དམ་ཅན་ཆོས་རྒྱལ་དང་དོལ་རྒྱལ་མི་མཐུན་པ།

དམ་ཅན་ཆོས་རྒྱལ།
དམ་ཅན་ཆོས་རྒྱལ།

http://shugdenfacts.com/gadenjangtsemonastery/

ཕྱི་ལོ་ ༡༩༨༣ ཟླ་ ༣ ཚེས་ ༢༩ ཉིན་སྤྱིར་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འབྲས་སྤུངས་ཚོགས་ཆེན་དབུ་རྩེའི་ཚོམས་ཆེན་དུ་གདན་ས་གསུམ་དང༌། རྒྱུད་གྲྭ་སྟོད་སྨད།  བཀྲ་ཤིས་ལྷུན་པོ། མོན་གྷོ་རྙིང་དགོན། ས་སྐྱ་སོགས་སོ་སོའི་མཁན་པོ་ལས་ཟུར་རྣམས་ལ་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
དེ་ནས་ཞུ་རྒྱུ་དོན་ཚན་གཅིག་ནི་དོལ་རྒྱལ་གྱི་སྐོར་ཡིན། ད་རེས་གནས་ཚུལ་གསར་པ་དམིགས་བསལ་གཅིག་བྱུང་ཡོད། ཁྱེད་ཚོ་མཁན་པོ་ཚོར་མ་ཞུས་ན་རིམ་པས་གོ་ཐོས་ཡོང་རྒྱུ་ཡིན་སྟབས་དེ་སྐབས་གང་འདྲ་བྱས་པ་ཡིན་ནམ་སྙམ་སྟེ་མ་རྟོགས་པ་དང༌། ལོག་པར་རྟོག་པ་ལྟ་བུ་ཡོང་སྲིད་པས་ད་རིང་ང་ཆོས་སྒར་འདི་ནས་མ་ཐོན་གོང་དངོས་ཡོད་གནས་ཚུལ་གང་བྱུང་བ་རྣམས་ཁྱེད་ཚོར་ཞུས་ན་སྙམ་བྱུང༌། དགའ་ལྡན་ཚོགས་ཆེན་ཆོས་རྒྱལ་ཁང་དུ་ཡོད་པའི་རྒྱལ་ཆེན་གྱི་སྐུ་དེ་ངས་དམ་བསྒྲགས་བྱེད་རྒྱུ་མ་བྱུང་གོང་ནས་བཞེངས་པ་ཡིན་ཚོད་ཡིན།བར་ལམ་རྒྱལ་ཆེན་གྱི་སྐོར་ལ་རྙོག་གླེང་བྱུང་བའི་རྗེས་སུའང་བཞེངས་ཟིན་པའི་སྐུ་དེ་སྒྱུར་བཅོས་ཐོངས་ཞེས་བརྗོད་རྒྱུ་ངའི་ངོས་ནས་ཀྱང་བདེ་པོ་མི་འདུག ཁྱེད་ཚོ་དགའ་ལྡན་བླ་སྤྱིའི་ཐོག་ནས་ཀྱང་དེ་བས་བདེ་པོ་རྩ་བ་ནས་མེད་སྟབས་ད་བར་ལོ་ཤས་རིང་འདི་མུར་གནས་པ་རེད། ཁ་སང་ང་འདིར་སླེབས་པའི་རྗེས་སུའང་ཁ་ཤས་ནས་དགའ་ལྡན་ཆོས་རྒྱལ་ཁང་དུ་ཤུགས་ལྡན་ཞིག་འདུག་ཅེས་ཟེར་མཁན་བྱུང༌། དེ་སྔོན་མ་ནས་བཞེངས་ཟིན་པས་བྱ་ཐབས་མེད་ཅེས་བརྗོད་པ་ཡིན། ངའི་བསམ་བློར་འདི་སྐོར་རྙོག་ཁྲ་བཟོ་སེམས་མེད་ལ། ངས་མ་མཐོང་མ་ཤེས་པའི་ཚུལ་བྱས།ཁྱེད་རང་ཚོས་ཀྱང་དེ་འདྲའི་མུར་འཇོག་རྒྱུ་མ་གཏོགས་བྱ་ཐབས་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ནས་ཁ་སང་བྱང་རྩེ་གྲྭ་ཚང་ལ་དགོང་མོ་གཉིས་བསྡད་ཅིང༌། དེ་རྗེས་ཤར་རྩེ་གྲྭ་ཚང་ལ་དགོང་མོ་གཉིས་བསྡད་པའི་དགོང་མོ་ཐ་མ་དེར་ང་ལ་རྨི་ལམ་ཞིག་བཏང་བྱུང་བ་གཉིད་སད་སྐབས་ཆུ་ཚོད་ ༤ ཙམ་རེད། རྨི་ལམ་ཟང་ཟིང་མང་པོ་ཞིག་བཏང་བའི་མཐར་ཚོགས་ཆེན་ཞལ་ངོའི་ལྕགས་རྒྱུགས་རེད་ཟེར་དབྱུག་པ་ཞིག་འདུག དེ་ནི་འབྲས་སྤུངས་སྒོ་མང་ལ་ཡོད་པའི་བེར་རྒྱུག་དེ་ལྟ་བུ་ཤིང་གིས་བཟོས་པའི་ལྕགས་རྒྱུག་འདྲ་པོ་གཅིག་འདུག དེ་ཤུགས་ལྡན་གྱི་རྟེན་གཞི་ཨ་མ་དེ་རེད ། དེ་མེད་པ་བཟོ་དགོས་ཟེར་གྱི་འདུག ངའི་བསམ་བློར་དེ་མེད་པ་བཟོ་དགོས་ན་ཐོ་བ་ལྟ་བུས་བཅགས་ན་མ་གཏོགས་མི་ཡོང༌། ཡང་ན་སོག་ལེས་བཏུབ་ན་བསམ་བྱུང༌། སྐབས་དེར་སྐུ་སྲུང་བའི་ཁོངས་ནས་མིང་ལ་ཆོས་རྒྱལ་ཟེར་མཁན་ཞིག་ཡོད་པ་དེས་ཐོ་བ་གཞུས་ཏེ་གཅོག་དགོས། ཞིབ་ཚགས་པོ་བྱས་ཏེ་མེད་པ་བཟོས་ན་མ་གཏོགས་ཡོང་གི་མ་རེད་ཟེར་གྱི་འདུག དེ་འདྲ་ཡིན་ན་ཡག་པོ་འདུག་ཅེས་བརྗོད་དེ་ཉམས་ཞིབ་བྱེད་སྐབས་ཤིང་གི་ལྕགས་རྒྱུག་དེ་ལ་དངུལ་གྱི་ཤན་ལྟ་བུ་ཞིག་རྒྱབ་འདུག་པ་དེ་ཐོ་བས་གཅོག་ཐབས་མེད་སྟབས་ཟོང་བརྒྱབ་ནས་བཀོག་སྟེ་ཧྲུག་ཧྲུག་བཟོ་དགོས་པ་ཡིན་དུས་སྐུ་སྲུང་ཆོས་རྒྱལ་གྱིས་ཞིབ་ཚགས་པོ་བྱས་ཏེ་མེད་པ་བཟོ་གི་ཡིན་ཟེར་བྱུང༌།

