༄༅། །དེང་གི་དོལ་རྒྱལ་བསྟེན་མི་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་གཅོད་དགོས་པའི་རྒྱུ་མཚན་ལས་བརྩམས་པའི་གཏམ་མདོ་རྒྱུད་དུ་མའི་དགོངས་བཅུད་ཅེས་བྱ་བ་བཞུགས་སོ། །

Button_Tibདེ་ཡང་ཆོས་མིན་ཆོས་སུ་རློམ་པའི་ནང་པར་ཁས་འཆེ་ཞིང། ལྷག་པར་དགེ་ལྡན་པའི་བཞེད་སྲོལ་དྲི་མ་མེད་པར་བསྙད་དེ་བཀའ་གདམས་གསར་མའི་རིང་ལུགས་འཛིན་ཁུལ་གྱིས་སྡིག་པའི་ལས་ལ་རང་ཞུགས་ཤིང། གཞན་མང་དག་ཀྱང་དེར་བཀྲི་བའི་དེང་གི་དོལ་རྒྱལ་རྗེས་འབྲང་པས། རང་ཅག་བོད་མི་ཕལ་མོ་ཆེས་དེ་དག་ཀུན་དང་ཆོས་དང་ཟང་ཟིང་སྐལ་མཉམ་མི་སྤྱོད་པའི་དམ་བཅའ་བྱས་པར་མི་རིགས་དབྱེ་འབྱེད་སོགས་ཀྱི་སྒྲོ་སྐུར་སྣ་ཚོགས་ཀྱིས་འཛམ་གླིང་གང་སར་རིག་འཚོ་མི་ཟིན་པའི་རིམས་ནད་ཀྱིས་བརླམས་པ་དང་འདྲ་བར་འཁྱོག་བཤད་ཀྱི་འཆལ་གཏམ་སྣ་ཚོགས་དྲིལ་བསྒྲགས་བྱེད་བཞིན་འདུག་ན། གནས་ཚུལ་ཇི་བཞིན་མི་ཤེས་པ་འགས་སྤྱི་ནོར་༸གོང་ས་ཐམས་ཅད་མཁྱེན་པ་དང་། གང་གི་རྗེས་འབྲང་དད་ལྡན་རྣམས་ཀྱིས་དོལ་རྒྱལ་རྗེས་འབྲང་པ་རྣམས་དང་འབྲེལ་ཐག་གཙང་བཅད་ཀྱིས་སོ་སོར་བྱས་ཏེ་དེ་དག་ལ་མི་འཚམ་པ་ཆེན་པོ་བྱས་འདུག་བསམ་པ་དང། གཞན་ཐུབ་པའི་བསྟན་པའི་གནད་ལ་རྨོངས་ཤིང་དོལ་རྒྱལ་སྐྱབས་གསུམ་ཀུན་འདུས་སུ་འདོད་པ་མང་དག་གིས་དེ་ལྟར་བྱས་ན་ཆོས་དང་འགལ་ལ། འཇིག་རྟེན་དང་ཡང་འགལ་སྙམ་དུ་སེམས་པ་ལ། ལུང་རིགས་དྲི་མ་མེད་པས་དྲང་པོའི་ངང་ཚུལ་གསལ་བར་མ་བྱས་ན་ལོག་བཤད་ལ་ལེགས་ཉེས་འབྱེད་པའི་མཐུ་མེད་པ་དག་གིས། ༸གོང་ས་ཐམས་ཅད་མཁྱེན་པའི་རྗེས་འབྲང་པ་ཚོས་ཚུལ་འདི་ལྟ་བུ་བྱེད་པ་ལ་མདོ་རྒྱུད་གང་གིའང་ཁུངས་མེད། ངེད་ཚོར་མི་འཚམ་པ་ཆེན་པོ་བྱས་སོ་སྙམ་སྟེ་གཡོ་སྒྱུའི་གཏམ་གྱིས་གཞན་དག་ཀྱང་བསླུ་བར་ངེས་པས་ན། ལོག་རྟོག་དེ་འགོག་པ་དང་གཞན་མང་དག་ལ་ཕན་དུ་རེ་བའི་བསམ་པས་འདིར་ཡིན་ལུགས་ཇི་བཞིན་གསལ་བར་བྱའོ། །

   དེ་ཡང་སྤྱིར་ན་རང་ཅག་རྣམས་གནམ་གྱིས་ས་བཀབ་པ་ལྟ་བུའི་མཛད་འཕྲིན་འགྲན་གྱི་ཟླ་དང་བྲལ་བའི་བླ་མ་དམ་པ་༸རྒྱལ་དབང་ཐམས་ཅད་མཁྱེན་པ་འདི་ལྟ་བུ་དང་། གདན་ས་གསུམ་གྱི་གསུམ་ལྡན་ངུར་སྨྲིག་འཛིན་པའི་བཀའ་གདམས་པའི་བཤེས་གཉེན་རྣམས་ཀྱི་བཀའ་སློབ་ལམ་སྟོན་ལ་མི་བསླུ་བ་ཡིན་མིན་གྱི་དོགས་པ་ཐེ་ཚོམ་མི་དགོས་ཀྱང། གཞན་གྱི་ལོག་རྟོག་འགོག་པ་དང། རང་ཕྱོགས་པ་རྣམས་ལ་ངེས་ཤེས་སྐྱེ་བའི་དགོས་པ་དང། ཁུངས་ལུང་གསལ་བར་མ་སྨྲས་ན་གཞན་གོལ་སར་ལྷུང་བ་རྣམས་དེ་ནས་འདོན་པའི་ཐབས་ཀྱང་ཡོད་བཞིན་དུ་མ་བསྟན་ན། སྤྱིར་ནས་དེ་དག་ཉོན་མོངས་སྤྱི་དང་ཁྱད་པར་རང་མཐོང་དང་ཕྱོགས་རིས་ཀྱིས་བསྒྲིབས་ཀྱང། སེམས་རང་བཞིན་གྱི་འོད་གསལ་ཞིང་དྲི་མ་རྣམས་གློ་བུར་བར་མདོ་རྒྱུད་ཀུན་ལས་བྱུང་བས་ན། སྐབས་ཤིག་ན་གནས་ལུགས་ཇི་བཞིན་ཤེས་ཏེ་སྤང་བླང་ཚུལ་བཞིན་བྱེད་པ་དག་ཀྱང་སྲིད་སྙམ་སྟེ་འདི་ན་གཏམ་གྱི་སྦྱོར་བར་འཇུག་པ་ལ་དགོས་པ་མཐོང་ངོ་། །

   དེ་ཡང་ཇི་སྐད་དུ་རྗེ་བདག་ཉིད་ཆེན་པོས་སྐབས་གསུམ་པར།
ཁྱོད་ནི་འགྲོ་བའི་དོན་གྱི་སླད། །ཅུང་ཟད་ཙམ་ཡང་མི་ངལ་ཞིང། །
འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི། །ཡོན་ཏན་བརྗོད་ལ་ངལ་མ་གྱུར། །

