིན་ཏུ་བཀུར་བ་གཉིས་ནང་འགལ་མིན་ནམ། ལེགས་པར་སོམས་ཤིག

ཡང་སྙིང་ཁྱེད་ཚོའི་ཐ་ཤལ་གྱི་བྱེད་སྟངས་འདིས་༸སྐྱབས་རྗེ་ཁྲི་བྱང་སྐུ་གོང་མའི་སྐུ་ཚེ་ཧྲིལ་པོའི་མཛད་པ་ལ་ཡང་སྐུར་བ་འདེབས་པར་གྱུར་ཏེ། ༸སྐྱབས་རྗེ་རིན་པོ་ཆེས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་བཅུ་བཞི་པ་ཆེན་པོའི་ཡོངས་འཛིན་མཛད་པ་དེ་མ་ཤེས་མ་རིག་པ་དང། རྫུན་མའི་ཡོངས་འཛིན་མཛད་པར་འདོད་པ་དེ་ལས་སྐུར་འདེབས་དང་དམའ་འབེབས་ཆེ་བ་ཅི་ཞིག་ཡོད།

དོལ་རྒྱལ་སྲུང་མ་ཚད་ལྡན་ཡིན་ཟེར་བའི་ཐད།

གལ་ཏེ་དོལ་རྒྱལ་སྲུང་མ་ཚད་ལྡན་ཞིག་ཡིན་ན། རང་ཉིད་ལྷ་གྲལ་དུ་འཇོག་པ་གནང་མཁན་༸སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོར་གཞན་དང་མི་འདྲ་བའི་ཉིན་གསུམ་བྱ་ར་དང་མཚན་གསུམ་མེལ་ཚེ་ཞུ་དགོས་ཀྱང་དེ་ལྟར་མེད་པར་རིན་པོ་ཆེ་ལྷ་ས་རྨེ་རུ་དགོན་དུ་གསུང་ཆོས་གནང་སྐབས་གློ་བུར་བསྙུན་ཟུག་དྲག་པོ་ཞིག་ཕོག་སྟེ་དེ་ནས་བཟུང་དགོངས་པ་མ་རྫོགས་བར་དུ་སྐུ་གཟུགས་ཕྱེད་ཀ་སྔོ་ནག་ཏུ་གྱུར་ཡོད་པ་དང། དེ་རྗེས་ཀྱང་ཁམས་ནས་དབུས་ཕྱོགས་སུ་ཕེབས་སྐབས་དྭགས་པོ་སྤོ་ཐང་ལར་ཁྱིམ་ཚང་ཞིག་ནང་གསོལ་བ་བཞེས་མུར་གློ་བུར་བསྙུན་མནར་གྱིས་ཞལ་ནས་ཁྲག་སྐྱུགས་ཏེ་གཤེགས་པ་གང་གི་དྲུང་ཡིག་བློ་བཟང་རྡོ་རྗེས་བྲིས་པའི་རྣམ་ཐར་བོད་པར་ནང་གསལ་ཡོད། དེའི་ཡང་སྲིད་སློབ་གཉེར་ཕྱག་དཔེ་ཡག་པོ་ཡོད་ཀྱང་སྦག་སར་བསྙུན་མནར་གྱིས་མཐར་རྡོར་གླིང་ཁར་ཤང་སྨན་ཁང་དུ་གསོལ་གྲོད་བརྡོལ་ཏེ་འདས་པ་དང་། དེའི་ཡང་སྲིད་ད་ལྟ་འཚོ་བཞུགས་ཡོད་པ་གང་གི་མཛད་སྤྱོད་བཅས་ལ་བལྟས་ན་དོལ་རྒྱལ་གྱིས་འཕྲིན་ལས་སྒྲུབ་ཡོད་དང་གནོད་ཡོད་གསལ་པོ་ཡིན། དེ་བཞིན་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་ཀྱང་རང་གི་གདན་ས་དང་ཞལ་ཕྲལ་བཏང་སྟེ་ཕྱི་རྒྱལ་དུ་ཕེབས་ནས་ད་ལྟ་ཨ་རིར་ཆོས་འགོ་ཡང་མ་ཐོན་པར་བཞུགས་ཡོད་པ་བཅས་དོལ་རྒྱལ་གྱི་འཕྲིན་ལས་སྒྲུབ་སྟངས་ཁ་མདོག་འདི་རེད། དེ་བཞིན་དོལ་རྒྱལ་ལ་རྡོ་རྗེ་ཤུགས་ལྡན་རྩལ་ཞེས་ཆེ་བསྟོད་དང་ཡིད་ཆེས་བློས་འགེལ་བྱེད་མཁན་སོག་པོ་བློ་བཟང་རྟ་དབྱངས་ལ་མཚོན་ན། སྐུ་ཚེའི་སྨད་དུ་སོག་ཡུལ་ལ་དགོན་ཡུལ་གཉིས་དབར་ཟིང་འཁྲུག་བྱུང་སྟེ་དང་པོ་དགོན་པའི་མཁན་པོ་ནས་གནས་དབྱུང་བཏང་བ་དང། དེ་ནས་དུས་ཚོད་རིང་པོར་མ་སོང་བར་སྐུ་སྲོག་བཀྲོངས་པའི་ལོ་རྒྱུས་ཡོངས་གྲགས་རེད། དོལ་རྒྱལ་གྱི་བྱས་རྗེས་བཏང་བཏང་སྐོར། ཕ་རྒོད་བླ་མའི་ཞལ་གྱི་བདུད་རྩི། ཞེས་པ་འབྲི་མཁན་ཛེ་སྨད་རིན་པོ་ཆེས་རྡོར་གླིང་གུམ་དུང་དཀར་དགོན་པར་རྒྱལ་ཆེན་རིགས་ལྔའི་འདྲ་བརྙན་གསར་པར་རབ་གནས་མཛད་སྒོ་བྱེད་སྐབས་གློ་བུར་གྲིབ་སྐྱོན་ཕོག་སྟེ་དེ་ནས་བཟུང་མ་གྲོངས་བར་ཞལ་གྲག་རྒྱུ་མེད་པར་གྱུར་པ་མཐོང་ཆོས་ཡིན།

དཔེ་དེ་བཞིན་བྲག་སྒོམ་བླ་མ་ཐ་མ་ཐེ་ལན་དུ་གྲོངས་སྟངས་ངན་པ་ཇི་ལྟར་བྱས་ཏེ་གྲོངས་པ་མྱང་རྩད་བྱས་ན་ཤེས་རྒྱུ་ཡིན། ཉེ་བའི་ཆར་དོལ་རྒྱལ་རྗེས་འབྲངས་པས་དོལ་རྒྱལ་ནི་བྱམས་བརྩེ་དང་། ཤེས་རབ། ནད་གཞི་ལས་དྲག་སྐྱེད་གསོ་མཁན་བཅས་ཀྱི་སྟོན་པ་ཡིན་ཞེས་བསྒྲགས་པ་དེ་ལྟར་དངོས་འབྲེལ་ཡིན་ན། དབྱིན་ཡུལ་དུ་ཡོད་པའི་དོལ་རྒྱལ་བསྟེན་གསོལ་བ་གྲྭ་སྐལ་བཟང་རྒྱ་མཚོ་དེང་སྐབས་ཁ་གྲག་རྒྱུ་མེད་པ་དང། ཁ་ཟས་མ་འཇུ་བ་ཟུངས་ཟད་ཉལ་སར་ལུས་ཏེ་ཡོད་པར་སྨན་བཅོས་བྱེད་མཚམས་བཞག་ནས་དོལ་རྒྱལ་གསོལ་མཆོད་ཀྱིས་དྲག་བསྐྱེད་བགྱིས་དང། སྨན་པ་དང་སྨན། སྨན་ཁང་བཅས་དགོས་གལ་མ་མཐོང།

དེ་ལྟར་ཕྱོགས་གཅིག་གི་འདོད་ཚུལ་ལ་ཡིད་ཆེས་མ་བྱས་པར་ཕྱོགས་གཉིས་ཀའི་གནས་ཚུལ་ཉན། ཁུངས་ལྡན་གྱི་ཡིག་ཆ་ཁག་བལྟ་ཀློག་ཉམས་ཞིབ་བཅས་བྱས་ན་དངོས་བདེན་གྱི་གནས་ཚུལ་ཤེས་རྟོགས་ཡོང་རྒྱུ་ཡིན།

དོན་དུ་དེ་ལྟར་བློ་གཟུ་བོར་གནས་པའི་ཐོག་ནས་ཞིབ་དཔྱད་ནན་གཏན་བྱས་ཚེ་ནང་པ་ཡིན་ཞེས་སྐྱབས་འགྲོའི་བསླབ་བྱ་དང་རྒྱབ་འགལ་བྱེད་མཁན་སུ་རེད་འདུག

བསྟན་པ་དེ་འཛིན་དང་བཅས་པར་མཚན་ཤས་བཟོ་མཁན་སུ་རེད་འདུག
ཆོས་ལུགས་ཕྱོགས་རིས་བྱེད་མཁན་སུ་རེད་འདུག།
མི་གསོད་ཁྲག་སྦྱོར་བྱེད་མཁན་སུ་རེད་འདུག།
མི་བདེན་རྫུན་སྒྲིག་གི་ཧམ་བཤད་བྱེད་མཁན་སུ་རེད་འདུག
དཀྲོག་གཏམ་དཀྲུག་ཤིང་བྱེད་མཁན་སུ་རེད་འདུག

བོད་མི་མང་གི་ཁེ་ཕན་བློས་བཏང་ནས་ཕ་རོལ་པོའི་དགོས་འདུན་སྒྲུབ་མཁན་སུ་རེད་འདུག ཞིབ་མོའི་བློས་བརྟག་ཅིང་དཔྱད་ན་འགྲེལ་བཤད་མང་པོ་མི་དགོས་པར་ལས་སླ་པོར་རྟོགས་ཐུབ་པ་ཡིན་ནོ། །

ཕྱི་ལོ་ ༢༠༠༧ ལོར་བོད་ས་ཆ་ཕྲེང་དང་རྒྱལ་ཐང་སོགས་ནས་དོལ་རྒྱལ་བསྟེན་གསོལ་བ་འདི་ཕྱོགས་འབྱོར་རིགས་གདན་ས་ཁག་ལ་ཆོས་ཞུགས་བྱེད་མཁན་ལ་སྣེ་ལེན་ཁང་ནས་ངོས་སྦྱོར་གནང་མིན་ཟེར་ཐད།

ཕྱི་ལོ་ ༢༠༠༧ ཟླ་ ༥ ཚེས་ ༧ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་ཆ་ཕྲེང་དང་རྒྱལ་ཐང་སོགས་ནས་དོལ་རྒྱལ་བསྟེན་གསོལ་བ་མི་གྲངས་ ༢༨ ཡོད་པའི་ཚོ་ཁག་གཅིག་དང། དེ་རྗེས་མི་གྲངས་ ༣ བཅས་ཁྱོན་མི་གྲངས་ ༣༡ འབྱོར་ཡོད་པ་དེ་ཚོ་ཚང་མར་གསར་འབྱོར་བ་སྤྱི་མཚུངས་ཀྱི་སྣེ་ལེན་བྱས་ཡོད། གོང་གསལ་བལ་ཡུལ་དུ་མི་གྲངས་ ༣༡ འབྱོར་བ་ནས་མི་གྲངས་ ༡༤ དྷ་ས་སྣེ་ལེན་ཁང་དུ་ལོ་དེའི་ཕྱི་ཟླ་ ༥ ཚེས་ ༢༩ ཉིན་འབྱོར་བའི་ཁོངས་ནས་མ་སུ་རི་བོད་ཁྱིམ་དུ་མི་གྲངས་ ༩ དང། སུ་ཇ་བོད་ཁྱིམ་དུ་མི་གྲངས་ ༢ ཤེས་རབ་དགའ་ཚལ་གླིང་དུ་མི་གྲངས་ ༣ བཅས་བོད་རིགས་སྤྱི་མཚུངས་དབྱེ་འབྱེད་མེད་པར་ཆ་བགོས་ཀྱིས་སློབ་གྲྭར་བཏང་སྟེ་གཟིགས་སྐྱོང་གནང་ཡོད། འཕྲོས་ ༡༧ ཡོད་ཁོངས་ནས་ ༡༦ གིས་དོལ་རྒྱལ་བསྟེན་གསོལ་བ་དགའ་ལྡན་རྡོ་ཁང་ཁང་ཚན་དང།སེར་སྨད་སྤོམ་ར་ཁང་ཚན་གཉིས་ལ་འགྲོ་འདོད་བྱས་པ་དང་། གཅིག་གིས་སུ་ཇ་སློབ་གྲྭར་འགྲོ་འདོད་བྱས་པ་ལྟར་དེ་དག་ཏུ་བཏང་བ་རེད། གཞི་ནས་སྣེ་ལེན་ཁང་ནས་ངོས་སྦྱོར་ཡོད་མིན་ལ་མ་ལྟོས་པར་ཁང་ཚན་དེ་གཉིས་ཀྱིས་དོལ་རྒྱལ་བསྟེན་གསོལ་བའི་རིགས་རང་རང་ཐོབ་ཁུངས་ཡིན་ཤག་གིས་བདག་པོ་རྒྱག་རྐྱང་བྱེད་པ་དང། འཛུལ་ཞུགས་བྱེད་མཁན་རྣམས་ཀྱིས་ཀྱང་ཁང་ཚན་དེ་གཉིས་རང་གི་ཁྱིམ་ལྟ་བུར་བརྩིས་ཏེ་འགྲོ་རྐྱང་བྱེད་པ་བཅས་ནི་སྐད་ཆ་གསར་པ་ཞིག་མིན། སྤྱིར་ནས་ ༡༩༩༨ ཕྱི་ཟླ་ ༡ ཚེས་ ༡ ཉིན་སེ་ར་ཆོས་སྒར་དུ་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་འོག་ཤར་བྱང་ཆོས་རྗེ་རྣམ་གཉིས་དང། གདན་ས་གསུམ་དང། རྒྱུད་གྲྭ་སྨད་སྟོད། བཀྲ་ཤིས་ལྷུན་པོ། རྣམ་རྒྱལ་གྲྭ་ཚང་། རྟ་དབང་དགོན་སོགས་དགེ་ལུགས་དགོན་ཁག་གི་མཁན་ལས་ཟུར་རྣམས་ལྷན་འཛོམས་གནང་བའི་གྲོས་ཆོད་དུ་“ ད་ཕྱིན་དོལ་རྒྱལ་བསྟེན་རྒྱུ་མཚམས་འཇོག་མི་བྱེད་པ་རྣམས་དང་ཁ་དང་ཁ་སྤུ་དབྱེ་འབྱེད་ཀྱིས་ཆུ་ཁག་ཁག་དང་ལུང་པ་སོ་སོ་བྱེད་རྒྱུ་ལས། དོལ་རྒྱལ་བསྟེན་མཁན་དེ་དག་དང་འབྲེལ་བ་གཙང་བཅད་ཐོག ” ཅེས་སོགས་བཀོད་པའི་རྒྱུ་མཚན་དང་གཅིག