     གཉིད་སད་སྐབས་དེ་གང་འདྲ་ཡིན་སྙམ་པའི་དོ་སྣང་བསྐྱེད་དགོས་པ་ཞིག་བྱུང་བ་ཡིན་སྟབས། དེ་ལ་ཆ་འཛིན་བྱ་འོས་སམ་མི་འོས་ཞེས་དམོད་པ་བྱས་ཏེ་ཕྲེང་མོ་ཞིག་བརྒྱབ་པར། གྲངས་བདུན་དང་བཅུ་གཅིག་བབས་སོང༌། དེའི་ཉིན་མོ་དགའ་ལྡན་ཚོགས་ཆེན་ལ་མཆོད་མཇལ་དུ་འགྲོ་རྒྱུ་ཡིན་སྟབས། རྣམ་ཀུན་ཟན་བརྟག་ལྷ་མོར་སྒྲིལ་གྱི་ཡོད་ཀྱང༌། ད་རེས་ཐུན་མོང་མ་ཡིན་པའི་སྐབས་བབས་འབྲེལ་བ་ཆོས་རྒྱལ་རང་ལ་ཆགས་པ་ཡིན་སྟབས་ཆོས་རྒྱལ་ལ་དྲུག་ཅུ་མ་ཞིག་ཕུལ་ཏེ་ཟན་བརྟག་སྒྲིལ་ན་ཡག་གི་རེད་སྙམ་སྟེ། དོན་ཚན་གསུམ་ང་རང་གིས་བྲིས་ནས་བསྒྲིལ་བ་ཡིན། དེ་རྟ་ར་བར་སྤྲད། དེ་ཟན་རིལ་གསུམ་བཟོ་དགོས་མངགས། དགའ་ལྡན་ཚོགས་ཆེན་གཟིམ་ཆུང་དུ་དྲུག་ཅུ་མ་བཞེངས་ཞེས་ལན་བསྐུར། གཞན་སུས་ཀྱང་གནས་ཚུལ་ཤེས་ཀྱི་མེད། མི་མ་ཡིན་དེ་འདྲས་གོ་ན་ཡག་པོ་མེད་སྙམ་པ་བྱུང༌། ཚོགས་ཆེན་ལ་སླེབས་པ་དང་དགའ་ལྡན་ལྷ་བརྒྱ་མ་ཞིག་བཏོན། དམིགས་བརྩེ་མ་ཕྲེང་བསྐོར་གཅིག་བགྲངས། དེ་ནས་རྣམ་ཀུན་ཨ་ར་པ་ཙ་གསོག་བཞིན་ཡོད་པ་དེ་བསགས། བླ་མའི་མཚན་སྔགས་བཏོན་པའི་མཇུག་ཏུ་སྐད་ཅིག་དཀྲོང་བསྐྱེད་བྱས་ཏེ་ཆོས་རྒྱལ་ནང་སྒྲུབ་དང༌། ཕྱི་སྒྲུབ་བཅས་ཆོས་རྒྱལ་གྱི་བསྐང་བཤགས་དང༌། བཟླས་པ་གང་འཚམས་བསགས། དྲུག་ཅུ་མ་ཕུལ། ཟན་རྟག་སྒྲིལ་ཁར་དམིགས་བརྩེ་མ་དང༌། མགོན་པོ། ལྷ་མོ་བཅས་སོ་སོའི་སྔགས་གང་འཚམས་རེ་བགྲངས་ཏེ་དྲུག་ཅུ་མ་ཕྱིར་མ་བཤམས་གོང་ཟན་བརྟག་བསྒྲིལ་བ་ཡིན།