ཞེས་པ་ལྟར་༸རྒྱལ་དབང་ཐུགས་རྗེའི་རང་གཟུགས་ཀྱི་མཛད་པ་ལ་འགྲོ་བ་སེམས་ཅན་དང་། བསྟན་པ་ལ་ཕན་པ་ལས་བརྩམས་པ་མ་གཏོགས་རང་དོན་གྱི་སྐབས་ཅུང་ཟད་ཀྱང་མེད་རུང། དོལ་རྒྱལ་རྗེས་འབྲང་པས་རང་གི་འཇུག་ལྡོག་གི་ཚུལ་བོད་མི་སྤྱི་མཚུངས་ལྟར་མིན་པར་ཕྱིན་ཅི་ལོག་ཏུ་སོང་སྟེ། སྤྱིར་ན་རང་རེ་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་བསྟན་པ་དར་བའི་ཕྱོགས་འདིར་ཆོས་སྲུང་ཡེ་ཤེས་སྤྱན་ལྡན་རྒྱུད་སྡེ་ཁུངས་མ་ནས་བྱུང་བ་དག་དང་དྲེགས་པ་ཚད་ཐུབ་དུ་མ་བསྟེན་དུ་རུང་བ་ཡོད་མོད། རང་གི་མཇིང་པ་རང་གིས་ཞགས་པས་བཅིངས་པ་ལྟར་རམ། ཡང་ན་དུག་རྫས་ཀྱིས་ཟིན་པའི་ནད་པ་ལྟར་དོལ་རྒྱལ་འདི་མེད་ན་ནམ་ཡང་གཞན་གང་གིས་ཀྱང་མི་རུང་སྙམ་པ་དང། རང་ཉིད་དགེ་ལྡན་པར་རློམ་སྟེ་དོལ་རྒྱལ་འདི་རང་ཅག་དགེ་ལྡན་པའི་ཐུན་མོང་མིན་པའི་བསྟན་སྲུང་ཡིན་པས་དེ་མེད་ན་རྗེའི་བསྟན་པ་སྲུང་བར་གཞན་གང་གིས་ཀྱང་གོ་མི་ཆོད་སྙམ་དུ་རྨོངས་ཚོད་ཀྱིས་དེར་ཞེན་ཆགས་ཤིན་ཏུ་ཆེ་བ་དང། ཡང་འགའ་ཞིག་འདི་བསྟེན་རྒྱུ་འདི་༸སྐྱབས་རྗེ་ཕ་བོང་ཁ་དང་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་ཐུན་མོང་མིན་པའི་མཛད་པ་ཡིན་པས་དེ་དོར་དུ་མི་རུང་སྙམ་སྟེ་དོན་གྱིས་༸སྐྱབས་རྗེ་རྣམ་པ་གཉིས་ཀྱི་མཛད་པ་ལ་སྐུར་བ་འདེབས་ཤིང། གཞན་ཅོལ་ཆུང་འགའ་ཞིག་ཆར་རླུང་གིས་རང་དབང་མེད་པར་དེད་པའི་ཤིང་ལོ་ལྟར་ཅི་ཡང་མི་ཤེས་རུང་སྡིག་གྲོགས་ཀྱི་རླུང་གིས་འཁྱེར་ཏེ་སོང་བ་དང། འགའ་རེས་ནི་ཆོས་ཁ་ལ་འཁྱེར་ཏེ་རང་གི་འཚོ་གོས་ཆེད་བསྟན་དགྲ་རྒྱ་དམར་གྱི་རྒྱུག་ཁྱི་བྱས་ཏེ་འདི་སྣང་གི་འདུ་འཛི་ལས་གཞན་གང་ཡང་བསམ་རྒྱུ་མེད་པར་ཤེས་བཞིན་དཀར་མིན་གྱི་ལས་ལ་འཇུག་སྟེ་རང་གཞན་ཕུང་ལ་སྦྱོར་བ་སོགས་སྣ་ཚོགས་སྣང་བས། འདིར་ཐམས་ཅད་ལ་སྨན་དུ་རེ་བ་མིན་ཡང་ལེགས་ཉེས་འབྱེད་པའི་ཤེས་རབ་ཅུང་ཟད་ཡོད་ན་ཕན་སྲིད་པ་དང། གངས་ཅན་པའི་མི་རབས་རྗེས་མ་རྣམས་དང་། ད་ལྟར་ཆོས་ཀྱི་ཚུལ་མི་ཤེས་ཀྱང་གཟུར་གནས་བློ་ལྡན་དོན་གཉེར་ཅན་གཞན་མང་དག་ལ་ཕན་པར་འགྱུར་བར་ངེས་པས་ན། དེ་ཡང་གོང་གི་ལོག་རྟོག་གཞན་རྣམས་འགོག་ཚུལ་གཞན་དུ་བྱེད་འདོད་ལ། འདིར་གཙོ་བོ་ཆོས་དང་ཟང་ཟིང་སྐལ་མཉམ་མི་སྤྱོད་པའི་རྒྱུ་མཚན་རྣམས་ལུང་རིགས་ཀྱིས་གསལ་བར་བྱའོ། །

   དེས་ན་འདི་འཆད་པ་ལ་བཞི། དང་པོ། དམ་ཉམས་ངོས་འཛིན་པ། དེ་དག་དང་ཆོས་དང་ཟང་ཟིང་སྐལ་མཉམ་དུ་སྤྱོད་ན་མི་རུང་བའི་མདོ་རྒྱུད་ཀྱི་ཁུངས་འགོད་པ། དེ་ལྟར་བྱེད་པ་འཇིག་རྟེན་ལུགས་དང་མཐུན་པ། རིགས་པས་ཀྱང་ཤིན་ཏུ་འཐད་པར་བསྟན་ཏེ་མཇུག་བསྡུ་བའོ། །

   དང་པོ་ལ་གཉིས། གནའ་དེང་བར་གསུམ་གྱི་དོལ་རྒྱལ་བསྟེན་མིའི་ཁྱད་པར་ངོས་གཟུང་བ་དང། དེང་གི་དོལ་རྒྱལ་བསྟེན་མི་ཀུན་དམ་ཉམས་པར་བསྒྲུབ་པ་གཉིས།

   དང་པོ་ནི། དེ་ཡང་ད་ལྟའི་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དེ་དག་དང་། སྔར་གྱི་དེ་རྣམས་ལ་ཁྱད་པར་ཡོད་དེ། སྔར་ས་དགེའི་ཁོངས་ཀྱི་དོལ་རྒྱལ་བསྟེན་མི་ཀུན་དོལ་རྒྱལ་འཇིག་རྟེན་དྲེགས་པར་བལྟས་ཏེ་བསྟེན་པ་ལས་སྐྱབས་གནས་སུ་བརྩིས་ཏེ་བསྟེན་མེད་པ་དོལ་རྒྱལ་གྱི་འཕྲིན་བཅོལ་རྙིང་པ་དག་དང་། དོལ་རྒྱལ་ལ་སྔ་དུས་ཀྱི་རྟོག་བཟོའི་འུར་བསྟོད་ཀྱི་ཡིག་ཆ་ཚད་ཐུབ་སྟོན་རྒྱུ་མེད་པ་དག་ལས་ཀྱང་དཔོག་པར་ནུས་སོ། །དེ་ལྟར་མེད་པ་ཅིས་ཤེས་ཞེ་ན། ཡོད་ན་ད་བར་དེ་དག་གིས་ལོ་ངོ་ཉི་ཤུ་ཙམ་ལ་ཉེ་བའི་རིང་ལས་འགུལ་ཇི་སྙེད་ཅིག་བརྩམས་ཀྱང་འགྲེམ་སྤེལ་ཡིག་ཆ་ཁག་ཏུ་ཉེ་དུས་ཀྱི་༸རྗེ་ཕ་བོང་ཁ་དང་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་གསུང་ལས་གཞན་གང་ཡང་སྟོན་རྒྱུ་མེད་པ་དེས་དེ་མེད་པ་ཤིན་ཏུ་ནས་བསྒྲུབས་སོ། །

བར་དུ་ཀིརྟི་བློ་བཟང་འཕྲིན་ལས་དང་། དྭགས་པོ་སྐལ་བཟང་མཁས་གྲུབ། དེ་བཞིན་༸སྐྱབས་རྗེ་ཕ་བོང་ཁའི་དུས་ནས་བཟུང་དོལ་རྒྱལ་གྱིས་རང་ཉིད་འཇམ་དཔལ་དྲེགས་པར་འཆར་བའི་ལུང་མང་དག་དང་ཆོ་འཕྲུལ་སྣ་ཚོགས་ཀྱིས་དབུ་སྐོར་བའི་ཉེར་ལེན་ལས་བླ་མ་དམ་པ་དེ་རྣམས་ཀྱི་གསུང་དུ་དེ་ལྟར་ཡིན་ཚུལ་སྣང་ཡང་ཡིད་བརྟན་མི་རུང་བའི་ཚུལ་གཞན་དུ་བཤད་པར་བྱའོ། །

   དེང་གི་དོལ་རྒྱལ་བསྟེན་མི་ཀུན་དོལ་རྒྱལ་སྐྱབས་གནས་ཀུན་འདུས་སུ་བརྩིས་ཏེ་དེར་གློ་སྙིང་བྲང་གསུམ་གཏད་དེ་མགོ་འབུལ་ལུས་འབུལ་ཞུ་བར་བྱེད་ཅིང། བོད་མིར་སྐྱེས་ཀྱང་བོད་མི་རིགས་ཀྱི་ལ་རྒྱས་ཕོངས་ཤིང་། རང་གི་བླ་མ་ལས་ཀྱང་དམ་སྲི་དོལ་རྒྱལ་ཁྱད་པར་དུ་འཕགས་པར་བལྟས་ཏེ་བླ་མ་སྤངས་ཏེ་དམ་སྲིར་སྐྱབས་སུ་འགྲོ་བ་ནི་དེ་དག་གི་ཁྱད་པར་རོ། །དེ་ལྟར་སྔ་དུས་དང་ད་ལྟར་གྱི་དོལ་རྒྱལ་བསྟེན་མིའི་ཁྱད་པར་བཤད་པ་དེའི་ཕྱིར་འདི་ནས་བཟུང་སྟེ་གཤམ་དུ་དོལ་རྒྱལ་རྗེས་འབྲང་ངམ་བསྟེན་མིའི་ཚིག་ཐོན་པ་མཐའ་དག་དེང་དུས་ཀྱི་དེ་དག་ལ་གོ་བར་བྱའོ། །

   དེ་ཡང་དྲེགས་པ་ཕལ་པར་སྐྱབས་སུ་སོང་བས་རང་རྒྱུད་ཀྱི་སྐྱབས་འགྲོ་སྟོང་སྟེ་དེ་དག་ནང་པའི་གྲལ་ནས་བུད་པའི་ཚུལ་ཡང་གཞན་དུ་འཆད་པར་བྱའོ། །

   གཉིས་པ་ནི། དེ་ལ་འདིར་དང་པོ་དོལ་རྒྱལ་བསྟེན་མི་ཀུན་དམ་ཉམས་པ་ཤིན་ཏུ་ནས་ཡིན་མོད། དེ་ལྟར་ཡིན་པ་ལུང་རིགས་ཀྱིས་གསལ་བར་མ་བྱས་ན་མི་རུང་བས། དེ་ཡང་ཇི་ལྟ་བུ་ཞེ་ན། ཁྱོད་དོལ་རྒྱལ་རྗེས་འབྲང་པའི་གྲལ་འགོར་སྡོད་པའི་སྐལ་བཟང་རྒྱ་མཚོ་དང་། གངས་ཅན་བླ་མ། དགོན་གསར་སྤྲུལ་སྐུ་སོགས་སྔར་༸རྒྱལ་དབང་ཐམས་ཅད་མཁྱེན་པ་འདི་ཉིད་ལས་ཆོས་འབྲེལ་སྤྱི་དང་། ཁྱད་པར་གསང་སྔགས་ཀྱི་དབང་བསྐུར་ཟབ་མོ་ཐོབ་པ་ཤ་སྟག་ཡིན་པས་ན། ད་ལྟ་རང་གི་བླ་མ་༸རྒྱལ་དབང་འདི་ཉིད་ལས་ཀྱང་དྲེགས་པ་རྩོད་གཞི་ཅན་ཞིག་བདམས་ཏེ་རང་གི་བླ་མའི་བཀར་ཁྱད་དུ་བསད་དེ། མགོན་པོ་དམ་པ་དེར་རྒོལ་བའི་ལས་ངན་ལ་རང་ཉིད་ཞུགས་ཤིང་། རང་གི་ཚེ་འདིའི་ལྟོ་གོས་ཀྱི་དོན་དུ་གཞན་མང་དག་ལ་ཆོས་ལོག་སྤེལ་ཏེ། མཐར་དེ་དག་ཀུན་ཀྱང་སྐྱེ་བོ་དམ་པར་སྨད་པའི་མཚམས་མེད་ཀྱི་ལས་ལ་སྦྱོར་བས་ན། དམ་ཉམས་པའི་ནང་ནས་དེ་དག་ལས་ཐ་ཤལ་གྱི་དམ་ཉམས་པ་གཞན་ས་སྟེང་འདི་ན་མེད་དེ། རང་གི་བླ་མར་བརྙས་སྨོད་དང་བསླབ་བྱར་ཁྱད་གསོད་བྱེད་པ་ནི་སྔགས་བླ་མེད་ལུགས་ཀྱི་སྡིག་པའི་མཐར་ཐུག་ཏུ་རྗེ་བདག་ཉིད་ཆེན་པོས་གསང་འདུས་འགྲེལ་པ་བཞི་སྦྲགས་སུ་ཞལ་གྱིས་བཞེས་པས་ན། དོལ་རྒྱལ་བསྟེན་མིའི་བོད་མི་ཕལ་མོ་ཆེ་དོལ་རྒྱལ་བསྟེན་པ་ཙམ་དུ་མ་ཟད་དོལ་རྒྱལ་ཁ་ལ་འཁྱེར་ཏེ་ལོ་ནས་ལོ་བསྟུད་རྒྱུན་མར་རང་གི་བླ་མར་ཁྱད་དུ་གསོད་པའི་ལས་ངན་ལ་འཇུག་ཅིང་། དེ་དག་ལ་འགྱོད་པ་གཏན་ནས་མེད་པར་རང་གིས་ལས་དེ་ལྟར་བསགས་པར་ཡི་རང་ཞིང་། གཞན་མང་དག་ཀྱང་གཡོ་སྒྱུའི་ཐབས་སྣ་ཚོགས་ཀྱིས་སླུ་བཞིན་པའི་བྱ་སྤྱོད་རྣམས་ལ་བལྟས་ཏེ། སྤྱིར་ལས་འབྲས་དང་ཁྱད་པར་ལས་འཕེལ་ཆེ་བའི་ངང་ཚུལ་རྣམས་བསམས་ཚེ། རང་གི་བླ་མར་བརྙས་སྨོད་བྱེད་པ་ནི་བརྙས་སྨོད་ཀྱི་ལས་ཀྱི་སྐད་ཅིག་གི་གྲངས་དང་མཉམ་པའི་བསྐལ་པར་དམྱལ་བར་གནས་དགོས་པར་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་གསུངས་པས་ན། ལོ་ནས་ལོ་བསྟུད་རང་གི་བླ་མར་བརྙས་སྨོད་བྱེད་པ་དག་བསྐལ་པའི་གྲངས་ཇི་ཙམ་དམྱལ་བར་གནས་དགོས་ཚུལ་ལ་བསམས་ན་བསམ་གྱིན་སྙིང་ནས་ཤེས་པ་འཕྱོ་དགོས་ཚོད་ཡིན་མོད། དེ་དག་ནི་ད་དུང་ཡང་འཕྲལ་གྱི་ཐན་ཐུན་གྱི་བསམ་པ་ཅོལ་ཆུང་གིས་བསྒྲིབས་ནས་རང་གིས་རང་ཕུང་ལ་སྦྱོར་བ་ལ་སྐྱོ་བ་དང་འཇིགས་རྔམས་སམ་བག་ཚའི་ཚོར་བ་ཅུང་ཟད་ཀྱང་མེད་ཅིང་། དགའ་མགུར་མཚམས་མེད་ཀྱི་ལས་ལ་རང་འཇུག་ཅིང་། གཞན་མང་པོའང་དེར་བསླུ་བའི་ཕྱིར་ན་དེ་དག་ལས་ཆེས་བླུན་པ་དང་ཆེས་དམ་ཉམས་པ་ས་སྟེང་འདི་ན་མི་སྲིད་པ་དེའི་ཕྱིར་རོ། །