དོལ་རྒྱལ་གསོལ་མཆོད་བྱེད་མཁན་གོང་གསལ་གྱི་ཁང་ཚན་གཉིས་དང་དོལ་རྒྱལ་དང་འབྲེལ་བའི་དགོན་ཁག་ཆུང་ངུ་གཅིག་གཉིས་ཙམ་ལས་དེ་མིན་དགོན་པ་གྲྭ་ཚང་ཚང་མས་དོལ་རྒྱལ་བསྟེན་གསོལ་མི་བྱེད་ཁར་རང་ཁོངས་དོལ་རྒྱལ་བསྟེན་མི་གསར་པ་འཇུག་རྒྱུའི་འདོད་པ་མེད་པའི་རྣམ་འགྱུར་གསལ་པོར་སྟོན་པའི་རྒྱུ་མཚན་དང་གཉིས།

ཁྱད་པར་ཕྱི་ལོ་ ༢༠༠༤ ཕྱི་ཟླ་ ༦ ཚེས་ ༣༠ ནས་ཕྱི་ཟླ་ ༧ ཚེས་ ༡ བར་ཉིན་གསུམ་རིང་བཞུགས་སྒར་དུ་རི་བོ་དགེ་ལྡན་པའི་ཆོས་སྡེ་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཆེན་མོ་ཕྱི་ཟླ་ ༧ ཚེས་ ༢ ཉིན་གཏན་ལ་ཕབ་པའི་ལེའུ་བཞི་པ་བླང་དོར་གྱི་སྒྲིག་གཞི་ཞེས་འགོ་བརྗོད་དུ་འཁོད་པའི་ནང་གསེས་དོན་ཚན་བདུན་པར། “ གསར་ཞུགས་པ་རྣམས་དོལ་རྒྱལ་བསྟེན་གསོལ་གཏན་ནས་མེད་པ་དགོས་” ཞེས་གསལ་ཡོད་སྟབས་སྣེ་ལེན་ཁང་ནས་ངོས་སྦྱོར་གནང་རྒྱུ་བདེ་མིན་སྐོར་འགྲེལ་བཤད་གསལ་པོ་བརྒྱབ་ཡོད་ཀྱང། འདོད་པ་མ་ཁེངས་པར་སྣེ་ལེན་ཁང་ནས་རང་ཉིད་ཕྱིར་ཐོན་ཏེ་སོང་བ་ལས་བོད་མིའི་སྒྲིག་འཛུགས་ལ་ཁག་དཀྲི་བསྙད་འདོགས་བྱེད་ས་གང་ཡང་མེད། གང་ལྟར་མི་གྲངས་ ༡༦ གིས་གསར་འབྱོར་སྤྱི་མཚུངས་དུས་བཅད་སྒྲིག་གཞིའི་དུས་བཀག་ལས་བརྒལ་ཏེ་བསྡད་པ་དང། ཁོ་རང་ཚོའི་རེ་འདོད་ལྟར་མ་བྱུང་ན་ཕ་ཡུལ་དུ་ཕྱིར་ལོག་འགྲོ་རྒྱུ་ཡིན་པས་ལམ་གྲོན་དགོས་ལུགས་ཞུས་པ་བཞིན་གནང་རྒྱུ་ངེས་ཀྱང་། ཕྱི་ཟླ་ ༡༠ ཚེས་ ༤ ཉིན་གློ་བུར་དྷ་ས་སྣེ་ལེན་ཁང་ནས་རང་མཚམས་ཀྱིས་ཕྱིར་ཐོན་བྱས་པ་རེད། ལར་ནས་གསར་འབྱོར་དེ་དག་ནི་དོལ་རྒྱལ་རྗེས་འཇུག་པ་ཚོས་ཆེད་དུ་གཉེར་ནས་འདིར་གླེང་གཞི་ཆེ་རུ་གཏོང་ཆེད་བཏང་བ་ཡིན་མིན་གྱི་དོགས་གཞི་ཡང་ཤིན་ཏུ་ཆེ་བའི་གནས་སོ། །

༸གོང་ས་༸སྐྱབས་མགོན་ཆེན་པོས་ ༡༩༥༡ ལོ་ནས་བཟུང་བར་ལམ་བར་དོལ་རྒྱལ་བསྟེན་གསོལ་གནང་བས་སྐྱབས་འགྲོའི་བསླབ་བྱ་དང་འགལ་མེད་པ་ཡིན་ནམ་ཞེས་ཟེར་ཐད།

དེ་ནི་ཚད་ཐུབ་ཀྱི་བླ་མས་དོལ་རྒྱལ་བྲན་དུ་བཀོལ་ཏེ་བསྟེན་པ་དང། དེང་གི་དོལ་རྒྱལ་རྗེས་འབྲང་པས་དོལ་རྒྱལ་སྐྱབས་གསུམ་ཀུན་འདུས་སུ་བལྟས་ཏེ་བསྟེན་པ་གཉིས་གཅིག་ཏུ་འཁྲུལ་བའི་རྨོངས་གཉིད་མ་སད་པའི་ཤབ་ཤོབ་ཡིན་པས་གསལ་བཤད་ཅུང་ཟད་བྱས་ན་འདི་ལྟར་ཏེ། ༸གོང་ས་མཆོག་གིས་ཐོག་མར་ ༡༩༥༡ ལོར་དོལ་རྒྱལ་བསྟེན་པ་གནང་དུས་དགུང་ལོ ༡༦ ཙམ་གྱི་སྐུ་གཞོན་ནུའི་སྐབས་རེད། དེ་ཡང། དེང་སང་ཡར་ཐོན་རྒྱལ་ཁབ་ཁག་ནང་རང་ལོ་ ༡༨ ཟིན་ན་རང་ཐག་རང་གིས་གཅོད་ཤེས་པའི་མི་རྒན་གྲས་སུ་ངོས་འཛིན་གྱིས་འོས་ཤོག་འཕེན་ཆོག་གི་ཡོད། དེ་མན་ཕྲུ་གུའི་གནས་སྐབས་སུ་བརྩིས་ཏེ་འོས་ཤོག་འཕེན་པའི་ཐོབ་ཐང་མེད། དེ་མཚུངས་མགོན་པོ་གང་ཉིད་ཐ་མལ་པའི་ཚུལ་བཟུང་བས་ཇི་ལྟར་ཐ་མལ་པ་ལྟར་དེ་སྐབས་ལྷའི་གནས་ཚུལ་ཇི་ལྟར་ཡིན་ཐུགས་རྒྱུས་མེད་པ་དང་གཅིག ཆབ་མདོ་ཤོར་རྗེས་གྲོ་མོར་གློ་བུར་ཉེན་ཡོལ་དུ་ཕེབས་སྐབས་གཞུང་བསྟེན་བསྟན་སྲུང་གནས་དགའ་གཉིས་ཀྱི་སྐུ་རྟེན་ཆིབས་ཞབས་ཁོངས་མེད་པ་དང་གཉིས།       མཚན་ཞབས་དར་ཧན་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་བསྟེན་པ་གནང་གི་ཡོད་སྟབས་དེ་ལ་བསྟུན་ཐབས་གནང་བ་དང་གསུམ་བཅས་ལ་བརྟེན་ནས་དེ་དུས་དོལ་རྒྱལ་དང་འབྲེལ་བ་བྱུང་བ་བདེན་མོད། དོལ་རྒྱལ་བསྟེན་གསོལ་བ་ཚོས་དོལ་རྒྱལ་སྐྱབས་གནས་ཀུན་འདུས་སུ་ངོས་འཛིན་གྱིས་གློ་སྙིང་བྲང་གསུམ་གཏད་དེ་སྐྱབས་བཅོལ་བ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོས་དྲེགས་པ་བྲན་དུ་བཀོལ་ཏེ་བསྟེན་པ་གནང་བ་གཉིས་ལ་གནམ་སའི་ཁྱད་པར་ཡོད་པས་སྐྱབས་འགྲོའི་བསླབ་བྱ་དང་ཇི་ལྟར་འགལ།
ཕྱོགས་གཞན་ནས་བཤད་ན། སྔར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་ཐོག་མར་དྲང་སྲོང་རིག་པའི་གནས་ལ་མཁས་པ་དག་དང་། མུ་སྟེགས་པའི་སྟོན་པ་བཤེས་གཉེན་དུ་བསྟེན་གནང་མཛད་པ་དེས་ཐུགས་མ་ཚིམས་པར་ཆུ་བོ་ནེ་ར་ཛ་ནའི་འགྲམ་དུ་ལོ་དྲུག་དཀའ་སྤྱད་ཀྱིས་མཐར་མ་ག་དྷའི་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པ་སངས་རྒྱས། ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར། མུ་སྟེགས་སྟོན་པ་དྲུག་དང་ལྷས་སྦྱིན་སོགས་རྒོལ་བ་ངན་པ་རྣམས་མཐུ་དང་རྫུ་འཕྲུལ་གྱིས་ཚར་བཅད། འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ་བ་སོགས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་འགྲོ་ཀུན་བདེ་ལ་འགོད་པའི་མཛད་པ་ཇི་ལྟར་བསྐྱངས་པ་དང་སྒོ་ཀུན་ནས་མཚུངས་པར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་གཞོན་ནུའི་སྐབས་དོལ་རྒྱལ་གྱི་གནས་ཚུལ་ཇི་བཞིན་མི་མཁྱེན་པའི་ཚུལ་གྱིས་དོལ་རྒྱལ་བསྟེན་པ་གནང་ཡང། དེ་ནས་རིམ་པས་སྐུ་ཡོན་གསན་བཞེས་ཀྱིས་དགོངས་པའི་ཀློང་བརྡོལ་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གནས་ཚུལ་སྤྱི་དང་། བྱེ་བྲག་ལྷའི་གནས་ཚུལ་དཀར་ཕྱོགས་སྐྱོང་བ་དང་ནག་ཕྱོགས་སྐྱོང་བའི་རང་རང་གི་བྱེད་ལས་ཇི་བཞིན་གསལ་པོ་མཁྱེན་པ་ན་དམ་སྲི་དོལ་རྒྱལ་སྐོར་ཡང་ལམ་ཙམ་མཁྱེན་རྟོགས་བྱུང་བ་དེ་ཙམ་ལ་ཆ་འཇོག་མ་གནང་བར། ཐུགས་ཡིད་བརྟན་འཕེར་བའི་མོ་ལུང་ཟན་བརྟག་དང་སྔོན་བྱུང་གི་ལོ་རྒྱུས། ད་ལྟའི་དངོས་བྱུང་གནས་ཚུལ་སོགས་ལ་བརྟག་དཔྱད་ཞིབ་འཇུག་ལོ་ནས་ལོ་བསྟུད་གནང་སྟེ་མཐར་ངེས་པ་རྙེད་པའི་མཚམས་ལ་དོལ་རྒྱལ་བསྟེན་གསོལ་དམ་དྲག་མཛད་པ་ནི་བསྟན་པའི་གནད་ཤེས་མཁན་ཞིག་གི་ངོར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ལྷག་པར་དགེ་ལྡན་བསྟན་པའི་ཞབས་འདེགས་ཧ་ཅང་ཆེན་པོ་ཞིག་ཡིན་པ་ཅིའི་ཕྱིར་མི་མངོན།

བར་ལམ་དམངས་ཁྲོད་ཁ་བརྡའི་ནང་དགའ་ལྡན་ཁྲི་ཟུར་ལུང་རིགས་རྣམ་རྒྱལ་མཆོག་དོལ་རྒྱལ་བསྟེན་གསོལ་བའི་དགོན་གྲྭར་གནས་གཟིགས་ཕེབས་གནས་སྐོར་བེད་སྤྱོད་ཁྱབ་བསྒྲགས་བྱས་པ་དང། ཡང་སིངྒ་སྤུར་དུ་ཡོད་པའི་དོལ་རྒྱལ་ཆོས་ཚོགས་ཀྱིས་འགྲེམས་སྤེལ་བྱས་པའི་དྲིལ་བསྒྲགས་ཡིག་ཆའི་ནང་ཁྲི་ཟུར་མཆོག་གིས་དེ་སྔ་དོལ་རྒྱལ་བསྟེན་པ་གནང་གི་ཡོད་པ་དང། ད་ལྟའང་བསྟེན་དང་བསྟེན་བཞིན་པ་ཡིན་ལུགས་གསལ་འཁོད་ཐད།