དོན་ཚན་གསུམ་བྱས་པའི་དང་པོར། རང་བབས་བཞག་ན་བཟང་བ་ཡོད།

དོན་གཉིས་པ་དེར། ངའི་བསམ་བློའི་ནང་མ་འོངས་པར་དགའ་ལྡན་ཉམས་གསོ་བྱེད་པའི་དུས་སྐབས་ཤར་གྱི་རེད། དེ་མཚམས་མངོན་མེད་དུ་སྐུ་དེ་གདན་འདྲེན་ཞུས་ན་སྙམ་པས། མ་འོངས་པར་སྐབས་ཤིག་དང་བསྟུན་ཏེ་བྱས་ན་བཟང་ཟེར་བ་ཅིག

   དེ་ནས་དོན་ཚན་གསུམ་པར། ད་ལམ་རང་སྒྱུར་བཅོས་བཏང་ན་བཟང་ཟེར་བ་གཅིག་བཅས་དོན་ཚན་གསུམ་བསྒྲིལ་བ་ཡིན། དེ་བསྒྲིལ་བའི་སྐབས་སུ་ངའི་བསམ་བློར། ད་ལམ་སྒྱུར་བཅོས་བྱ་རྒྱུ་བབས་པ་ཡིན་ན་ལམ་སང་བརྗོད་པ་དགའ་བ་འདུག་གམ། སྨོན་ལམ་གྱི་ལྷིང་འཇགས་པའི་མཚམས་སུ་ངང་གིས་བརྗོད་ན་དགའ་བ་གཉིས་ཀྱི་དོན་ཚན་འདེམས་ཀ་ཡོད་པ་ཞིག་བློར་ཤར་སོང༌། དེའི་དོན་ལ་ཟན་བརྟག་ལམ་སེང་སྒྲིལ་ཐབས་མེད་སྟབས། སྐབས་རེ་ཟན་བརྟག་ཀ་ཀོར་བྱས་ཏེ་བབས་ཡོང་མཁན་གཅིག་དང༌། སྐབས་རེ་ལམ་སེང་ཐོན་ཡོང་མཁན་ཞིག་ཡོང༌། དེར་བརྟེན་བསམ་བློའི་ནང་ད་རེས་ངས་ལམ་སང་བརྗོད་དགོས་ཀྱི་ཡོད་ན་ཟན་བརྟག་དེ་ལམ་སང་ཐོན་ཤོག སྨོན་ལམ་གྱི་ལྷིང་འཇགས་པའི་རྗེས་སུ་བརྗོད་ནས་འགྲིགས་ཀྱི་ཡོད་ན་ཟན་བརྟག་དེ་ཀ་ཀོར་བྱས་ཏེ་ཐོན་ཤོག་ཅེས་འཕེན་པ་བཏང་སྟེ་ཟན་བརྟག་གསུམ་པོ་སྒྲིལ་བར་ལམ་སེང་གཅིག་ཐོན་སོང༌། དེ་ཁ་བསྔོགས་པར་ད་ལམ་སྒྱུར་བཅོས་གཏོང་དགོས་ཟེར་བ་དེ་བབས་སོང༌།

   དེ་ལྟར་བབས་པ་ཡིན་སྟབས་ལམ་སང་ཤར་བྱང་མཁན་པོ་ལས་ཟུར་ཚོ་དང༌། ལས་སྣེ་ཁ་ཤས། དཔེ་ཆ་བ་དགེ་བཤེས་རྒན་པ་ཁ་ཤས་ཡར་ཕེབས་ཞེས་བརྗོད་དེ། ཁོང་ཚོར་ད་ལྟ་བརྗོད་པ་ལྟར་ཚོགས་ཆེན་ཐོག་ཁར་འགྲེལ་བཤད་ཞུས། རྒྱལ་ཆེན་གྱི་སྐུ་རྡོག་རྡོག་བྱས་ཏེ་གདན་འདྲེན་ཞུ་ཐབས་ཡོད་ན་རྒྱལ་ཆེན་གྱི་བཙན་ཁང་འདྲ་ཡོད་སར་གདན་དྲོངས། དེ་མིན་རྒྱལ་ཆེན་བསྟེན་མཁན་ཞིག་གི་སར་སྐྱོལ་ཤོག དེ་མིན་གཤེགས་གསོལ་བྱ་རྒྱུ་ལས་བྱ་ཐབས་མེད། འོན་ཀྱང༌།

རིགས་པ་ཡིས་ནི་མི་ནུས་ན། །
མི་ནུས་དེ་ལ་ཚིག་གིས་སྦྱངས། །

ཞེས་པ་ལྟར། ཁྱེད་རང་ཚོར་དགོངས་འཆར་འདྲ་ཡོད་དམ་ཞེས་རང་རེའི་གསོ་སྦྱོང་གི་མདོའི་ནང་ཡོད་པ་བཞིན་ལན་གཅིག ལན་གཉིས། ལན་གསུམ་ཙམ་དྲིས་པར། ཁོང་རང་ཚོས་གང་ཡང་གསུང་གི་མི་འདུག ཅང་མི་གསུང་ན་དེ་དེ་བཞིན་འཛིན་ཏོ་ཞེས་པ་ལྟར་དེ་ག་རང་ལ་ཐག་གཅོད་བྱས་པ་ཡིན།