   དེ་ཡང་དེ་དག་ནི་བླ་མར་བརྙས་སྨོད་དང་བསླབ་བྱར་ཁྱད་གསོད། དེ་བཞིན་སྡུག་ཅན་མཛའ་བོར་བསྟེན་པའི་སྔགས་ཀྱི་རྩ་ལྟུང་དང་པོ་གཉིས་དང་བཅུ་པ་ཤིན་ཏུ་ནས་བྱུང་བ་ཤ་སྟག་ཡིན་ལ། རྩ་ལྟུང་དེ་དག་མ་ཟད་སྐྱེ་བོ་དམ་པར་སྨོད་པའི་ལས་ངན་ཡང་ཟམ་མ་ཆད་པར་བྱུང་ལ། དེ་ཡང་རང་གི་རྡོ་རྗེ་སློབ་དཔོན་ལ་སྨོད་པ་ནི་སྡིག་པ་ཤིན་ཏུ་མི་བཟད་པ་ཡིན་ཏེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས།

   བཅོམ་ལྡན་འདས། གང་དག་སློབ་དཔོན་ལ་བརྙས་པར་བགྱིད་པ་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལག་ན་རྡོ་རྗེ། ལྷ་དང་བཅས་པའི་འཇིག་རྟེན་སྐྲག་པར་འགྱུར་གྱིས་དེ་སྐད་མ་སྨྲ་ཞིག། གསང་བའི་བདག་པོ། འོན་ཀྱང་ཅུང་ཞིག་བརྗོད་པར་བྱ་ཡི། །དཔའ་བོ་བསྒྲིམས་ཏེ་ཉོན་ཅིག། །མཚམས་མེད་ལ་སོགས་མི་བཟད་པ། །དམྱལ་བ་གང་དག་ངས་བཤད་པ། །དེ་རྣམས་ཀྱི་ནི་གནས་སུ་བརྗོད། །དེར་ནི་བསྐལ་པ་མཐའ་ཡས་སོ། །དེ་ལྟ་བས་ན་རྣམ་ཀུན་ཏུ། །དེ་ལ་ནམ་ཡང་བརྙས་མི་བྱ། ། ཞེས་དང།

   རྒྱ་གར་གྱི་སློབ་དཔོན་མཁས་པ་ཆེན་པོ་བྷ་བི་ལྷས་མཛད་པའི་བླ་མ་ལྔ་བཅུ་པ་ལས།
སློབ་དཔོན་ལ་ནི་སྨོད་པ་དེ། །ཡམས་དང་མཛེ་དང་ནད་རྣམས་དང། །
གདོན་དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །

རྒྱལ་པོ་མེ་དང་སྦྲུལ་གདུག་དང། །ཆུ་དང་མཁའ་འགྲོ་རྐུན་པོ་དང། །
གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང། །བསད་ནས་སེམས་ཅན་དམྱལ་བར་འགྲོ །

ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་ཏུ་སེམས་དཀྲུགས་མི་བྱ་སྟེ། །
གལ་ཏེ་རྨོངས་པས་བྱས་གྱུར་ན། །དམྱལ་བར་ངེས་པར་འཚེད་པར་འགྱུར། །

མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །
སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད།

ཅེས་དང། ཡང་དེ་ཉིད་ལས།

དེ་འདྲའི་མགོན་ལ་བསམ་བྱས་ནས། །སློབ་མར་གྱུར་ནས་བརྙས་ན་ནི། །
སངས་རྒྱས་ཐམས་ཅད་བརྙས་པས་ན། །དེས་ནི་རྟག་ཏུ་སྡུག་བསྔལ་འཐོབ། །ཅེས་རང་གི་བླ་མར་བརྙས་པ་སངས་རྒྱས་ཐམས་ཅད་བརྙས་པ་དང་མཚུངས་པར་གསུངས་པ་དང།

ཡང་མཁས་གྲུབ་ཆེན་པོ་ཤྭནྟི་པས་མཛད་པའི་དགྲ་ནག་གི་དཀའ་འགྲེལ་དུ་དྲངས་པ་ལས་ཀྱང།
ཚིགས་བཅད་གཅིག་ཙམ་ཉན་པས་ཀྱང། །གང་གིས་བླ་མར་མི་འཛིན་པ། །
ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་སོ།

སློབ་མ་དམ་ཚིག་ཉམས་པ་དེས་རྒྱུད་ཀྱི་དོན་ཇི་ལྟར་བསྒྲུབས་ཀྱང་དམྱལ་བ་སྒྲུབ་པ་ཉིད་ཡིན་ཏེ།

རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས།

གང་གི་སློབ་དཔོན་ཡང་དག་སྨད། །དེས་ནི་རྒྱུད་ཀུན་སྒྲུབ་པའི་མཆོག །
གཉིད་དང་འདུ་འཛི་རྣམ་སྤངས་ཏེ། །བསྐལ་པ་སྟོང་དུ་ལེགས་བསྒྲུབས་ཀྱང། །

དམྱལ་སོགས་སྒྲུབ་པར་བྱེད་པའོ། །ཞེས་གསུངས་པ་ཕྱིར།

   གཞན་ཡང་བླ་མ་ལ་ཁོང་ཁྲོ་སྐྱེ་ན་ཁོང་ཁྲོ་ཇི་ཙམ་སྐྱེས་པའི་ཡུན་གྱི་ཐུང་མཐའི་སྐད་ཅིག་མའི་གྲངས་དང་མཉམ་པའི་བསྐལ་པའི་དགེ་རྩ་བཅོམ་ཞིང། དེའི་གྲངས་དང་མཉམ་པའི་བསྐལ་པར་མནར་མེད་དུ་གནས་དགོས་ཏེ། དུས་ཀྱི་འཁོར་ལོའི་རྒྱུད་ལས།

བླ་མ་མ་གུས་སྐད་ཅིག་གྲངས། །བསྐལ་པར་བསགས་པའི་དགེ་བཅོམ་ནས། །
དེ་སྙེད་བསྐལ་པར་དམྱལ་སོགས་ཀྱི། །སྡུག་བསྔལ་ཚོར་བ་དྲག་པོ་མྱོང། །ཞེས་དང།

   དེ་ཡང་སྤྱིར་ན་བླ་མའི་བཀའ་ཡིན་ཡང་ཆོས་དང་མི་མཐུན་ན་མ་བསྒྲུབས་ཀྱང་ཉེས་པ་མེད་ཅིང། ཆོས་དང་མཐུན་ཀྱང་རང་གིས་སྒྲུབ་མི་ནུས་ན་དེ་ལྟར་མི་ནུས་པའི་རྒྱུ་མཚན་ལེགས་པར་བརྡ་སྤྲོད་པའི་ཚིག་གིས་བཤད་སྦྱང་ལེགས་པར་བྱས་ནས་མ་བསྒྲུབས་ཀྱང་ཉེས་པ་མེད་པ་རྗེའི་ལམ་རིམ་ཆེན་མོ་དང་། བླ་མ་ལྔ་བཅུ་པའི་འགྲེལ་པ་གཉིས་ཀར་འདུལ་བའི་མདོ་དང་། དཀོན་མཆོག་སྤྲིན་དང་། སྐྱེས་རབས་དང་། བླ་མ་ལྔ་བཅུ་པའི་ཁུངས་དྲངས་ཏེ་ལེགས་པར་གཏན་ལ་ཕབ་པ་ལྟར་ཡིན་རུང། དེ་ལྟར་མིན་པར་ཁྱད་གསོད་སོགས་ཀྱིས་བླ་མའི་བཀའ་ལས་འདས་པའི་ཉེས་དམིགས་ནི་ཤིན་ཏུ་ལྕི་སྟེ། གུར་གྱི་ལེའུ་བརྒྱད་པ་ལས།