དགའ་ལྡན་ཁྲི་ཟུར་ལུང་རིགས་རྣམ་རྒྱལ་མཆོག་ཤར་པ་ཆོས་རྗེ་གནང་བའི་སྐབས་སུ་ཁོང་གི་དགོངས་པ་བཞེས་སྟངས་དང་། བཀའ་མོལ་གནང་ཕྱོགས། རྒྱུན་དུ་འབྲེལ་བ་གནང་ཡུལ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཐོག་ཁོང་དོལ་རྒྱལ་དང་འབྲེལ་བ་ཡོད་པའི་སྐད་ཆ་མང་པོ་ལྷགས་ཡོད། དེར་བརྟེན་ཁོང་ཉིད་དགའ་ལྡན་ཁྲི་ལ་ཕེབས་རྒྱུར་འགོག་རྐྱེན་བྱུང་དོགས་ཀྱིས། ཕྱི་ལོ་ ༡༩༩༧ཕྱི་ཟླ་ ༤ ཚེས་ ༡༥ ཉིན་བོད་གཞུང་ཆོས་རིག་ལས་ཁུངས་སུ་ཁོང་ཉིད་ད་ཆ་དོལ་རྒྱལ་དང་འབྲེལ་བ་མེད་གནས་སྐོར་༸སྙན་ཞུ་ཕུལ་བའི་ནང། “ གངས་ཅན་ལྷ་གཅིག་ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་གུས་པ་བདག་གི་རྡོ་རྗེ་སློབ་དཔོན་དུ་སྤྱི་བོའི་གཙུག་ཏུ་བསྟེན་ནས་ལོ་ ༤༠ ལྷག་ཕྱིན་ཡོད། སྔོན་ཆད་བསམ་བཞིན་དུ་བཀའ་དགོངས་དང་འགལ་བ་ནམ་ཡང་ཞུ་མ་མྱོང། སླད་ཕྱིན་ཆད་རང་ལོ་ ༧༡ སོན་པ་བན་རྒན་བདག་སྨྱོ་ན་མ་གཏོགས་ཤི་ཁར་༸གོང་ས་མཆོག་ལ་མ་དད་བསྙས་སྨོད་ག་ལ་ཞུ། དེ་འདྲའི་ཞུ་སེམས་ཡང་གཏན་ནས་མེད།” ཅེས་ལ་ཤོག་ཐོག་མཚན་རྟགས་བཀོད་དེ་ཕུལ་ཡོད་པ་རེད།        དེ་རྗེས་དགའ་ལྡན་ཁྲི་ལ་ཕེབས་རྒྱུ་ངེས་ཏེ་༸གོང་ས་ཆེན་པོར་གསར་མཇལ་མ་ཞུས་གོང་ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༡ ཚེས་ ༡༤ ཉིན་རྡོར་གདན་དུ་སྐུ་སྒེར་དྲུང་ཆེའི་སར་བཅར་ཏེ་དོལ་རྒྱལ་དང་། འབྲེལ་བ་མེད་ལུགས་དག་སྐྱེལ་གནང་བའི་ནང། “ ང་རང་ཡོངས་འཛིན་སྐུ་གཞོན་པ་ཁྲི་བྱང་རིན་པོ་ཆེ་སྐུ་མདུན་ནས་བདེ་མཆོག་གཙོ་གྱུར་གྱི་དབང་ལུང་མང་པོ་ཞུས་མྱོང་ཞིང་།སྐྱབས་རྗེ་ཛེ་སྨད་རིན་པོ་ཆེ་ནི་ངའི་དཔེ་ཁྲིད་དགེ་རྒན་གཙོ་བོ་ཡིན། དེ་སྔ་སྦག་སར་ཟོང་རིན་པོ་ཆེའི་སྐུ་མདུན་ནས་ཤུགས་ལྡན་གྱི་སྲོག་གཏད་ཞུས་པ་ཡིན།འོན་ཀྱང་རང་ངོས་ནས་བསྟེན་པ་ལས་གཞན་ལ་ཁྱབ་སྤེལ་བྱས་རིགས་མེད། ༸གོང་ས་༸སྐྱབས་མགོན་ཆེན་པོས་བོད་ཀྱི་བསྟན་སྲིད་སྤྱིའི་བདེ་རྩར་དགོངས་ཏེ་ཤུགས་ལྡན་བསྟེན་གསོལ་དམ་བསྒྲགས་གནང་སྟབས།བཀའ་བཞིན་བསྒྲུབ་རྒྱུ་ནི་མཆོད་པའི་རབ་ཡིན་པ་སྙིང་བཅངས་ཀྱིས་༡༩༨༩ ལོ་ཙམ་ནས་སྒྲིག་རང་ཁུར། སྡོམ་པ་རང་སྲུང་གི་ཚུལ་དུ་ནང་དོན་སྤང་བླངས་གཙང་མ་ཞུས་ཟིན་པ་ཡིན།འོན་ཀྱང་༡༩༩༧ལོར་ངའི་མིང་དང་འདྲ་མཚུངས་ཤིག་གི་ཐོག་ནས་ཡིག་འཁྱམས་ཤིག་སྤེལ་འདུག་པ་དེར། ༡༩༩༧ ཟླ་ ༤ ཚེས་ ༡༥ ཉིན་གསལ་བཤད་སྤེལ་བའི་ནང།གངས་ཅན་ལྷ་གཅིག་ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་མཆོག་གུས་པ་བདག་གི་རྡོ་རྗེ་སློབ་དཔོན་དུ་སྤྱི་བོའི་གཙུག་ཏུ་བསྟེན་ནས་ལོ་ངོ་ ༤༠ལྷག་ཕྱིན་བསྡད་ཡོད། སྔོན་ཆད་བསམ་བཞིན་དུ་བཀའ་དགོངས་དང་འགལ་བ་ནམ་ཡང་ཞུས་མ་མྱོང། སླད་ཕྱིན་ཆད་ཀྱང་རང་ལོ་ ༧༡ སོན་པའི་བན་རྒན་བདག་སྨྱོ་ན་མ་གཏོགས་ཤི་ཁར་༸གོང་ས་མཆོག་ལ་མ་དད་བསྙས་སྨོད་ག་ལ་ཞུ།དེ་འདྲའི་ཞུ་སེམས་ཀྱང་གཏན་ནས་མེད། དེ་ལྟར་ལགས་ན། བདག་ལ་ཐུགས་དོགས་དང་ལབ་གླེང་མཛད་དགོས་མ་མཆིས་སོ། །ཞེས་ཁ་གསལ་འཁོད་པ་ལྟར། གནས་ལུགས་ཤེས་པའི་ཐོག་ནས་རང་ཐག་རང་གཅོད་ཀྱིས་བསྟེན་གསོལ་མཚམས་འཇོག་གཙང་མ་ཟིན་པ་ལས་འབྲས་དཔང་འཕེར་ཧེ་བག་རྩ་བ་ཉིད་ནས་མེད་ངེས་ཡིན།ད་དུང་༸གོང་ས་ཆེན་པོར་མཇལ་བཅར་གྱིས་དོལ་རྒྱལ་བསྟེན་གསོལ་ཐད་ཕྱི་གསལ་ནང་གསལ་གཙང་མ་བཟོ་རྒྱུའི་འདོད་པ་ཆེན་པོ་ཡོད་པས་སྔོན་དུ་ཡིག་ཐོག་༸སྙན་གསེང་ཞུས་པ་ལྟར་མཇལ་ཁ་ཞིག་གང་མྱུར་འཐོབ་ཐབས་༸སྙན་གསེང་ཡོང་བ་ཞུ་རྒྱུ་ཡིན” ཞེས་གསུངས་པ་སྐུ་སྒེར་དྲུང་ཆེས་ཚིག་ཐོ་བཀོད་པ་དེ་ལ་གང་ཉིད་ཀྱིས་ཐུགས་ཞིབ་གནང་རྗེས་མཚན་རྟགས་བཀོད་གནང་བ་དང།དེ་ནས་ཁྲི་པའི་གསར་མཇལ་ཞུས་ཏེ་དུས་འཁོར་དབང་ཆེན་ཐེངས་ ༢༨ པའི་དབང་གྲལ་དུ་བཞུགས་ཏེ་མཇུག་ཏུ། གཙོ་བོས་ཇི་ལྟར་བཀའ་སྩལ་པ།།དེ་དག་ཐམས་ཅད་བདག་གི་བགྱིས།། ཞེས་གསུངས་ཡོད།

ཕྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་གཞུང་དམངས་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་ལྷ་མི་ཟུང་སྦྲེལ་གྱི་བརྟན་བཞུགས་རྒྱས་པ་ཞིག་ཕུལ་བའི་ཆོག་གྲྭའི་དབུ་བཞུགས་སུ་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེས་དབུས་ཆོས་རྒྱུད་ཁག་གི་དབུ་ཁྲིད་རྣམ་པ་ཕེབས་ཡོད་པར་གནས་ཆུང་ཆོས་རྒྱལ་ཆེན་པོ་སྐུ་ཕེབས་ཀྱིས་༸གོང་ས་ཆེན་པོར་མཎྜལ་རྟེན་གསུམ་འདེགས་འབུལ་སོགས་གྲུབ་པ་དང། དབུ་བཞུགས་བླ་ཆེན་རྣམ་པར་མཇལ་དར་འབུལ་གནང་མཛད་པ་གཞུང་དམངས་ཀུན་གྱི་མཐོང་སར་དགའ་ལྡན་ཁྲི་པ་ལུང་རིགས་རྣམ་རྒྱལ་མཆོག་ལ་མཇལ་དར་ཕུལ་མེད་པ་དེས་མི་མང་པོར་ཁོང་གི་ཕྱི་ཚུལ་ལ་དོལ་རྒྱལ་དང་འབྲེལ་བ་མེད་པར་བསྒྲགས་ཀྱང་ཁ་བཤད་གཉིས་མེད་ཡིན་མིན་གྱི་དོགས་པ་བྱུང་ཡོད། ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༧ པར་བཞུགས་སྒར་དུ་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་འོག་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་དང། གདན་ས་གསུམ་དང་གསང་ཆེན་རྒྱུད་གྲྭ་སྨད་སྟོད། བཀྲ་ཤིས་ལྷུན་པོ། ར་སྟོད་གྲྭ་ཚང་བཅས་པའི་མཁན་པོ་ལས་ཟུར་རྣམ་པ་དང། དགེ་ལུགས་ཀྱི་སྤྱི་འཐུས། གཞན་ཡང་གདན་སའི་དཔེ་ཁྲིད་དགེ་རྒན་རྣམ་པ་བཅས་ཁྱོན་མི་གྲངས་ ༤༢ སྐོར་ལྷན་ཚོགས་གནང་ནས་རི་བོ་དགེ་ལྡན་པའི་ཆོས་སྡེ་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཆེན་མོ་གཏན་འབེབས་གནང་བའི་དོན་ཚན་བཅུ་གཉིས་པ། སྒྲིག་ཞུགས་བྱེད་ཕྱོགས། ཞེས་པའི་འགོ་བརྗོད་ཀྱི་ནང་གསེས་དོན་ཚན་ ༧ པར། (གསར་ཞུགས་པ་རྣམས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་དགོས་) ཞེས་གསལ་ཡོད། བཅའ་ཡིག་གི་དོན་ཚན་གསུམ་པར། བཅའ་ཡིག་འགོ་འཛུགས། ཞེས་པའི་འགོ་བརྗོད་འོག། “བཅའ་ཡིག་འདི་དགེ་ལྡན་ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས་ཀྱིས་གཏན་ལ་ཕབ་སྟེ་དགའ་ལྡན་ཁྲི་རིན་པོ་ཆེས་ཆོག་མཆན་མཚན་རྟགས་སྩལ་ཉིན་ནས་འགོ་འཛུགས་ལག་བསྟར་བྱ་རྒྱུ།” ཞེས་འཁོད་ཡོད་པ་ལྟར་ཕྱི་ཟླ་ ༧ ཚེས ༢ ཉིན་རི་བོ་དགེ་ལྡན་པའི་ཆོས་ལུགས་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཆེན་མོ་གཏན་འབེབས་ཀྱིས་ཁྲི་རིན་པོ་ཆེ་ལུང་རིགས་རྣམ་རྒྱལ་མཆོག་གིས་མཚན་རྟགས་བཀོད་པ་གནང་སྟེ་དེ་ནས་བཟུང་ཕྱག་ལེན་བསྟར་མུས་སུ་ཡོད།