     ད་ལམ་གློ་བུར་བའི་རྐྱེན་དེ་འདྲ་ཞིག་བྱུང་སོང༌། དེའི་ལས་འགན་སྒྲུབ་རྒྱུ་ནི་དགའ་ལྡན་བླ་སྤྱིས་གནང་འགྲོ་གི་རེད། དེའི་སྐོར་ལ་རིམ་པས་གདན་ས་གཞན་ལའང་གྲགས་འགྲོ་རྒྱུ་ཡིན་སྟབས། དགའ་ལྡན་ཚོགས་ཆེན་ནང་ཡོད་པའི་རྒྱལ་ཆེན་གྱི་སྐུ་དེ་སྟོར་བ་རེད་ཟེར་མཁན་ཡོང་སྲིད། དེ་ལྟར་བྱུང་ན་ངས་མ་བརྟག་མ་དཔྱད་གྱ་ཚོམ་གྱི་ཐོག་ནས་ཧོལ་རྒྱུག་བྱས་པ་མེད། དང་པོ་ཀུན་སློང་ལ་དེ་ལྟར་བྱ་བསམ་པ་ཡང་རྩ་བ་ནས་མེད། མ་གིར་སླེབས་སྐབས་རྨི་ལམ་དེ་འདྲ་ཞིག་བཏང་བ་རེད། རྨི་ལམ་ལ་ཆ་བཞག་རྒྱུ་གང་ཡོད། སྤྱིར་ང་རང་ཚོའི་རྒྱུད་ལ་མ་རིག་པ་ཡོད་ཕྱིན་ཆད་ལ་འཁྲུལ་པའི་སྣང་བ་རྒྱུན་མི་ཆད་དུ་ཡོང་གི་ཡོད། གཉིད་སད་པའི་སྐབས་སུའང་འཁྲུལ་པ་ཡོང་དུས། རྨི་ལམ་ནི་འཁྲུལ་པའི་ནང་ནས་ཡང་འཁྲུལ་ཡིན་པས་ཆ་འཇོག་བྱ་རྒྱུ་མེད། འོན་ཀྱང་གང་ཡིན་ནམ་སྙམ་སྟེ་མོ་ཞིག་བརྒྱབ་པ་ལ་དེ་ལྟར་བབས་པ་རེད། ད་དུང་ཡང་གལ་ཆེ་དོན་ཆེ་བྱས་ཏེ་དགའ་ལྡན་ཚོགས་ཆེན་ཐོག་ཁར་དམ་ཅན་ཆོས་རྒྱལ་ལ་དྲུག་ཅུ་མ་ཕུལ་ཏེ་ནན་ཏན་གྱིས་གསོལ་བ་བཏབ་སྟེ་ཟན་བརྟག་སྒྲིལ་སྟངས་དེ་ལྟར་བསྒྲིལ་བ་ཡིན།

     ངས་སྐབས་དེའི་གནས་ཚུལ་ཧ་ཅང་གསལ་པོར་དྲན་པ་ཞིག་ལ། འདིར་ཡོད་དཀོན་མཆོག་ཚེ་རིང་ཚོགས་ཆེན་གཟིམ་ཆུང་གི་ཕྱི་ལོགས་སུ་བསྡད་འདུག དཀོན་མཆོག་ཚེ་རིང་ནས་ཐལ་མོ་སྦྱར་ཏེ་སྨོན་ལམ་བརྒྱབ་ནས་བསྡད་འདུག ཁྱེད་རང་གིས་ཕྱི་ལོགས་ནས་ཐལ་མོ་སྦྱར་ཏེ་སྨོན་ལམ་རྒྱག་སྐབས། ངས་སྦུག་དེར་ཟན་བརྟག་བསྒྲིལ་བ་རེད། དེ་ལྟར་ངས་དགའ་ལྡན་ཚོགས་ཆེན་ཐོག་ཁར་ཟན་བརྟག་བསྒྲིལ་ནས་ཐག་གཅོད་བྱས་པ་དེ་ཡར་ལམ་གླིང་རིན་པོ་ཆེའི་སྐུ་མདུན་དུ་བཅར་མ་ཐག དེ་རིང་ངས་མགོ་ལོག་བཙལ་བ་ཡིན་ཞེས་ཞུས་པ་ཡིན། གང་ཞིག་བྱས་སོང་ངམ་ཞེས་བཀའ་དྲི་གནང་བྱུང༌། ངས་གོང་གི་གནས་ཚུལ་རྣམས་ཞུས་ཤིང༌། ང་ལ་རྨིད་ལམ་འདི་འདྲ་བྱུང་ཞིང་དེ་ལ་ཕྲེང་མོ་བརྒྱབ་པ་ཡིན། དེ་ནས་ཟན་བརྟག་འདི་ལྟར་བསྒྲིལ་བ་ཡིན། གནས་ཚུལ་འདི་འདྲ་ཞིག་བབས་སོང་བས་ཁོང་ཚོར་འདི་འདྲ་བརྗོད་པ་ཡིན་ཞེས་ཞུས་པར། འགྲིགས་པ་རེད་ཅེས་གསུངས་བྱུང༌།

Related Articles

ལམ་སྟོན།