དེ་ཚེ་དབང་བསྐུར་མཆོག་ཐོབ་པའི། །སློབ་མའང་བླ་མའི་བཀའ་འདས་ན། །
འཇིག་རྟེན་འདིར་ཡང་སྡུག་བསྔལ་ཞིང། །འཇིག་རྟེན་ཕ་རོལ་དམྱལ་བར་འགྲོ ། །ཞེས་གསུངས་པའི་ཕྱིར།

   ལམ་རིམ་རྣམ་གྲོལ་ལག་བཅངས་ལས་ཀྱང། སློབ་དཔོན་ལ་བརྙས་སྨོད་ཤོར་ན། ཚེ་འདིར་ཡང་མི་འདོད་སྣ་དགུ་འབྱུང་སྟེ། སྔོན་འཕགས་ཡུལ་ན་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་ཆོས་གསུངས་པའི་ཚེ། ཁོང་རང་གི་བླ་མ་གྲུབ་ཆེན་ཕག་ཚང་བ་དེར་བྱོན་པ་མ་མཐོང་བའི་ཚུལ་དུ་བརྫུས་ནས། རྗེས་སུ་བླ་མར་ངས་མ་མཐོང་ཞེས་རྫུན་ཞུས་པས་མིག་འབྲས་དངོས་སུ་ཕྱིར་དོན་ནས་སར་ལྷུང་བའི་ལོ་རྒྱུས་དང། ཞེས་གསུངས་པའི་ཕྱིར།

   གཞན་ཡང་བཤེས་གཉེན་མ་བསྟེན་པ་དང་བསྟེན་ཚུལ་ལོག་པའི་ཉེས་དམིགས་རྗེའི་ལམ་རིམ་ཆེན་མོར་གསུངས་པ་ཐམས་ཅད་དོལ་རྒྱལ་རྗེས་འབྲང་པ་རྣམས་ལ་ཐོག་ཏུ་བབས་པ་ཡིན་པས། ད་ལྟ་ནས་འགྱོད་བཤགས་ཚུལ་བཞིན་ཞུས་ཏེ་སྤང་བླང་མ་ནོར་བར་བྱེད་འདོད་ན་གོ་སྐབས་ཡོད་པས་རང་གིས་རང་བསླུ་བར་མ་བྱེད་ཅིག་ཅེས་བརྩེ་བས་སྙིང་ནས་བསྐུལ་ལོ། །

   གཞན་དོལ་རྒྱལ་རྗེས་འབྲང་ཕྱི་གླིང་པ་དག་གིས་ངེད་ཚོས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་བཤེས་གཉེན་དུ་བསྟེན་མྱོང་མེད་པས་ཉེས་པར་མི་འགྱུར་རོ་སྙམ་ན། ཁྱེད་ཅག་གི་བླ་མའི་བླ་མར་གྱུར་པས་བརྒྱུད་པའི་བླ་མ་ཡིན་པས་ཉེས་པ་དེ་ཉིད་དུ་གནས་སོ། །དེ་ཡང་བླ་མ་གཅིག་དང་དམ་ཚིག་ལོག་ན་གཞན་ཀུན་དང་ལོག་པ་ཡིན་ཏེ། པོ་ཏོ་བའི་གསུང་དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་བཙུན་པ་ཤེས་རབ་རྡོ་རྗེས་མཛད་པ་ལས།

     ཁ་ཅིག་གིས་དང་པོ་བླ་མ་རྙེད་ཚད་བྱས་པས་དེའི་ཆོས་ཀྱིས་ཕན་མི་ཐོགས་ཏེ། བླ་མ་ཕྱི་མ་ཞིག་བཙལ་བས་སྔོན་མ་དང་དམ་ཚིག་ཉམས། དེ་ཉམས་པའི་སྟོབས་ཀྱིས་རང་རེ་སྐྱོན་ཅན་དུ་སོང་བས་བླ་མ་ཕྱི་མའི་བྱིན་རླབས་ཀྱང་མི་འཇུག་གསུངས། ཞེས་པ་དང།

   ཐོ་ཡོན་བླ་མ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་ལེགས་པར་བཤད་པ་བཀའ་གདམས་རིན་པོ་ཆེའི་གསུང་གི་གཅེས་བཏུས་ནོར་བུའི་བང་མཛོད་ཀྱི་ལེའུ་བཞི་པ་ཀ་མ་པ་ཡབ་སྲས་ཀྱི་གསུང་སྒྲོས་ལས།

   དེས་ན་ཆོས་ཀྱི་རྩ་བ་ཐམས་ཅད་འདིར་ཐུག་སྟེ། བླ་མ་གཅིག་ལ་དད་གུས་ཤོར་ན་ཆོས་རྒྱུད་ལ་སྐྱེ་བའི་སྐབས་བྱ་བ་ཡེ་མེད། དེ་ཡང་བླ་མ་གཅིག་སྤངས་པས་ཡོངས་སྤང་བར་འགྲོའོ། །ཞེས་གསུངས་པ་ལྟར་རོ། །

   དེར་མ་ཟད་དམ་ཉམས་པ་དང་ལྷན་ཅིག་ཏུ་༸སྐྱབས་མགོན་༸རྒྱལ་བའི་དབང་པོར་སྨོད་པའི་གྲོགས་བྱེད་པ་ཡང་ཉེས་པ་དེ་ཉིད་དུ་གནས་ཏེ། རྗེ་བདག་ཉིད་ཆེན་པོས་བླ་མ་ལྔ་བཅུ་པའི་འགྲེལ་པ་ལས།

དེ་ལྟར་རང་གི་སློབ་དཔོན་ལ་མི་སྨོད་པ་ཙམ་དུ་མ་ཟད། གཞན་སྨོད་པ་གྲོགས་སུ་བྱས་ནའང་སྔར་བཤད་པ་ལྟར་རང་གི་དངོས་གྲུབ་ཀྱི་གེགས་ཆེན་པོར་འགྱུར་བས་རྣམ་པ་ཐམས་ཅད་དུ་སྤང་བར་བྱ་སྟེ། ཞེས་གསུངས་པའི་ཕྱིར།

གཞན་ཡང་སྐྱེ་བོ་དམ་པར་སྨད་པའི་ལས་ངན་ཤིན་ཏུ་མི་བཟད་པས་འདིར་རགས་བསྡུས་ཙམ་བསྟན་ན་དགེ་མཚན་ཆེ་བར་སྣང་བས། དེ་ཡང་སྐྱེ་བོ་དམ་པར་སྨད་པའི་ལས་ངན་ནི་ཤིན་ཏུ་ནས་སྡུག་བསྔལ་མི་བཟོད་པའི་རྒྱུ་ཡིན་ཏེེ།

སྤྱོད་འཇུག་ལས།

གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་བསྐྱེད་པར་བྱེད་པ་དེ། །
ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །

འོན་ཏེ་གང་ཞིག་ཡིད་རབ་དང་བྱེད་ན། །དེ་ཡི་འབྲས་བུ་དེ་བས་ལྷག་པར་འཕེལ། །ཞེས་དང།

འཇུག་པ་ལས།

གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས། །སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པ་བརྒྱར།
བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར། །མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། །

ཞེས་གསུངས་པའི་ཕྱིར།

   དེ་ལྟར་རྒྱ་གར་གྱི་མཁས་གྲུབ་དེ་གཉིས་ཀྱི་གསུང་དེ་དག་སངས་རྒྱས་ཀྱི་མདོའི་ཁུངས་དང་བཅས་པ་ཡིན་ཏེ།

རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས།

འཇམ་དཔལ་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་བསྐྱེད་ཅིང་བརྙས་པའི་སེམས་བསྐྱེད་པ་དེ་སྲིད་དུ་དེས་བདག་བསྐལ་པར་དམྱལ་བར་གནས་པར་བྱའོ། །ཞེས་གོ་ཆ་བགོ་བར་བྱའོ། །ཞེས་ངན་སེམས་བསྐྱེད་པའི་སྐད་ཅིག་གི་གྲངས་དེ་སྙེད་ཀྱི་བསྐལ་པར་དམྱལ་བར་གནས་དགོས་པ་གསུངས་པ་དང།