         དེ་རྗེས་ཕྱི་ལོ་ ༢༠༠༨ ལོར་དམ་ཆོས་འདུལ་བའི་ཕྱག་ལེན་དང་མཐུན་པར་དོལ་རྒྱལ་བསྟེན་གསོལ་བྱེད་དང་མི་བྱེད་མོན་གྷོར་རི་བོ་དགེ་ལྡན་པའི་གདན་ས་དགའ་འབྲས་གཉིས་དང། སྦེལ་ཀོབ་ཏུ་སེ་ར་བྱེས་སྨད་གཉིས་བཅས་སུ་ཚུལ་ཤིང་བཞེས་པའི་ལམ་ནས་མང་མོས་ཐག་གཅོད་གནང་སྐབས་ཁྲི་རིན་པོ་ཆེ་ནས་བསྐོ་གཞག་གནང་བའི་སྐུ་ཚབ་ཐོག་མཐའ་བར་གསུམ་དུ་དཔང་པོར་ཕེབས་ཡོད། དགའ་ལྡན་ཁྲི་ཟུར་དུ་ཕེབས་མ་ཐག་རང་གི་ཤག་ཚང་དགེ་ཕྲུག་རྣམས་དོལ་རྒྱལ་བསྟེན་གསོལ་བ་ཤར་དགའ་ལྡན་དུ་ཟླ་བསྒྲིལ་གནང་བ་དེས་ཁྲི་ཟུར་གྱི་བཞེངས་ཕྱོགས་ལ་དོགས་པ་ཆེ་རུ་སོང་སྟེ་མི་རྣམས་ཀྱིས།

  • ཁོང་གིས་སྔོན་ཆད་རང་གི་དམ་བཅའ་རྣམས་རྒྱབ་བསྐྱུར་གནང་གི་མེད་དམ་སྙམ་པ་དང།
  • སྔོན་དུ་དགེ་ལུགས་ཀྱི་བཅའ་ཡིག་ཆེན་མོར་ཆོག་མཆན་མཚན་རྟགས་བཀོད་པ་ད་ཆ་ཐུགས་བསྙེལ་བའམ། ཡང་ན་རྩིས་མེད་རྡོག་རོལ་དུ་གཏོང་གི་མེད་དམ་སྙམ་པ།
  • དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་ཞུ་ཡུལ་རྡོ་རྗེ་སློབ་དཔོན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་༸སྐྱབས་མགོན་༸གོང་ས་༸རྒྱལ་བ་ཡིད་བཞིན་ནོར་བུར་རྒྱབ་འགལ་གྱི་དམ་སྲི་དོལ་རྒྱལ་རྗེས་འབྲང་པའི་པང་དུ་ལོག་གི་མེད་དམ་སྙམ་པ།
  • ཁྲི་ཟུར་ཕ་རན་སིར་བཞུགས་ཡོད་པ་དང། ཉེ་དུས་ཕ་རན་སིར་དགའ་ལྡན་བསྟན་སྲུང་ཚོགས་པ་ཟེར་བའི་དོལ་རྒྱལ་གྱི་ཚོགས་པ་ཞིག་གསར་འཛུགས་བྱས་པ་དེ་དང་ཕན་ཚུན་ལག་སྦྲེལ་མེད་དམ་སྙམ་པའི་དོགས་པ་ཡོད་མུས་ཐོག་ཚོགས་པ་དེའི་ནང་ཁྲི་ཟུར་རང་ཉིད་ཀྱི་ཚ་བོ་བསྟན་འཛིན་ཉིན་བྱེད་ཟེར་བ་རྒྱུན་ལས་གྲས་སུ་ཡོད་རྐྱེན་དོགས་པ་འཕར་མ་འབྱུང་གཞི།
  • ཁྲི་པ་ཡིན་མུས་སྐབས། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༣ འཁོད་ཁྲི་བྱང་མཆོག་སྤྲུལ་རིན་པོ་ཆེར་དབྱིན་ཡིག་ཐོག་ངོས་སྦྱོར་ཞིག་གནང་བའི་ནང། ཁྲི་བྱང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཨ་རིར་ཡོད་པ་ཁྲི་བྱང་ནང་པའི་ཆོས་ཚོགས་ཀྱི་འགོ་འཛིན་བྱེད་པའི་ཆ་རྐྱེན་ཚང་མ་འཛོམས་ཡོད་པ་དང། ཆོས་ཚོགས་དེས་ཨ་རིའི་ནང་དགེ་ལུགས་པའི་གཞུང་ལུགས་བརྒྱུད་བསྒྲགས་དང་ཚབ་བྱེད་ཆོག་པའི་གནང་བ་སྩལ་བ་ཡིན་སོགས་འཁོད་ཡོད་པ་རེད། ཁྲི་བྱང་རིན་པོ་ཆེས་དམ་སྲི་དོལ་རྒྱལ་བསྟེན་མུས་ཐོག་སློབ་གཉེར་གསན་བཞེས་མཐའ་འཁྱོངས་མེད་པ་གསལ་པོ་མཁྱེན་བཞིན་དུ་དགའ་ལྡན་ཁྲི་པས་དེ་ལྟའི་ངོས་སྦྱོར་གནང་བ་ནི་འཇིག་རྟེན་ཁ་དཔེར། རྩམ་པའི་ཁག་ཐེག་བུལ་ཏོག་གིས་བྱས། ལྷག་པས་ཁྱེར་ན་ཁྱེར་མཉམ་ཡིན། ཟེར་བ་ལྟར་མ་རེད་དམ།
  • དེ་འདྲའི་རྒྱུ་མཚན་གྱི་ཆ་ནས་ད་ཡོད་དགའ་ལྡན་ཁྲི་ཟུར་གྱི་མཚན་གནས་འདི་དགེ་ལྡན་བསྟན་ལ་ཕན་དང་གནོད་གཉིས་ལས་གཤིན་ཆོས་རྒྱལ་གྱི་སྤྱན་སྔར་བདེན་པ་བདར་ནས་ཟན་བརྟག་བསྒྲིལ་ཏེ་ཐག་གཅོད་བྱེད་པའི་དུས་ལ་སླེབས་འདུག་སྙམ་པ་དང། དེ་ཡང་བར་ལམ་རྒྱུད་སྨད་གྲྭ་ཚང་ནས་བྱང་རྩེ་རྒན་བྲ་ཏིའི་གནས་སྟངས་སྐོར་དམ་ཆེན་ཆོས་རྒྱལ་གྱི་སྤྱན་སྔར་བདེན་པ་བདར་ནས་ཟན་བརྟག་བསྒྲིལ་ཏེ་ཁོང་མཁན་བརྒྱུད་ནས་ཕུད་པའི་ཉམས་མྱོང་དང་མིག་ལྟོས་ཡོད་པ་རེད་བརྗོད་མཁན་ཡོད།
  • འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་གནང་མྱོང་བའི་དགེ་སློང་འདུལ་བ་འཛིན་པ་ཞིག་གིས་སྔ་ཚིག་ཕྱི་འགལ་གནང་སྟེ་ད་དུང་འདི་མུར་བཞུགས་ན་གང་ཉིད་སྨོས་ཅི་དགེ་ལྡན་བསྟན་པའི་དབུ་འཕང་སྨད་པའི་མཚན་ཤས་ཡོང་རྒྱུར་དགོངས་ཏེ། ཉེས་པ་ལ་ཉེས་པ་གཟིགས་ནས་ཐུགས་འགྱོད་ཀྱིས་བཤགས་སྡོམ་གནང་ན་ཅི་མ་རུང་ཞེས་རེ་བ་བྱེད་མཁན་ཡང་ཡོད་པ་བཅས།

ཉེ་ཆར་སིངྒ་སྤུར་དོལ་རྒྱལ་ཚོགས་པས་༸གོང་ས་༸སྐྱབས་མགོན་ཆེན་པོས་དེ་སྔ་དོལ་རྒྱལ་གྱི་འཕྲིན་བསྐུལ་(འགག་མེད་རྡོ་རྗེའི་སྒྲ་དབྱངས་)ཞེས་པ་ལྗགས་རྩོམ་གནང་ཡོད་སྐོར་དྲིལ་བསྒྲགས་བྱས་པའི་ཐད།

ཕྱི་ལོ་ ༡༩༥༠ ལོ་མཇུག་ཆབ་མདོ་རྒྱ་ལག་ཏུ་ཤོར་རྗེས་འཕགས་བོད་ཀྱི་ས་མཚམས་གྲོ་མོར་ཉེན་ཡོལ་དུ་ཕེབས་བཞུགས་གནང་དགོས་བྱུང་བ་དང། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༡༦ ལ་ཕེབས་པའི་གཞོན་ནུ་ཞིག་ཡིན་པའི་ཐོག་གཞུང་བསྟེན་བསྟན་སྲུང་གནས་ཆུང་དགའ་གདོང་གཉིས་ཀྱི་སྐུ་རྟེན་ཆིབས་ཞབས་ཁོངས་སུ་མེད་པ་དང།༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནི་མགོན་པོ་གང་ཉིད་ནས་ཐུགས་ཉེ་ངོའི་ཐུགས་ཞེན་ཡོད་མུས་སྐབས་དེར་ཆིབས་ཞབས་ཁོངས་ཡོད་པ་དང། དེ་དུས་༸རྒྱལ་བའི་སྐུ་འཁོར་ཞབས་འབྲིང་པ་རྣམས་ཀྱི་ཁྲོད་གྲོ་མོ་ནས་ལྷ་སར་ཕྱིར་ཕེབས་གནང་དགོས་ཞུ་མཁན་ཁག་གཅིག་དང། ཡང་རྒྱ་གར་ལ་ཕེབས་དགོས་ཞུ་མཁན་ཁག་གཅིག་བཅས་ཀྱིས་ཐུགས་དོགས་མ་ཆོད་པའི་ཛ་དྲག་གི་གནས་ཚུལ་འོག་བོད་དུ་མིས་ཐག་མ་ཆོད་ན་ལྷར་འདྲི་བའི་སྲོལ་རྒྱུན་ཡོད་པ་ལྟར་སྐབས་དེར་དུང་དཀར་དགོན་པར་དོལ་རྒྱལ་གྱི་སྐུ་རྟེན་ཡོད་པ་དང། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ཀྱང་མཚམས་སྦྱར་འབྲས་དོལ་རྒྱལ་ཁོག་ཏུ་བརླམས་པ་ལ་ལུང་འདྲི་གནང་བ་དེ་ནས་འབྲེལ་བ་ཐོག་མར་བྱུང་བ་ཡིན།

འཕྲིན་བསྐུལ་སྐོར།   སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་གདན་འཇགས་ཡུལ་གྲོ་མོ་དུང་དཀར་དགོན་གྱི་སློབ་དཔོན་ལས་སྣེ་སྤྱི་མགྲིན་དང། དོལ་རྒྱལ་ཞི་བ་འདུལ་འཛིན་ཁོག་བརླམས་བཅས་ཐུན་མོང་ནས་གསོལ་འདེབས་ནན་བསྐུལ་ཞུས་དོན་ལྟར་༸གོང་ས་མཆོག་དོལ་རྒྱལ་སྐོར་ཐུགས་རྒྱུས་མེད་པས་ཆིབས་ཞབས་ཁོངས་དོལ་རྒྱལ་དང་ཐུགས་འདྲིས་ཆེ་བ་མཚན་ཞབས་དར་ཧན་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཡོད་པ་ལ་བཀའ་མངགས་གནང་སྟེ་ནང་དོན་༸སྐྱབས་རྗེ་རིན་པོ་ཆེའི་གསུང་གང་ཞིག་༸རྒྱལ་བའི་མཚན་ཐོག་ནས་མཛད་ཁུལ་གྱིས་བསྒྲགས་པ་ཞིག་ཡིན་འདུག