   རྒྱ་གར་གྱི་མཁས་གྲུབ་ཆེན་པོ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པའི་སྤྱོད་འཇུག་གི་དཀའ་འགྲེལ་ལས།

བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་པ་ནི་སངས་རྒྱས་ཉིད་རྩ་བ་དང་བཅས་པ་བཅོམ་ཞིང་ཉེ་བར་བཅོམ་པ་ཡིན་ཏེ། དེ་ལྟར་ན་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་དོན་ཉེ་བར་བཅོམ་པར་འགྱུར་རོ། །ཞེས་དང།

ཡང། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས།

   འཇམ་དཔལ་རིགས་ཀྱི་བུའམ་བུ་མོ་གང་ལ་ལ་ཞིག་གིས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཆོད་རྟེན་བཤིག་པའམ། བསྲེགས་ལ། ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གནོད་སེམས་དང་ཐ་བ་དང་ཁོང་ཁྲོ་བའི་སེམས་བསྐྱེད་ཅིང་སྤྱོས་ཏེ་བརྒྱུད་ན་འདི་ནི་དེ་བས་ཆེས་གྲངས་མེད་པའི་སྡིག་པ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །སངས་རྒྱས་ལས་བྱུང་བ་ནི་མཆོད་རྟེན་དང། བདེ་བའི་ཡོ་བྱད་ཐམས་ཅད་དང། ལྷའི་རིགས་ཐམས་ཅད་དོ། །བྱང་ཆུབ་སེམས་དཔའ་ལ་དམ་པ་མ་ཡིན་པར་བྱས་ན་སངས་རྒྱས་ཐམས་ཅད་ལ་དམ་པ་མ་ཡིན་པ་བྱས་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་ལ་དམ་པར་བྱས་ན་སངས་རྒྱས་ཐམས་ཅད་ལ་དམ་པ་བྱས་པར་འགྱུར་རོ། །ཞེས་དང།

   འཕགས་པ་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། འཇམ་དཔལ་ཁོང་ཁྲོ་ཁོང་ཁྲོ་ཞེས་བྱ་བ་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བ་འཇོམས་པར་བྱེད་པ་སྟེ། དེའི་ཕྱིར་ཁོང་ཁྲོ་མི་བྱའོ། །ཞེས་དང།

   འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་མདོ་ལས། དགེ་སློང་དག།དགེ་སློང་འདིས་དབུའི་སྐྲ་དང། སེན་མོའི་མཆོད་རྟེན་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་ནས་སེམས་དང་བར་བྱེད་པ་ལ་ལྟོས། བཙུན་པ་དེ་ལྟར་ལགས་སོ། །དགེ་སློང་དག དགེ་སློང་འདིས་ས་ཇི་ཙམ་ནོན་པའི་འོག་ཏུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན་གསེར་ལས་གྲུབ་པ་ལ་ཐུག་པའི་བར་ན་རྡུལ་ཕྲན་ཇི་སྙེད་ཡོད་པ་དེ་སྙེད་དུ་དགེ་སློང་འདིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ཡོངས་སུ་སྤྱོད་པར་འགྱུར་ཞེས་བྱ་བ་ནས་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་བཅོམ་ལྡན་འདས་ག་ན་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་འདིའི་དེ་ལྟར་དགེ་བའི་རྩ་བ་དེ་ལྟ་བུར་ཆེ་བར་གསུང་ན། བཅོམ་ལྡན་འདས་དགེ་བའི་རྩ་བ་འདི་གང་དུ་བསྲབས་པ་དང། ཡོངས་སུ་བྱང་བ་དང། ཡོངས་སུ་ཟད་པ་འགྱུར་བ་ལགས། བཀའ་སྩལ་བ། ཉེ་བར་འཁོར་ཇི་སྲིད་དུ་ཚངས་པར་སྤྱོད་པ་རྨད་དུ་བྱུང་དམ་པས་ཚངས་པར་མཚུངས་པར་སྤྱོད་པ་ལ་སྡང་བའི་སེམས་མ་བསྐྱེད་པ་དེ་སྲིད་དུ་ཟད་པ་དང་ཉམས་པར་ངས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ཉེ་བར་འཁོར་དེར་དགེ་བའི་རྩ་བ་ཆེན་པོ་འདི་ཡང་བསྲབས་པ་དང། ཡོངས་སུ་བྱང་བ་དང། ཡོངས་སུ་ཟད་པར་འགྱུར་བ་དེ་ལྟ་བས་ན་མགུལ་དུམ་ལ་ཡང་སེམས་ཀྱིས་ཁྲོ་བར་མི་བྱ་ན་རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་ཅི་ཞིག་སྨོས། ཞེས་གསུངས་སོ། །

   དེ་ལྟར་གོང་གི་ལུང་དེ་དག་ནི་ཁོ་བོས་རྟོག་བཟོ་མིན་གྱི་བོད་དུ་བསྒྱུར་བའི་རྒྱལ་བའི་བཀའ་འགྱུར་པོད་བརྒྱ་ལྷག་དང་། རྒྱ་གར་མཁས་པའི་གསུང་བསྟན་འགྱུར་པོད་ཉིས་བརྒྱ་ཉི་ཤུ་ལྷག་ཡོད་པས། བོད་ཀྱི་གཅེས་ནོར་དེ་དག་གི་ཁྲོད་དུ་མཚན་བྱང་ལས་ལུང་དེ་དག་འཚོལ་ཞིབ་བྱས་ན་བཞུགས་པ་ཁོ་ནར་ངེས་སོ། །

   གཉིས་པ་ལ་ལྔ། དམ་ཉམས་དང་ལྷན་ཅིག་ཏུ་ཆོས་དང་ཟང་ཟིང་མི་སྤྱོད་པ་མདོ་ལས་ཇི་ལྟར་འབྱུང་ཚུལ། ཆེད་དུ་བྱ་བའི་ཚོམས་ལས་རྒྱས་པར་གསུང་ཚུལ། དེ་བཀའ་གདམས་པའི་བཞེད་པར་ཡང་བསྟན་པ། བཞེད་པ་དེའི་ཁུངས་གསང་སྔགས་ཀྱི་རྒྱུད་སྡེ་ནས་ཇི་ལྟར་གསུང་ཚུལ་ལོ། །

   དང་པོ་དམ་ཉམས་པ་དང་ཆོས་དང་ཟང་ཟིང་ལྷན་དུ་མི་སྤྱོད་པ་མདོ་ལས་གསུང་ཚུལ་ཇི་ལྟ་བུ་ཞེ་ན། དེ་ཡང། མདོ་དྲན་པ་ཉེར་བཞག་ལས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་སྡིག་པའི་གྲོགས་པོ་སྟེ་དེ་ནི་དུག་གི་སྡོང་པོ་ལྟ་བུའོ། །ཞེས་དང།

   མྱ་ངན་ལས་འདས་པ་ལས་ཀྱང། བྱང་ཆུབ་སེམས་དཔའ་ནི་གྲོགས་ངན་པ་ལ་འཇིགས་པ་ལྟར་གླང་པོ་ཆེ་མྱོས་པ་ལ་སོགས་པ་ལ་མ་ཡིན་ཏེ། འདིས་ནི་ལུས་ཙམ་འཇིག་པར་བྱེད་ཀྱི་སྔ་མས་ནི་དགེ་བ་དང་སེམས་རྣམ་པར་དག་པ་གཉིས་ཀ་འཇིག་པར་བྱེད་དོ། །ཞེས་དང།

བདེན་པ་པོའི་ལེའུ་ལས་ཀྱང།

གང་དག་སྡིག་གྲོགས་སྦྲུལ་གྱི་སེམས་ཟིན་ཅིང། །དགེ་བའི་བཤེས་ཀྱི་དུག་སྨན་རྣམ་སྤངས་པ། །
དེ་དག་དམ་ཆོས་དཀོན་མཆོག་ཐོས་གྱུར་ན། །ཀྱེ་མ་བག་མེད་གཡང་ས་ཆེ་ལས་ལྷུང། །

ཞེས་གསུངས་པ་ལྟར་རོ། །

   ཁྱེད་དོལ་རྒྱལ་བསྟེན་མི་ཀུན་ནི་སྡིག་གྲོགས་དང་། མི་དགེ་བའི་བཤེས་གཉེན་ཡིན་ཏེ། རང་གི་བླ་མ་དམ་པར་སྐུར་བ་འདེབས་པའམ་གཞན་དེ་ལྟར་བྱེད་པར་བསམ་སྦྱོར་གཉིས་ཀྱིས་གྲོགས་བྱེད་པ་དང། ཉིན་མཚན་དུས་དྲུག་ཏུ་སྐྱེ་བོ་དམ་པར་སྨོད་པའི་ལས་ལ་དངོས་སུ་འཇུག་པའམ། གཞན་དག་ལས་ངན་དེར་སྦྱོར་བའི་གྲོགས་བྱེད་པའམ། དེ་ལྟར་བྱེད་པར་ཡི་རང་བ་བྱེད་ཅིང། དངོས་སུ་ལས་ངན་ལ་འཇུག་མི་འཇུག་ཅི་རིགས་པ་ཡིན་རུང། ཐམས་ཅད་མི་དགེ་བཤེས་གཉེན་གྱི་ངན་བསླབ་ལ་ཡིད་ཆེས་ནས་ཤེས་རྒྱུད་སྡིག་གྲོགས་ཀྱིས་བྱིན་གྱིས་བརླབས་པ་ཤ་སྟག་ཡིན་པའི་ཕྱིར།

   གཞན་ཡང། དོལ་རྒྱལ་རྗེས་འབྲང་པས་བསྟེན་ཅིང་བཀུར་བའི་རང་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་མེད་བཞིེན་ཡོད་པར་རློམ་པའི་བླ་རྫུན་ཀུན་ནི་མི་དགེ་བའི་བཤེས་གཉེན་ཡིན་ཏེ། དེ་དག་ནི་རྗེ་བདག་ཉིད་ཆེན་པོས་ལམ་རིམ་ཆེན་མོ་ལས། མི་དགེ་བའི་བཤེས་གཉེན་ནི། གང་ལ་བརྟེན་ན་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བའི་ཉེས་སྤྱོད་སྔར་ཡོད་པ་རྣམས་མི་འགྲིབ་ཅིང་སྔར་མེད་པ་རྣམས་གསར་དུ་འཕེལ་བར་འགྱུར་བ་རྣམས་སོ།།ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར།

   དེས་ན་དེ་དག་གི་རྗེས་འབྲང་ནུབ་ཕྱོགས་པ་དག་གིས་རང་གི་མདུན་མ་མ་འཆོལ་བར་འདོད་ན་སྤང་བླང་མ་ནོར་བ་དགོས་ལ། དེ་ཡང་རྗེ་བདག་ཉིད་ཆེན་པོས་ཐོག་མཐའ་བར་གསུམ་དུ་དགེ་བའི་སྨོན་ལམ་ལས།

     ཐུབ་པའི་དགོངས་པའི་དོན་ལས་ཕྱིར་ཕྱོགས་པའི། །རྟག་ཆད་ལྟ་བ་སྟོན་པར་བྱེད་པ་པོ། །
མི་དགེ་བཤེས་གཉེན་སྡིག་པའི་གྲོགས་རྣམས་ཀྱི། །དབང་དུ་ནམ་ཡང་འགྲོ་བར་མ་གྱུར་ཅིག །

ཅེས་ཇི་ལྟར་སྨོན་ལམ་བཏབ་པ་ལྟར་སྨོན་ལམ་ཙམ་གྱིས་མ་ཚིམས་པར་སྨོན་པའི་དོན་འགྲུབ་པར་རང་གི་ངོས་ནས་འབད་དེ་ཆོས་ཚུལ་བཞིན་བྱེད་དགོས་ལ། དེ་ལྟར་སྟོན་པའི་བླ་མ་དམ་པ་བསྟེན་ན་རང་གི་མདུན་མ་མ་འཆོལ་བར་ལེགས་པར་འགྱུར་བའི་སྐབས་སྲིད་དོ། །

   གཉིས་པ་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པའི་ཆེད་དུ་བྱ་བའི་ཚོམས་ལས་ཇི་ལྟར་གསུངས་ཤེ་ན། དེ་ཡང་ཚོམས་ལ་ལེའུ་སོ་གསུམ་ཡོད་པའི་ཉེར་ལྔ་པ་མཛའ་བཤེས་ཀྱི་ཚོམས་ཀྱི་ཚིགས་བཅད་སྐབས་སུ་བབ་པ་འགའ་ཞིག་འདིར་འགོད་པར་བྱའོ།

དེ་ཡང་དེ་ཉིད་ལས།

དད་པ་མེད་ཅིང་འཇུངས་པ་དང། །དབྱེན་བྱེད་ཕྲ་མ་ཅན་དག་དང། །
མཁས་པས་བཤེས་པར་མི་བྱ་ཞིང། །སྡིག་ཅན་མི་དང་གྲོགས་མི་བྱ། །

               དད་ལྡན་སྙན་པར་སྨྲ་བ་དང། །ཐོས་མང་ཚུལ་ཁྲིམས་ལྡན་པ་དང། །
མཁས་པ་ཡིས་ནི་མཛའ་བྱ་ཞིང། །མི་མཆོག་དག་དང་འགྲོགས་པར་བྱ། །

སྡིག་པའི་གྲོགས་པོ་མི་བསྟེན་ཅིང། །སྐྱེས་བུ་ངན་པ་བསྟེན་མི་བྱ། །
དགེ་བའི་བཤེས་གཉེན་བསྟེན་བྱ་ཞིང། །སྐྱེས་བུ་དམ་པ་བསྟེན་པར་བྱ། །
དེ་ལྟ་བུ་དག་བསྟེན་བྱས་ན། །སྡིག་པར་མི་འགྱུར་ལེགས་པར་འགྱུར། །

           གང་དག་ཐོས་མང་གནས་མང་སེམས་པ་དང། །དད་དང་ཤེས་རབ་ལྡན་དེ་མི་ཡིས་བསྟེན། །
འདིར་ནི་དེ་ཡིས་ལེགས་སྨྲས་མཉན་བྱས་ན། །རིང་པོ་ནས་ཀྱང་ཁྱད་པར་འཐོབ་པར་འགྱུར། །

ཞེས་དང།

གལ་ཏེ་སྡིག་པ་བྱེད་པ་དག།།སྡིག་མི་བྱེད་པས་བསྟེན་ན་ཡང། །
སྡིག་པ་བྱེད་པར་དོགས་སྐྱེ་ཞིང། །མི་སྙན་པར་ཡང་འཕེལ་བར་འགྱུར། །

           བསྟེན་བྱ་མ་ཡིན་བསྟེན་པའི་མི། །དེ་ཡི་སྐྱོན་གྱིས་སྐྱོན་ཅན་འགྱུར། །
དོང་པར་དུག་བསྐུས་མདའ་བཅུག་པས། །དུག་མ་སྐུས་པའང་གོས་པ་བཞིན། །
བསྟེན་པ་སྐྱོན་གོས་འཇིགས་པ་དག།།སྡིག་པ་ཅན་དང་བཤེས་མི་བྱ། །

ཇི་ལྟར་གྲོགས་པོ་བསྟེན་པ་དང། །ཇི་ལྟར་ཉེ་བར་བསྟེན་བྱས་པ། །
བསྟེན་བྱ་དེ་ནི་ཅི་འདྲ་བར། །རིང་པོ་མི་ཐོགས་དེ་འདྲར་འགྱུར། །