༡༩༦༨ ལོར་གནས་ཆུང་ཆོས་རྒྱལ་ཆེན་པོས་༸གོང་ས་མཆོག་ལ་ཨ་སྲས་འཁྱམས་པོ་བསྟེན་རྒྱུ་འགྲིགས་ཀྱི་མི་འདུག་ཅེས་བཀའ་ལུང་ཕུལ་བ་དེ་ལ་གནད་འགག་ཅིག་ཡོད་འདུག་དགོངས་པ་ལས་གནས་ཆུང་གི་བཀའ་ལུང་ལའང་ལམ་སེང་འཇོག་མ་མཛད་པར། དེ་ནས་བཟུང་མི་ལོ་བདུན་རིང་ཐུགས་དམ་གྱི་བརྟག་པ་དང་། ཟན་བརྟག་སྔ་རྗེས་རིམ་པ། གཟིམ་ལམ་གྱི་མཚན་མ་བཅས་དང།གཞན་ཡང་དོལ་རྒྱལ་སྐོར་དང་འབྲེལ་སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་གསུང་འབུམ་རྣམ་ཐར་སོགས་ལོ་རྒྱུས་ཀྱི་ཡིག་ཆ་དུ་མར་ཉམས་ཞིབ་མཛད་དེ་དཔྱད་པ་རྫོགས་མཐར་དོལ་རྒྱལ་བསྟེན་གསོལ་བྱེད་པ་ནི། ཕན་ལས་གནོད་ཆེ་བ་དང་དགེ་ལས་སྐྱོན་ཆེ་བ་གཟིགས་ཏེ་ཐོག་མར་མགོན་པོ་གང་ཉིད་ནས་ ༡༩༧༥ ནས་མཚམས་འཇོག་གནང་། དེ་ནས་རིམ་གྱིས་བོད་མི་འབྲེལ་ཡོད་རྣམས་ལ་དགོས་མཁོ་དང་བསྟུན་ཐབས་མཁས་ཀྱིས་ལམ་སྟོན་བཀའ་སློབ་སྩལ། དེ་ནས་རིམ་གྱིས་གནས་ཚུལ་འཕེལ་རིམ་གྱིས་ངོ་དང་བསྟུན་བསྟན་པའི་དག་ཐེར་བླ་ན་མེད་པར་དགོངས་ཏེ་ཡོངས་གྲགས་སུའང་བཀའ་སློབ་ལམ་སྟོན་རྒྱུན་མར་མཛད་པ་ཀུན་ལ་གྲགས་པ་ལྟར་ཡིན།ལྷག་དོན་དུ་བཀའ་སློབ་སྔ་རྗེས་སུ། “༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པས་རང་ཚུགས་མ་ཟིན་པར་༸རྒྱལ་དབང་གོང་མའི་ལམ་ལ་ཏག་ཏག་འགྲོ་མ་ཐུབ་པའི་ནོར་འཁྲུལ་དང་པོ་དེ་དུས་བྱས་པ་རེད” ཅེས་གང་ཉིད་ཀྱི་ནོར་འཁྲུལ་ལ་ནོར་འཁྲུལ་དུ་གཟིགས་ཏེ་དེ་ནོར་བ་ཡིན་པ་ཡོངས་གྲགས་ཀྱི་སར་ཞལ་བཞེས་མཛད་པ་ནི་ཁེངས་དྲེགས་དང། རློམ་སེམས་མེད་པར་དྲང་སྲོང་བདེན་སྨྲའི་ངང་ཚུལ་གསལ་བར་སྟོན་པའི་རླབས་ཆེན་གྱི་མཛད་བཟང་ཞིག་ཡིན། ལར་ནས་བཀའ་སྔ་ཕྱི་གཉིས་མི་མཐུན་པ་ཡོད་ན། འདུལ་བའི་གཞུང་མཐའ་དག་ནང་རྗེས་བཅས་མུ་དགུ་གསུངས་པའི་ནང་སྟོན་པ་རང་ཉིད་ཀྱིས། “ གནང་བའི་རྗེས་སུ་དགག་པ་དང། དགག་པའི་རྗེས་སུ་གནང་བ་སོགས་” ཞིབ་པར་གསལ་བ་འདུལ་འཛིན་ཀུན་གྱིས་མཁྱེན་གསལ་ལྟར་སྟོན་པ་སངས་རྒྱས་རང་ཉིད་ནས་སྔར་གནང་བ་དེ་ཡང་ཕྱིས་དགག་བྱ་དགོས་པ་དམིགས་བསལ་ཞིག་ལ་དགོངས་ཏེ་དགག་པར་མཛད་པ་དེ། དུས་ད་ལྟའི་བར་འདུལ་བ་འཛིན་པ་མཐའ་དག་གིས་མགྲིན་གཅིག་ཏུ་ཕྱི་མ་གལ་ཆེ་བ་འཛིན་ཅིང། དེ་ལྟར་ཉམས་བཞེས་ཀྱང་མཛད་པ་ཡིན་ཏེ། གཞན་དུ་ན་སྟོན་པས་ཐོག་མར་གནང། དེ་ནས་དགག་པ་དེ་རྗེས་འཇུག་དག་གིས་བསྒྲུབ་མི་ཤེས་པར་འགྱུར་བ་ལས།འདུལ་འཛིན་ཡོངས་ཀྱི་གཙུག་རྒྱན་ཀུན་མཁྱེན་མཚོ་སྣ་བས་མཚོ་ཊིག་ལས། སྒྲུབ་མི་ནུས་པའི་བཅས་པ་མེད་པར་གསུངས་པ་དང་འགལ་ལོ། ། དེ་ལྟར་གསུང་སྔ་མ་སྔ་མ་ལས། ཕྱི་མ་ཕྱི་མ་དབང་བཙན་པའི་རྒྱུ་མཚན་དེ་ལྟར་ལགས།   དཔེར་ན་སྔོན་འགྲོའི་སློབ་སྦྱོང་སྐབས་ཀྱི་གོ་རྟོགས་ལས་གཞི་རིམ་སྐབས་ཀྱི་གོ་རྟོགས་ཆེ་བ་དང་། གཞི་རིམ་ལས་ཀྱང་མཐོ་སློབ་སྐབས་ཀྱི་གོ་རྟོགས་དེ་དབང་བཙན་པ་ཡོད་པ་དེ་དག་ཚན་རིག་པས་དཔྱད་པ་བྱེད་སྟངས་དང་ཡོངས་སུ་མཐུན་པ་ཡིན།

སིངྒ་སྤུར་དོལ་རྒྱལ་ཚོགས་པས་འགྲེམས་སྤེལ་བྱས་པའི་ཡིག་ཆའི་ནང། དགེ་བཤེས་རབ་བརྟན་དང་། བླ་མ་ཐུབ་བསྟན་ཡེ་ཤེས་གཉིས་ཀྱིས་སྐུ་ཚེ་མཐའ་མའི་བར་དོལ་རྒྱལ་བསྟེན་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོས་དོལ་རྒྱལ་བསྟེན་ཕྱིན་སྐྱེ་སྲིད་ཚད་ལྡན་ཞིག་ཕེབས་རྒྱུ་ཁག་པོ་ཡིན་གནས་གསུང་འདུག། ཡིན་ནའང་ཁོང་གཉིས་ཀྱི་ཡང་སྲིད་ཕེབས་ནས་ངོས་འཛིན་ཞུས་ཟིན་པ་རེད་ཅེས་བརྗོད་ཐད།

དང་པོ་ཁོང་གོང་མ་རྣམ་གཉིས་དང་ད་ལྟའི་སྐྱེ་སྲིད་གཉིས་བར་ཤེས་ཡོན་ཆེ་ཆུང་དང་། འཕྲིན་ལས་འགྲོ་དོན་ཆེ་ཆུང། རྗེས་འཇུག་མང་ཉུང་། གྲགས་པ་ཆེ་ཆུང་བཅས་ལྕི་ཡང་བསྡུར་ཏེ་གོང་མ་གཉིས་དང་མཉམ་པ་མི་འདུག་ན་དེའི་སྐྱོན་སྔོན་མའི་སྐབས་ནས་ཤོར་བའི་རྟགས་རེད། གཞི་ནས་༸གོང་ས་༸སྐྱབས་མགོན་ཆེན་པོས་སྐྱེ་སྲིད་ཡོང་མི་ཐུབ་ཅེས་བཀའ་ནམ་ཡང་གནང་མེད། སྐྱེ་སྲིད་ཡོང་ངེས་ལ་དེའི་སྐུ་ཚེ་མཛད་པ་མཐར་ཕྱིན་པ་ཡོང་གི་མ་རེད་ཅེས་གསུངས་ཡོད། དེ་ནི་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོ་དང། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ཀྱི་ཡང་སྲིད་ཀྱི་མཛད་འཕྲིན་གོང་མ་གཉིས་དང་བསྡུར་ན་གནམ་སའི་ཁྱད་པར་ཡོད་པ་མཐོང་གསལ་ཡིན། དེ་ནི་སྐུ་གོང་མ་གཉིས་ཀྱིས་དམ་སྲི་དོལ་རྒྱལ་བསྟེན་གསོལ་གནང་དྲགས་པའི་ལན་པ་ཡིན་པ་གསལ་པོ་རེད། ༸གོང་ས་ཆེན་པོས་༸སྐྱབས་རྗེ་ཁྲི་བྱང་སྐུ་གོང་མ་འཚོ་ཞུགས་སྐབས་༸སྐྱབས་རྗེ་ཕ་བོང་ཁ་བླ་མ་བསམ་གྱིས་མི་ཁྱབ་པ་རེད། དོལ་རྒྱལ་གྱིས་རྐྱེན་པས་སྐུ་ཚེ་སྨད་ལ་བྱུས་ཉེས་ཀྱི་གནས་ཚུལ་གང་བྱུང་མཁྱེན་གསལ་རེད། མ་འོངས་པར་༸སྐྱབས་རྗེ་རིན་པོ་ཆེའི་ཡང་སྲིད་ཕེབས་པ་ཙམ་དུ་མ་ཟད། མཛད་འཕྲིན་རྒྱས་པོ་བཟང་མཐའ་འཁྱོངས་པ་ཞིག་དགོས་པས་དེ་ལུགས་དགོངས་བཞེས་གཟབ་ནན་དགོས་པའི་ཞུ་བསྐུལ་ནན་པོ་གནང་ཡོད་རུང་། ངེས་པ་དོན་ལ་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་ཇི་ལྟར་ཡིན་རུང་། ད་ལྟའི་མཆོག་སྤྲུལ་གྱི་མཛད་པ་ལས་དོལ་རྒྱལ་དང་འབྲེལ་བས་༸སྐྱབས་རྗེ་ཕ་བོང་ཁ་པའི་ཡང་སྲིང་རྒྱུན་མར་མཛད་འཕྲིན་རླབས་པོ་ཆེ་མེད་པ་ལྟར་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་ལའང་དེ་ལྟ་བུ་ཐོག་ཏུ་བབས་པ་ཡིན་པ་ཕལ་ཆེར་ངེས་པ་འདྲེན་ནུས། དོལ་རྒྱལ་བསྟེན་གསོལ་བྱས་ཕྱིན་གྲ་མ་འགྲིགས་ཀྱི་གནས་ཚུལ་བྱུང་བ་ལས་འཕྲོས་ཏེ་བཟོད་པ་རིན་པོ་ཆེས། “འཛམ་གླིང་སྤྱི་དང་ཡང་སྒོས་བོད་ཁ་བ་གངས་ཅན་པ་རྣམས” ཞེས་རྩོམ་བྲིས་གནང་བའི་ནང། དོལ་རྒྱལ་ཤུགས་ཆེན་པོ་བསྟེན་མཁན་མང་པོ་མཐར་ཐུག་ཉེན་ཁ་ཆེན་པོའི་ངང་གྲོངས་དགོས་པ་བྱུང་ཡོད། དཔེར་ན་སེར་སྨད་གྲྭ་ཚང་གི་དགེ་བཤེས་ཡེ་ཤེས་དབང་ཕྱུག་ཅེས་མཁས་པ་ཁོང་བོད་ནང་ཁུལ་རླངས་འཁོར་ནང་ཕེབས་སྐབས་ལ་ཆེན་པོ་ཞིག་ཏུ་སླེབས་དུས་རླངས་འཁོར་ནང་མི་མང་པོ་ཡོད་ཀྱང་ཁོང་གཅིག་པུ་རླངས་འཁོར་གྱི་སྒེའུ་སྒོ་ནས་གཡང་ས་ཆེན་པོར་ཆུའི་ནང་ལྷུང་སྟེ་གྲོངས་པ་འདི་འདྲ་བྱུང་ཡོད། ཅེས་འཁོད་འདུག

གནས་ཚུལ་འབྱུང་ཁུངས་གཞན་ལྟར་ན། དགེ་བཤེས་ཁོང་སྨད་ཕྱོགས་སུ་དོལ་རྒྱལ་ཁྱབ་སྤེལ་སླད་གདན་ཞུ་ལྟར་ཕེབས་སྐབས་བྱུས་ཉེས་འདི་བྱུང་བ་རེད་འདུག།                                                            ཡང་བཟོད་པ་རིན་པོ་ཆེའི་རྩོམ་ཡིག་དེ་གའི་ནང། དུས་གསུམ་༸རྒྱལ་བ་ཀུན་ལས་བཀའ་དྲིན་ཟླ་མེད་མཚན་བརྗོད་པར་དཀའ་བ་བདག་གི་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ཐུབ་བསྟན་ཡེ་ཤེས་མཆོག་གིས་དོལ་རྒྱལ་ཤུགས་ཆེན་པོ་བསྟེན་པ་གནང་བ་བཞིན། ཞིང་དུ་གཤེགས་སྐབས་ལྗགས་དབུགས་མ་ཆད་གོང་དོལ་རྒྱལ་ཡང་དག་མ་ཡིན་པའི་རྣམ་པ་གསལ་པོ་བསྟན་པ་ནི་ང་རང་དགེ་དམ་པ་སྐུ་གཤེགས་ཁར་མཉམ་དུ་ཡོད་པའི་ཉམས་མྱོང་ཡོད་ཅེས་གསལ་འདུག། དེ་ནི་སྐུ་གཤེགས་ཁར་ཞལ་འཆེམས་ལྟ་བུ་ཡིན། གལ་ཏེ་དོལ་རྒྱལ་ཡང་དག་པ་ཞིག་ཡིན་ན། ངས་ཀྱང་བསྟེན་པ་ཡིན། ཁྱེད་ཀྱིས་ཀྱང་དེ་ལྟར་བསྟེན་དགོས། ཞེས་གསུང་དགོས་ཀྱང་དེ་ལྟར་མ་གསུངས་པ་དེ་ལ་རྒྱུ་མཚན་ཆེན་པོ་ཞིག་ཡོད་པར་སྣང། སྐྱེས་བུ་དམ་པ་རྣམས་སྐུ་གཤེགས་སྐབས་ཞི་བར་གཤེགས་པ་དང་། བདེ་བར་གཤེགས་པ་ཞེས་ཐུགས་དམ་ལ་བཞུགས་པའི་གནས་ཚུལ་ཡོང་གི་ཡོད། རྒན་ཐུབ་བསྟན་ཡེ་ཤེས་གཤེགས་ཁར་སྐུ་གཟུགས་ཧྲེང་སྟེ་འདྲེ་ཞུགས་པ་ལྟར་སྤྱན་གཉིས་ཕྱིར་ཐོན་པའི་གནས་ཚུལ་བྱུང་ཡོད། ཡང་སྲིད་ཀྱིས་འགྲོ་དོན་བསྐྱང་རྒྱུ་ཕར་བཞག ཆོས་འགོ་ཡང་མ་ཐོན་པར་ཆོས་ལ་དད་པ་ཙམ་ཡང་མེད་པའི་ངང་ཚུལ་འདི་དོལ་རྒྱལ་བསྟེན་པའི་འཕྲིན་ལས་ཡིན་ནམ་ཅི།

དེང་སང་ཤུགས་ལྡན་བསྟེན་གསོལ་རྗེས་འབྲང་པ་ཉུང་ཤས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་ཁག་ཏུ་འགྲོ་དོན་ལ་ཕེབས་སྐབས་ཆོས་དད་རང་དབང་དགོས་ཞེས་སྐད་འབོད་བྱེད་པ་ནི་གང་ཞིག་ཆོས་དད་རང་དབང་ཡིན་མིན་མི་ཤེས་པའི་གླེན་རྟགས་བསྟན་པ་ཞིག་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོས་བཀའ་སློབ་གསུང་བཤད་སྔ་རྗེས་གནང་བའི་ནང། སྤྱིར་ཆོས་བྱེད་དང་མི་བྱེད་སོ་སོའི་རང་དབང་དང་། ཆོས་བྱེད་པའི་དབང་དུ་བཏང་ན་ཆོས་ལུགས་གང་ཞིག་བྱེད་མིན་དེ་ཡང་སོ་སོའི་ཐོབ་ཐང་དང་རང་དབང་དང། ཆོས་བྱས་ཕྱིན་ཆོས་ལུགས་གང་ཞིག་ཡིན་པ་དེའི་བཅས་མཚམས་དང་སྒྲིག་སྲོལ་བཅས་དང་མཐུན་པ་བྱེད་དགོས། དོལ་རྒྱལ་གྱི་གནད་དོན་ཐད། སྔོན་བྱུང་གི་ལོ་རྒྱུས་བཅས་པ་གསལ་པོ་ཤེས་ནས་མ་བཤད་ན་ངའི་ནོར་འཁྲུལ་རེད། བཤད་ནས་མ་ཉན་ན་ཁྱེད་རང་ཚོའི་ནོར་འཁྲུལ་རེད། གནོན་ཤུགས་དང་བཙན་མནོན་གཏོང་མཁན་སུ་ཡང་མེད། དོལ་རྒྱལ་བསྟེན་ཕྱིན་ང་དང་རང་བཞིན་འབྲེལ་ཐག་རྒྱང་དུ་འགྲོ་བས། ངའི་ས་ནས་ཆོས་འབྲེལ་དང་སྡོམ་པ་ཞུ་བར་ཡོང་ན་མི་འགྲིགས། ངས་རྒྱུན་དུ། ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། ཉན་དང་མི་ཉན་སོ་སོའི་བསམ་བློ་རེད། ཅེས་ལན་དུ་མར་བཀའ་གནང་ཡོད། འོན་ཀྱང་དོལ་རྒྱལ་གྱི་རྗེས་འབྲངས་པས་༸རྒྱལ་བའི་བཀའ་གསལ་པོ་ཐོས་ཀྱང་མ་ཐོས་པའི་འཁྱོག་བཤད་ཀྱིས་ཆོས་དད་རང་དབང་དགོས་ཟེར་བ་ནི་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས་ཆེད་མངགས་རྙོག་དྲ་བཟོས་པ་ལས་དེ་ལ་བདེན་པའི་ཆ་སྤུ་ཙམ་ཡང་མེད། དཔེར་ན། ༸གོང་ས་ཆེན་པོས་བོད་ཀྱི་གནད་དོན་སྐོར་ཡང་ཡང་བསྒྲགས་གནང་དོན། ངས་རང་བཙན་རྩོད་ཀྱི་མེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་ས་གནས་མི་རིགས་རང་སྐྱོང་གི་ཐོབ་ཐང་ཞེས་པ་འདི་ང་ཚོར་ཁ་ཡོད་ལག་ཡོད་ཀྱི་རང་སྐྱོང་གི་ཐོབ་ཐང་དགོས་ཞེས་ཡང་ཡང་གསུངས་ནས་ད་བར་ལོ་ ༣༠ སྐོར་འགྲོ་གི་ཡོད། འོན་ཀྱང་རྒྱ་དམར་གཞུང་ཕྱོགས་ལ་བོད་དོན་དཀའ་རྙོག་སེལ་འདོད་མེད་པར་བརྟེན་༸གོང་ས་མཆོག་གི་བཀའ་ལ་སྒྲོ་བཏགས་ཏེ་དེ་ནི་རྣམ་པར་འགྱུར་བའི་རང་བཙན་དང། ཕྱེད་རང་བཙན་རྩོད་པ་ཞིག་རེད། ཅེས་དོན་དངོས་ལས་གཡོལ་གང་ཐུབ་བྱེད་བཞིན་ཡོད། དེ་ལྟར་རྒྱ་དམར་གཞུང་གིས་རང་བཙན་ལ་བསྙད་དེ་གཡོ་ཐབས་ཀྱིས་དུས་འདའ་བ་དང། དོལ་རྒྱལ་རྗེས་འབྲང་པས་ཆོས་དད་རང་དབང་ལ་བསྙད་དེ་གཡོ་ཐབས་སྣ་ཚོགས་བྱེད་བཞིན་པ་གཉིས་དོན་ལ་ཁྱད་པར་མེད་པར་སྣང་།

༸གོང་ས་༸སྐྱབས་མགོན་ཆེན་པོས་དོལ་རྒྱལ་བསྟེན་ཕྱིན་ངའི་ས་ནས་ཆོས་འབྲེལ་དང་སྡོམ་པ་ཞུ་བར་མ་ཡོང་ཞེས་གསུངས་པ་ལས། དོལ་རྒྱལ་བསྟེན་གསོལ་མི་ཆོག་ཅེས་བཙན་བཀའ་ནམ་ཡང་གནང་མེད། དབྱིན་ཡུལ་དུ་ཡོད་པའི་གྲྭ་བསྐལ་བཟང་རྒྱ་མཚོས་ཁ་ནས་བཤེས་གཉེན་བསྟེན་པའི་ཕན་ཡོན་དང། བསྟེན་ཚུལ་ལོག་པའི་ཉེས་དམིགས་ཤོད་ཀྱི་ཡོད། ཁོ་རང་གིས་དེ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ལན་གཅིག་མ་ཡིན་པར་ལན་མང་པོ་ཞུས་ཡོད། འོན་ཀྱང་ཁོ་རང་ནི་ཚེ་ཕྱི་མ་ལས་འདི་གང་གཙོ་ཆེ་བ་དོན་གཉེར་བྱེད་མཁན་ཞིག་ཡིན་སྟབས་རྡོ་རྗེ་སློབ་དཔོན་ལ་སྐུར་འདེབས་ཞུ་བ་དང། ལས་འབྲས་ཁྱད་དུ་བསད་དེ་རང་གི་སྣང་བར་གང་དྲན་བྱེད་ཀྱི་ཡོད། ཁོ་རང་ཐོག་མར་དབྱིན་ཡུལ་དུ་ད་ལྟའི་ཆོས་ཚོགས་ཀྱི་ཆོས་དགེར་བཏང་བ་ལས་འཛིན་བདག་བྱེད་པར་བཏང་མེད། རྗེས་སུ་ངན་པ་ཁ་མཐུན་གྱིས་ཆོས་ཚོགས་དེ་ཁོ་པ་ཚོའི་མིང་ཐོག་མིང་བསྒྱུར་གྱིས་མ་བདག་བདག་ཏུ་བཟུང་བའི་རྩོད་ཅན་ཞིག་ཡིན་པ། ལོ་རྒྱུས་ལ་ཉམས་ཞིབ་བྱས་ན་གསལ་པོ་ཤེས་ཐུབ། ད་དུང་ལས་འབྲས་སྤངས་བླངས་སྐོར་ཆོས་བཤད་བྱེད་པ་ནི་རྒོད་ཤོར་བའི་གནས་ཡིན། དེ་ཡང་ཇི་སྐད་དུ། དེང་སང་ཆོས་པ་དག་ལས་ཟོག་པོ་བྲིན། །དྲང་པོའི་མི་བས་གཡོ་ཅན་དཔུང་པ་དར། །སྡིག་ཅན་སོག་ལེའི་སེམས་ལྡན་གྲྭ་གཟུགས་འགས། །ཕན་བདེའི་ཁྲི་ཤིང་གཅོད་པ་མི་འགྱུར་གྲང། ཞེས་གསུངས་པའི་དོན་དེ་ད་ལྟ་ཐོག་ཏུ་བབ་པ་ཡིན་པ་གདོན་མི་ཟའོ། །

རྒྱ་དམར་གྱིས་བོད་ནང་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་དཔར་སྒྲིག་གཤོམས་མི་ཆོག་པའི་བཙན་བཀའ་བཏང་བ་ཇི་བཞིན། སྐལ་བཟང་རྒྱ་མཚོས་ཀྱང་ཁོ་པའི་ཆོས་ཚོགས་ཀྱི་ཁོངས་སུ་༸གོང་ས་ཆེན་པོའི་སྐུ་དཔར་སྒྲིག་གཤོམས་བྱེད་མི་ཆོག་པ་དང། ཁོ་རང་གི་ས་ནས་ཆོས་ཞུས་ཕྱིན་གཞན་གྱི་ས་ནས་ཆོས་ཞུས་མི་ཆོག་པའི་དམ་དྲག་བྱས་པ་ཁོ་པའི་ཁྱབ་ཁོངས་ལ་ཁོ་པའི་རང་དབང་ཡིན་པས་རྩོད་མཁན་མེད། དེ་བཞིན་ད་བར་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གྱི་དགོན་པ། ཆོས་ཚོགས་བཅས་ཉུང་ཤས་ཡོད་པ་དེ་དག་གིས་དོལ་རྒྱལ་བསྟེན་གསོལ་བྱས་དང་བྱེད་བཞིན་ཡོད་པ་དེ་ནི་ཁྱེད་ཚོས་དོལ་རྒྱལ་བསྟེན་པའི་རང་དབང་སུས་ཀྱང་འཕྲོག་མེད་པ་དོན་དངོས་ཀྱི་དཔང་པོ་ཡིན། ད་དུང་ཆོས་དད་རང་དབང་དགོས་ལུགས་ཞེས་སྐད་འབོད་བྱེད་པ་ངོ་མི་ཚའམ། ཆོས་དད་རང་དབང་ཁ་ལ་ཁྱེར་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སོགས་ཀྱིས་མཛད་པར་འགལ་རྐྱེན་གང་ཐུབ་བྱེད་པའི་དགོས་པའི་གཙོ་བོ་ནི་ཆོས་མིན་གྱི། འདི་སྣང་བྱིས་པས་ཆོས་མིན་ཆོས་སུ་རློམས་ཏེ་ཆོས་ཀྱི་རྒྱལ་པོར་རྒོལ་བའི་རང་གི་བླུན་རྟགས་ཕྱི་ལ་མངོན་པའི་སྙིགས་མའི་ངང་ཚུལ་ཁོ་ནར་ཟད་དོ། །

གལ་ཏེ་ཁྱེད་ཚོས་སྐད་ལོག་བརྒྱབ་སྟེ་ནང་པ་སྤྱི་དང་།བྱེ་བྲག་དགེ་ལུགས་པའི་ཁྲོད་དུ་ཕོ་རོག་དཀར་པོར་ལུས་མི་དགོས་པ་ཞིག་ཡོང་རེ་བྱེད་པ་དེ་ནི་རེ་སྟོང་རེད། སྤྱི་མཚུངས་ཀྱི་སྤངས་བླངས་ཚུལ་བཞིན་བྱས་ཏེ་སྒྲིག་རང་འཁུར་སྡོམ་པ་རང་སྲུང་བྱས་ན་ཡག་པོ་ཡོད།དེ་མིན་བཙན་བྱོལ་བའི་མིང་ཁུར་ནས་བཙན་བྱོལ་ལ་འགྲོ་དགོས་པ་བཟོ་མཁན་ཕ་རོལ་པོར་མགོ་འབུལ་ལུས་འབུལ་གྱིས་ལོག་འཚོ་དང་། སྡིག་ལས་མཐར་ཐུག་ལ་དགའ་མགུར་འཇུག་བཞིན་གྱི་མི་ཚེ་སྐྱེལ་ཐབས་བྱེད་པ་ནི་འདི་ཕྱི་གང་ལའང་ཁུངས་འཁྱོལ་ཐབས་མེད་པ་ཤེས་དགོས།།

སེངྒ་སྤུར་ཡོད་པའི་ཤུགས་ལྡན་ཚོགས་པས་༸རྒྱལ་བ་ཀརྨ་པ་སྐུ་གོང་མས་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་བསྟེན་པ་གནང་གི་ཡོད་པ་མཁྱེན་རྟོགས་ཡོད་ཀྱང། ཁོང་རྣམ་གཉིས་ཀྱི་སྐུ་ཚེའི་རིང་ཐུགས་འདྲིས་ཆེན་པོ་ཡོད་སྐོར་བརྗོད་པའི་ཐད།

བཀའ་བརྒྱུད་ཀྱི་སྐྱེས་ཆེན་རྣམ་པས་རྒྱལ་པོ་ཤུགས་ལྡན་གྱི་མིང་ཐོས་པ་ཙམ་གྱིས་མི་ཤིས་པའི་རྣམ་རྟོག་དང། དྲེགས་པ་མི་བསྲུན་པ་ཞིག་ཏུ་བརྩིས་ཏེ་མཉེས་པོ་གནང་གི་མེད། དཔེར་ན། འབྲུག་པ་བཀའ་བརྒྱུད་པའི་ཡོངས་འཛིན་ཡེ་ཤེས་གྲུབ་པས་ཤུགས་ལྡན་ཤིན་ཏུ་མི་བསྲུན་པའི་དྲེགས་པ་ཆོས་བྱེད་ལ་གནོད་འཚེ་བྱེད་མཁན་ཞིག་ལ་ངོས་འཛིན་གནང་སྟེ་བཀའ་བསྒོ་དམ་འདོགས་གནང་ཡོད། སྐབས་དེར་ཤུགས་ལྡན་རང་ཉིད་ཀྱིས་ཀྱང་ཁོ་བོར་འཁོརཤིན་ཏུ་གདུབ་རྩུབ་ཆེ་བའི་འབྱུང་པོ་མང་དག་ཡོད་པ་ངོས་ལེན་ཞུས་པ་གང་གི་རྣམ་ཐར་གྱི་ཤོག་གྲངས་ ༡༡༧ ནང་གསལ་འཁོད་ཡོད།

༸རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༦ པ་རིག་པའི་རྡོ་རྗེ་མཆོག་དང་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ཐུགས་འདྲིས་ཆེན་པོ་ཡོད་པ་དངོས་འབྲེལ་རེད། འོན་ཀྱང་དོལ་རྒྱལ་གྱི་ཐོག་གཟིགས་ཕྱོགས་མི་བདེ་བ་ཡོད་པ་ནི། དཔེར་ན། ཐེངས་གཅིག་༸རྒྱལ་བ་ཀརྨ་པ་མཆོག་སྒང་ཏོག་ནས་བཞུགས་སྒར་དྷ་རམ་ས་ལར་༸གོང་ས་མཆོག་༸སྐྱབས་མགོན་ཆེན་པོའི་མཇལ་ཁར་ཕེབས་པ། དེ་སྐབས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་དུ་ཕེབས་ཞོར་༸སྐྱབས་རྗེ་རིན་པོ་ཆེ་མཇལ་འཕྲད་དུ་ཕེབས་རྒྱུའི་བླ་བྲང་ལ་བརྡ་འབྱོར་སྐབས་༸སྐྱབས་རྗེ་རིན་པོ་ཆེས་ཤུགས་ལྡན་གྱི་ཟླ་བསྐང་གཏོང་བ་གནང་རྒྱུའི་མཆོད་པ་བསྒྲིག་གཤོམས་ཟིན་པ། ཀརྨ་པ་རིན་པོ་ཆེ་ཤུགས་ལྡན་ལ་མཉེས་པོ་མེད་སྟབས། གློ་བུར་མཆོད་པ་རྣམས་བསྡུ་གསོག་བསྐྱོན་དགོས་ཀྱི་ཐུགས་བྲེལ་བྱུང་ཞེས་ཁྲི་བྱང་རིན་པོ་ཆེ་རང་གི་ཞལ་ནས་བཀའ་གནང་ཡོད་པ་ཡོངས་གྲགས་ཡིན། ཅི་སྟེ་དོལ་རྒྱལ་ཚད་ལྡན་གྱི་སྲུང་མ་ཡིན་པའི་ཚད་ལྡན་གྱི་མདོ་རྒྱུད་ཀྱི་ཁུངས་ཡོད་ན། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ལུང་རིགས་ཀྱིས་བརྒྱན་ཏེ་ཀརྨ་པ་རིན་པོ་ཆེས་དོལ་རྒྱལ་གྱི་ཐོག་བཅངས་པའི་རྣམ་རྟོག་རྣམས་སེལ་ཐབས་མཛད་དགོས་ཤིང་། བཀའ་བརྒྱུད་པའི་བླ་ཆེན་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དང་ཐུགས་འདྲིས་ཤིན་ཏུ་ཆེ་བ་ཞིག་ཕེབས་སྐབས་ཅི་སྟེ་དོལ་རྒྱལ་༸འཇམ་མགོན་རྒྱལ་བའི་བསྟན་སྲུང་ངམ་དྲེགས་པ་ཚད་ཐུབ་ཡིན་ན། བསྐང་གསོ་གནང་སར་ཡང་ཀརྨ་པ་བཞུགས་སུ་གསོལ་ཆོག་པ་ལ། དེ་ལྟར་མཛད་སྟངས་ཞན་སྟབས་ཀྱི་དོལ་རྒྱལ་གྱི་མཆོད་པའང་བསྡུ་དགོས་པ་ཅི་ལ་ཐུག་སོམས་ཤིག

སིངྒ་སྤུར་ཡོད་པའི་ཤུགས་ལྡན་ཚོགས་པས་༸སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་ལྷན་བཞུགས་ཀྱི་སྐུ་པར་བཀྲམས་ནས་རྣམ་པ་གཉིས་ཀས་དོལ་རྒྱལ་བསྟེན་པ་གནང་གི་ཡོད་པའི་ར་སྤྲོད་ཐུབ་ཐབས་བྱེད་པ་དང། དེ་བཞིན་གླིང་རིན་པོ་ཆེས་ཤུགས་ལྡན་གྱི་འཕྲིན་བསྐུལ་ལྗགས་རྩོམ་མཛད་ལུགས་བརྗོད་པའི་ཐད།

ཡོངས་འཛིན་སྐུ་གཞོན་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ཤུགས་ལྡན་བསྟེན་པ་གནང་གི་ཡོད་པ་ཡོངས་གྲགས་རེད།ཡོངས་འཛིན་སྐུ་བགྲེས་པ་གླིང་རིན་པོ་ཆེས་དོལ་རྒྱལ་ནམ་ཡང་བསྟེན་པ་གནང་མྱོང་མེད་པ་ཚིག་ཐག་བཅད་དེ་བརྗོད་ཆོག་པ་ཞིག་རེད།སྔོན་དུ་གསལ་བཤད་རིམ་པ་བྱས་པ་ལྟར། དེ་སྔ་ ༡༩༦༩ ཡས་མས་ཙམ་ལ་ཝར་ཎ་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་ངེས་སྟོན་པ་ཟོང་རིན་པོ་ཆེའི་བརྒྱུད་ནས་བྱུང་བའི་སྐབས་དེའི་དགེ་ལུགས་པའི་དགེ་ལས་སློབ་ཕྲུག་ཐུན་མོང་གི་ཞུ་ངོ་མ་བཟློག་པར་༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་མཛད་པའི་རྣམ་གྲྭའི་སྲུང་སྤྱིའི་འཕྲིན་བསྐུལ་གསེར་གཞུན་མ་གཞིར་བཞག་གིས་ཚིག་བསྒྱུར་ཕྲན་བུ་གནང་བ་ལས་གསར་རྩོམ་གནང་མེད་པ་ནི་༸རྒྱལ་བ་བསྐལ་བཟང་གི་གསུང་དེ་མཇལ་བས་ཀྱང་ཤེས་ནུས།ལོ་རྒྱུས་ཐོག་སྐྱེས་ཆེན་དམ་པ་རྣམས་ལ་གང་ཉིད་ཐུགས་འདོད་ཡོད་མིན་ལ་མ་ལྟོས་པར་ཆོས་འབྲེལ་ཡོད་པའི་སློབ་མ་སྦྱིན་བདག་སོགས་ནས་རྩོམ་བསྐུལ་ཞུས་ཚེ་དེ་དག་གི་རེ་བ་བསྐང་ཕྱིར་ལྗགས་རྩོམ་གནང་གི་ཡོད།དཔེར་ན། སྟག་ཕུ་པདྨ་བཛྲས་ས་དགེ་བཀའ་རྙིང་རིས་མེད་གནང་གི་ཡོད།བོན་ཆོས་ཀྱི་ཕྱག་ལེན་མེད་ཀྱང་དད་ལྡན་འགའ་ཞིག་གི་ཞུ་ངོར་བོན་དང་འབྲེལ་བ་ཡོད་པའི་བཀའ་རྩོམ་གནང་བ། རྗེས་སུ་སྟག་ཕུའི་གསུང་འབུམ་ཕྱོགས་སྒྲིག་གནང་སྐབས་རྗེ་ཕ་བོང་ཁ་པས་ཕྱིར་འཐེན་གནང་ཡོད།

ཡོངས་འཛིན་གླིང་རིན་པོ་ཆེའི་ཞལ་སློབ་ལྡན་མ་བློ་ཆོས་རིན་པོ་ཆེས། “ཕྲན་རང་རྒྱ་བོད་གཉིས་ཀར་༸སྐྱབས་རྗེ་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་མདོ་སྔགས་ཀྱི་ཆོས་ཚུལ་ཟབ་མོ་སྤྱི་དང། གཞན་ཡང་བཀའ་རྒྱ་དམ་པོ་གནང་བའི་གདམས་ངག་ཟབ་ཁྱད་ཅན་རྣམས་བཀའ་དྲིན་སྩལ་ཏེ་མཉེས་བཞིན་རྗེས་སུ་བཟུང་བའི་སྐལ་བཟང་ཐོབ་སྟེ་ཆོས་ཀྱི་སློབ་སྦྱོང་དང་། སྒོམ་སྒྲུབ་ཀྱི་རིམ་པ་སོགས་བཀའ་སློབ་མང་པོ་སྩལ་མྱོང་ཡང། རྡོ་རྗེ་ཤུགས་ལྡན་བསྟེན་དགོས་པའི་བཀའ་སློབ་ནམ་ཡང་གནང་རིགས་མ་བྱུང། ༸སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཟླ་རེ་བཞིན་རྒྱལ་པོ་སྐུ་ལྔ་དང་གནས་ཆུང་རྡོ་རྗེ་གྲགས་ལྡན་གྱི་གསུང་བསྐང་ཆག་མེད་གནང་སྐབས་ཕྲན་རང་ལན་མང་བཅར་མྱོང་” ཞེས་དང།

ཡོངས་འཛིན་གླིང་རིན་པོ་ཆེའི་གམ་བཅར་ཞབས་ཞུ་ཡུན་རིང་གནང་མྱོང་མཁན་འབྲས་བློ་གླིང་ཏྲེ་ཧོར་བྱམས་པ་རིན་པོ་ཆེས། “༸སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་སྐུ་གོང་མ་འཚོ་བཞུགས་སྐབས། གང་ཉིད་ཀྱི་གསུང་འབུམ་པར་ཕུད་༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེར་འབུལ་གནང་མཛད་སྐབས། ༸སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ནས་༸སྐྱབས་རྗེ་ཡོངས་འཛིན་རྡོ་རྗེ་འཆང་ནས་ཆོས་སྐྱོང་ཤུགས་ལྡན་བསྟེན་གསོལ་གནང་གི་མེད་སྟབས་ཆོས་སྐྱོང་སྐོར་གྱི་ལེ་ཚན་རྣམས་ཟུར་ཕྱུང་གིས་ད་ལམ་མཉམ་འབུལ་ཞུས་མེད་ཅིང། གལ་སྲིད་ཐུགས་མཁོ་མཆིས་ཚེ་འབུལ་ལམ་ཞུས་ཆོག་ཅེས་ཞུ་གནང་མཛད་པར། ༸སྐྱབས་རྗེ་ཡོངས་འཛིན་གླིང་རྡོ་རྗེ་འཆང་ནས་ཆོས་སྐྱོང་སྐོར་གྱི་ལེ་ཚན་རྣམས་ཕྲན་ལ་མ་གནང་ན་འགྲིག་འཐུས་ཞེས་བཀའ་གནང་སོང་བ་དེ་ལས་གསལ་པོ་མཁྱེན་ཐུབ།” ཅེས་དང།

ཡོངས་འཛིན་གླིང་རིན་པོ་ཆེའི་ཞལ་སློབ་དེང་སང་ལ་དྭགས་སུ་བཞུགས་པ་དགའ་བླ་ཁྲི་སྤྲུལ་རིན་པོ་ཆེས། ༸སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོ་མཆོག་ཉིད་ཀྱིས་དོལ་རྒྱལ་བསྟེན་གསོལ་གནང་བའི་མཛད་པ་ཞིག་ངས་རྩ་བ་ནས་མཇལ་མ་མྱོང་བ་མ་ཟད། ༡༩༧༢ ལོར་ཕྲན་རང་ཆེད་བཅར་གྱིས་རང་ངོས་ནས་དོལ་རྒྱལ་བསྟེན་གསོལ་ཞུ་དགོས་མིན་དགོངས་སྐོར་ཞུས་པར་༸སྐྱབས་རྗེ་རྡོ་རྗེ་འཆང་གིས་བཀའ་སློབ་ཕེབས་དོན་དུ། “ ང་རང་ཚོ་འབྲས་སྤུངས་པས་བསྟེན་གསོལ་བྱེད་པའི་སྲོལ་ཡོད་པ་མ་རེད། དེ་ལས་ཀ་མང་རོགས་རེད། གཡུགས་བཞག་ཤོག། དེ་ལས་ཁྱེད་རང་གི་སྐུ་ཐོག་སྔོན་མ་ཚོས་བསྟེན་གསོལ་མཛད་པ་རྣམས་མི་ཉམས་རྒྱུན་འཛིན་དང། ལམ་རིམ་དང་བསྐྱེད་རིམ་སོགས་ཕྱག་དཔེར་རྒྱུན་དུ་ཐོས་བསམ་ཉམས་ལེན་བྱ་རྒྱུ་དེ་དགོས་གལ་ཆེ་བ་རེད།” ཅེས་བཀའ་སློབ་ཕེབས་ཡོད་པ་དང།

༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་ཆེའི་ཞལ་སློབ་ད་ལྟ་ཨ་རིར་བཞུགས་པ་རྭ་སྟོད་སྐྱོང་བླ་རིན་པོ་ཆེས་ “ བོད་དུ་བཞུགས་སྐབས་དང། ཕྱིས་རྒྱ་གར་དུ་ཕེབས་འབྱོར་རྗེས་སྐུ་གམ་དུ་ཡང་ཡང་བཅར་ཐོག་བླ་བྲང་དུ་བཅའ་སྡོད་སྐབས་༸སྐྱབས་རྗེ་རྡོ་རྗེ་འཆང་མཆོག་གིས་ཤུགས་ལྡན་བསྟེན་གསོལ་གནང་བ་གཏན་ནས་མཇལ་མྱོང་མེད་པ་མ་ཟད། རྡོ་རྗེ་ཤུགས་ལྡན་ནི་ཁོ་བོའི་དགྲ་དང། གཉེན་གང་ཡང་མིན་ཞེས་དང། བླ་བྲང་གི་སྔོན་བསྟེན་སྲུང་མ་རྣམས་ལས་གཞན་ལྷ་གསར་པ་བསྟེན་གྱི་མེད་ཅིང། ལྷ་གསར་པ་བསྟེན་རྒྱུ་དང་མི་གསར་པར་འབྲེལ་བ་བྱ་རྒྱུ་ལ་ང་ནི་དེ་ཙམ་དགའ་པོ་མེད་ཅེས་ཡང་ཡང་བཀའ་གནང་གི་ཡོད།” ཅེས་ཕེབས་ཡོད་པ་དང།

༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་ཕྱག་མཛོད་ཐུབ་བསྟན་ཚེ་རིང་ལགས་ཀྱིས། “ དེ་སྔ་བོད་དུ་དགེ་ལུགས་པའི་བླ་སྤྲུལ་མང་པོའི་ཁྲོད་དུ་ཤུགས་ལྡན་བསྟེན་གསོལ་གནང་མཁན་དང་མ་གནང་མཁན་སྣ་ཚོགས་ཤིག་བྱུང་ཡོད་པའི་དངོས་ཡོད་གནས་ཚུལ་ཚང་མས་མཁྱེན་གསལ་ལྟར་རེད། ཡིན་ནའང་བསྟེན་གསོལ་མ་གནང་མཁན་ཞིག་ལ་བསྟེན་གསོལ་གནང་གི་ཡོད་ཚུལ་ད་ཆ་ཞལ་མ་བཞུགས་པའི་སྐབས་འདིར་དགོས་དབང་ལ་བརྟེན་ནས་བདེན་མིན་གནས་ཚུལ་ཁྱབ་བསྒྲགས་གནང་བ་ནི་ཤིན་ཏུ་བློ་ཕམ་གྱི་གནས་ཚུལ་ཉེན་ཚབས་ཅན་ཞིག་རེད། ༸སྐྱབས་རྗེ་གླིང་སྤྲུལ་རྡོ་རྗེ་འཆང་མཆོག་གིས་དོལ་རྒྱལ་བསྟེན་གསོལ་གནང་གི་མེད་པ་ང་རང་ལོ་མང་རིང་སྐུ་ལ་རྟག་ཏུ་བཅར་ཏེ་ཞབས་འདེགས་ཞུ་སྐབས་དངོས་མཇལ་ཉམས་མྱོང་གི་སྟེང་ནས་དྲང་པོ་དྲང་བཞག་གིས་གསལ་བཤད་ཞུ་ཐུབ་པ་” སོགས་འགྲེལ་བརྗོད་གནང་ཡོད། དེ་ལྟར་ཨུ་ཚུགས་ཀྱིས་མི་བདེན་རྫུན་སྒྲིག་བྱས་ཏེ་རྨོངས་པ་མགོ་བསྐོར་གཏོང་བ་ནི་ཐབས་སྡུག་གི་ལས་ཀ་རེད། འོན་ཀྱང་ས་འོག་དར་འཐག་ལྟ་བུ་མ་ཡིན་པར་མངོན་དུ་བརྗོད་པ་དེས་ང་ཚོར་རྫུན་རྐུབ་རྟོལ་བའི་གོ་སྐབས་འཐོབ་བཞིན་ཡོད།།

དོལ་རྒྱལ་ཚོགས་པས་གཞིས་ཆགས་ཁག་ཏུ་སྨན་ཁང་དང་ཟ་ཁང་ནང་དོལ་རྒྱལ་བསྟེན་གསོལ་བ་ཡོང་མི་ཆོག་པ་དང། དགོན་པ་གྲྭ་ཚང་ཁག་གཅིག་གིས་དོལ་རྒྱལ་བསྟེན་གསོལ་བའི་སྐྱབས་ཞུ་བསྔོ་རྟེན་ལེན་རྒྱུ་མིན་པའི་སྒོ་བྱང་འགེལ་བའི་སྐྱོན་བརྗོད་བྱས་ཐད།

ཟ་ཁང་དང་ཚོང་ཁང་ཁག་གི་བདག་པོ་ཚོ་དང། དགོན་པ་གྲྭ་ཚང་ཁག་གཅིག་བཅས་ཀྱིས་རང་དང་དམ་ཚིག་མི་མཐུན་པ་དང་འབྲེལ་བ་བྱེད་འདོད་མི་བྱེད་པ་དང། དམ་གྲིབ་ཕོག་དོགས་ཀྱིས་འཛེམས་ཟོན་བྱེད་པ་ནི་ཁོ་རང་ཚོའི་རང་དབང་ལས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྔ་ཕྱི་བར་གསུམ་དུ་ཡིག་ངག་གཉིས་ཐོག་ནས་ཐེ་བྱུས་གནང་རིགས་གང་ཡང་མེད། གལ་ཏེ་སྒྲིག་འཛུགས་ཀྱི་ངོས་ནས་ཐེ་བྱུས་བྱས་ཡོད་ན། གཞིས་ཆགས་དང་དགོན་པ་གྲྭ་ཚང་ཁག་གཅིག་གྱུར་ཡོད་དགོས་ཚོད་དེ་ལྟར་མེད་པ་ནས་གསལ་པོ་ཡིན།

ཡང་དོལ་རྒྱལ་བསྟེན་མཁན་གྱི་ཟ་ཁང་དང་ཚོང་ཁང་གིས།   དོལ་རྒྱལ་མི་བསྟེན་མཁན་འདིར་ཡོང་མི་ཆོག་ཅེས་དང། དགོན་པ་དང་ཆོས་ཚོགས་ཀྱིས་ཀྱང་དོལ་རྒྱལ་མི་བསྟེན་མཁན་འདིར་སྐྱབས་ཞུ་བསྔོ་རྟེན་འབུལ་བར་ཡོང་མི་ཆོག་པའི་སྒོ་བྱང་འགེལ་ན། དེ་ནི་ཁོ་རང་ཚོའི་རང་དབང་རེད། དཔེར་ན། རྒྱ་གར་ནང་ཚོགས་པ་དང་སྒེར་གྱི་ཚོགས་ཁང་སོགས་ནང་ཤ་ཟ་མཁན་རིགས་ཡོང་མི་ཆོག་ཅེས་དགག་བྱ་བྱས་ཚེ། དེ་ནི་དེ་དག་གི་རང་གི་ས་ཆའི་བདག་དབང་རང་ལ་ཡོད་པས་སོ་སོའི་རང་དབང་རེད། དེ་བཞིན་ཧིན་དུའི་ལྷ་ཁང་རིགས་གཅིག་ལ་ལྷམ་དང་སྐེ་རགས་སོགས་པགས་པ་དང་ཀོ་བ་ལས་གྲུབ་པའི་དངོས་རིགས་ལྷ་ཁང་གི་ཕྱིར་ཕུད་དེ་བཞག་དགོས་པ་དེ་ཡང་ཁོ་རང་ཚོའི་ཆོས་ཕྱོགས་ཀྱི་འགྲོ་སྟངས་ཤིག་ཡིན་པས། ཚུལ་དེ་ནི་སྒེར་བདག་གི་ས་གཞི་རང་གི་མོས་པ་དང་མཐུན་པར་ལོངས་སྤྱོད་པའི་རྣམ་པ་དང་རྙོག་གླེང་སྔོན་འགོག་གི་གཡོ་ཐབས་ལས་རྙོག་གླེང་གསར་དུ་བསྐྲུན་ཆེན་མིན་པས་དེ་ལ་རྩོད་དོན་མ་མཆིས། དེ་མཚུངས་བོད་མི་རྣམས་ཀྱང་རང་གི་བླ་མའི་དགོངས་པའི་ཕྱོགས་སུ་ཡོད་པའི་རྣམ་པ་ཕྱི་ལ་མངོན་པ་དང། མི་རིགས་ཀྱི་ལ་རྒྱ་ཡང་འཛིན་ནས་ད་ཆ་དོལ་རྒྱལ་རྗེས་འབྲང་པ་རྣམས་རྒྱ་དམར་གཞུང་གྱི་ལག་ཆར་སོང་ཟིན་པས་སྲིད་ཕྱོགས་ཀྱི་དམ་ཉམས་པ་དང། རང་གི་བླ་མའི་བཀར་ཁྱད་གསོད་ཀྱིས་ཆོས་མིན་ཕྱོགས་སུ་སོང་བས་ཆོས་ཕྱོགས་ཀྱི་དམ་ཉམས་པ་ཡིན་པས། དེ་དག་ལས་རྒྱངས་སྲིང་བའི་ཚུལ་འདི་ནི་རྒྱུ་མཚན་དང་ལྡན་པ་ཁོ་ན་ཡིན་ནོ། །

སིངྒ་སྤུར་ཤུགས་ལྡན་ཚོགས་པ་ནས་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགོད་འགན་འཛིན་ཚེ་རིང་དབང་ཕྱུག་གིས་བོད་ཀྱི་ལོ་གསར་ཚེས་ ༡ གི་ཞོགས་པ་སྔར་སྲོལ་ལྟར་སྲུང་མ་སྤྱི་དང་ཁྱད་པར་རྡོ་རྗེ་ཤུགས་ལྡན་གསོལ་མཆོད་བྱས་གནས་འགྲེལ་བརྗོད་བྱས་སོང་ཞེས་དབུལ་པོས་ནོར་བརྙེས་པ་ལྟར་གྱི་དགའ་ཚོར་གྱིས་ཁྱབ་བསྒྲགས་བྱས་ཡོད།

དེ་སྐོར་གྱི་དངོས་བྱུང་གི་གནས་ཚུལ་ནི། ༢༠༡༤ ཕྱི་ཟླ་ ༣ ཚེས་ ༢ རེས་གཟའ་ཉི་མའི་ཉིན་བོད་ཤིང་རྟ་ལོའི་ལོ་གསར་ཚེས་གཏོར་གྱི་མཛད་སྒོ་གྲུབ་བསྟུན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ལོ་ལྟར་ནང་བཞིན་ད་ཉིན་ཞོགས་པ་གཞུང་བསྟེན་སྲུང་མ་སྤྱི་དང། ཁྱད་པར་དཔལ་ལྡན་ལྷ་མོ་གསོལ་མཆོད་བྱས་གནས་འགྲེལ་བརྗོད་གནང་བ་དང་སྦྲགས། བོད་མི་རྣམས་ལ་ལོ་གསར་པའི་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་གནང་མཛད་ཡོད།

འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཚོགས་གཙོའི་གསུང་བཤད་དེ་ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགོད་འགན་འཛིན་ཚེ་རིང་དབང་ཕྱུག་ལགས་ཀྱིས་བརྗོད་ཚུལ་དང། དཔལ་ལྡན་ལྷ་མོ་གཙོ་གྱུར་ཞེས་པ་རྡོ་རྗེ་ཤུགས་ལྡན་གཙོ་གྱུར་ཞེས་ཚིག་བསྒྱུར་གྱིས་གསར་ཤོག་དང་དྲ་རྒྱའི་ཐོག་ཐོན་པ་དེ་འཕྲལ་ཚེ་རིང་དབང་ཕྱུག་ལགས་ནས་ཕྱི་ཟླ་ ༣ ཚེས་ ༥ ཉིན་འབྲེལ་ཡོད་གསར་ཤོག་ ANI ས་གནས་གསར་འགོད་པ་ AKHILESH BHARATI ལ་གནས་ཚུལ་དེའི་འབྱུང་ཁུངས་གང་ཡིན་རྩད་གཅོད་བྱས་པར། འབྲེལ་ཡོད་གསར་འགོད་པས་དེ་ཉིན་རང་དང། དེ་རྗེས་ལྡི་ལིའི་གསར་ཁང་ཨ་མ་བཅས་ནས་གསར་འགྱུར་འགོད་ནོར་གྱུར་པ་ཡིག་ཐོག་ནས་དགོངས་སེལ་ཞུས་པ་དང་སྦྲགས་ནོར་བཅོས་ཡོངས་གྲགས་བྱས་ཡོད།

འོན་ཀྱང་རང་ལ་དགོས་མཁོ་ཡོད་པ་དེ་མཐོང་བ་དང་རང་ལ་དགོས་མཁོ་མེད་པའི་ནོར་བཅོས་དེ་མཐོང་ཡང་མ་མཐོང་བའི་ཚུལ་དུ་བསྡད་པ་དེ་ལ་ཕྱོགས་རེའི་མིག་ཅན་ཟེར་ཞིང། ཚེ་རིང་དབང་ཕྱུག་ལགས་ཀྱི་ལས་འགན་གསར་འགོད་པའི་སྣེ་ཤན་ཡིན་པ་ལས། གསར་འགྱུར་མགྲིན་ཚབ་པ་མ་རེད། རྣམ་ཀུན་གསར་འགོད་ལྷན་ཚོགས་དང། གསར་བཀོད་གསལ་བསྒྲགས་རིགས་ཕྱི་དྲིལ་བཀའ་བློན་དང་དྲུང་ཆེ་སུ་རུང་གིས་གནང་གི་ཡོད་པ་རེད། །

Related Articles

ལམ་སྟོན།