               དེ་བས་འབྲས་བུའི་སྣོད་བཞིན་དུ། །བདག་གིས་བསྟེན་པ་ཤེས་པ་ཡིས། །
དམ་པ་མ་ཡིན་མི་བསྟེན་ཅིང། །མཁས་པས་དམ་པ་བསྟེན་བྱས་ལ། །
དགེ་སློང་དེའི་ལམ་རྗེས་འབྲང་ན། །སྡུག་བསྔལ་ཟད་པར་འཐོབ་པར་འགྱུར། །

ཞེས་དང།

བྱིས་པ་རྣམས་དང་མཛའ་མི་རུང། །བྱིས་པ་རྣམས་དང་མཛའ་བྱེད་པ། །
སེམས་ཅན་དམྱལ་བར་འཁྲིད་པར་བྱེད། །བྱིས་པ་གང་ཞིག་བྱིས་པའོ་ཞེས། །
ཤེས་པ་དེ་འདིར་མཁས་པ་ཡིན། །བྱིས་པ་གང་ཞིག་མཁས་སེམས་པ། །

དེ་ནི་བྱིས་པ་ཞེས་བརྗོད་དོ། །ཞེས་དང།

             བྱིས་པ་བསྟེན་པས་སྡུག་བསྔལ་ཞིང། །རྣམ་པ་ཀུན་ཏུ་དགྲ་འདྲ་བས། །
བྱིས་པ་མི་མཐོང་མི་ཐོས་ཤིང། །མ་བསྟེན་གྱུར་པ་ཉིད་རུང་ངོ་། །

གཉེན་དང་ཕྲད་པ་ཇི་ལྟ་བར། །བརྟན་པ་བསྟེན་ན་བདེ་བར་འགྱུར། །
དེ་བས་རྒྱུ་སྐར་ལམ་དུ་ཟླ་བ་ལྟར། །བརྟན་ཞིང་ཐོས་མང་མཆོག་འདྲེན་བྱེད་པ་དང། །
ཚུལ་ཁྲིམས་ལྡན་དང་འཕགས་པའི་བརྟུལ་ཞུགས་ཅན། །མི་མཆོག་བརྩེ་ལྡན་བློ་བཟང་བསྟེན་པར་གྱིས། །

ཞེས་གསུངས་པ་ལྟར་བྱིས་པ་ནི་སྡིག་པ་ལ་ངང་གིས་འཇུག་ཅིང་གཞན་དག་ཀྱང་དེར་འཁྲིད་ཅིང་། ཚེ་འདི་སྣང་གི་བསམ་པ་ཁོ་ནས་ཆོས་མིན་ལས་ལ་འཛེམ་མེད་དུ་སྤྱོད་པ་དག་ལ་གོ་བས། དེས་ན་དོལ་རྒྱལ་བསྟེན་མི་རྣམས་དང་ཆོས་དང་ཟང་ཟིང་མི་སྤྱོད་པ་མདོ་དང་ཚོམས་ཀྱི་དགོངས་པ་དང་ཤིན་ཏུ་ནས་མཐུན་ནོ། །

གསུམ་པ་དེ་བཀའ་གདམས་པའི་བཞེད་པར་ཡང་བསྟན་པ།

   དེ་ཡང་བཀའ་གདམས་པ་མཚན་ཉིད་ཚང་བ་ཞིག་ཡིན་ན་༸རྒྱལ་བའི་བཀའ་ཡི་ཡིག་འབྲུ་ཚུན་ཡང་ཉམས་ལེན་ལ་སྦྱོར་ཞིང། དེ་ཡང་རྗེ་བཙུན་བྱམས་པས་མངོན་རྟོགས་རྒྱན་གྱི་མཆོད་བརྗོད་དུ། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང།།ཞེས་པའི་དགོངས་པ་དང་མཐུན་པར་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་ལ་དག་སྣང་ཙམ་གྱིས་མ་ཚིམས་པར་གཞན་རེ་ལྟོས་འཆའ་བའི་སེམས་ཅན་རྣམས་རང་རང་གི་ཁམས་མོས་དབང་པོ་དང་བག་ལ་ཉལ་སོགས་དང་འཚམ་པའི་ཆོས་ཀྱི་གོ་སྐལ་ལ་སྦྱོར་བའི་ཕྱིར་ཇི་ལྟར་གཞན་རྒྱུད་འདུལ་ཕྱིར་དོན་སྤྱོད་པ་དང་དོན་མཐུན་པ་གཉིས་ཀ་དགོས་པ་ལྟར་རང་གིས་ཀྱང་དེ་མཚུངས་ཆོས་ཀྱི་ཚུལ་དུ་མར་བསླབས་ཏེ་ཉམས་སུ་ལེན་དགོས་ཏེ། གཞན་དུ་ན་རྣམ་འགྲེལ་ལས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་པ་ལྟར་རང་གིས་མི་ཤེས་པར་གཞན་ལ་སྟོན་མི་ནུས་པར་འགྱུར་བའི་ཕྱིར།

   དེ་ཡང་མདོ་ལས་གསུངས་པའི་དོན་འདིར་བསྟན་ཟིན་པ་དག་གི་རྒྱབ་རྟེན་དུ་བཀའ་གདམས་པའི་མན་ངག་འདིར་འགོད་འདོད་པ་མིན་གྱི། འོན་ཀྱང་དེ་ལྟར་མདོ་ལས་བསྟན་པ་དེ་དག་དགོངས་པ་ཅན་ཡིན་གྱི། བཀའ་གདམས་གོང་མ་རྣམས་དེ་ལྟར་སྒྲས་ཟིན་ལྟར་ཉམས་སུ་མི་ལེན་ནོ་སྙམ་པའི་དོགས་པ་སེལ་བའི་ཕྱིར་འདིར་བཀའ་གདམས་བླ་མ་གོང་མ་རྣམས་ཀྱི་གསུང་སྒྲོས་འགའ་ཞིག་འགོད་པར་བྱའོ། །

   དེ་ཡང་ཐོ་ཡོན་བླ་མ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱི་མཛད་པའི་ལེགས་པར་བཤད་པ་བཀའ་གདམས་རིན་པོ་ཆེའི་གསུང་གི་གཅེས་བཏུས་ནོར་བུའི་བང་མཛོད་དུ་དྲངས་པའི་དགེ་བཤེས་ཤ་ར་བའི་གསུང་སྒྲོས་ལས།

   གཉིས་པ་མི་དགེ་བའི་བཤེས་གཉེན་མི་བསྟེན་པ་ནི། གྱོང་ཁ་ཐམས་ཅད་སྡིག་པའི་གྲོགས་པོ་ལས་འབྱུང་བས་སུ་དང་ཡང་འབྲེལ་མི་བྱེད་པ་དང། ཚུལ་ཁྲིམས་འཆལ་བ་དང། དམ་ཚིག་ཉམས་པ་དང། འདྲེས་འཁྱེར་དང་སྐད་ཅིག་ཀྱང་མི་འགྲོགས་པར་བྱེད་དགོས། ཞེས་དང།

ཡང་དེ་ཉིད་ལས། ཀ་མ་པས། དང་པོ་གྲོགས་ངན་པ་དེ་ལ་མི་མགུ་བ་ཞིག་ཡོང། དེ་ནས་མཉམ་པར་འགྲོ། དེ་ནས་དེ་བས་ཀྱང་ངན་པ་ཞིག་ཏུ་མི་འགྲོ་མི་སྲིད་ཅེས་གསུངས། ཞེས་དང།

   ཡང་ཀ་མ་པས། སྡིག་གྲོགས་ལས་མཚང་ཆེ་བ་མེད་དེ། རང་བཟང་པོར་རེ་ཡང་གྲོགས་ངན་པ་དང་འགྲོགས་ན་དེ་ལ་མེད་པར་ཤེས། ཞེས་དང།

   དགོན་པ་བས། དམན་ཆད་གྲོགས་བཟང་པོ་ཞིག་དང་འགྲོགས་ན་དེ་ལ་རང་ཡང་བཟང་པོ་ཞིག་དགོས། དེ་མིན་ན་ཕར་ནི་འདོད་ལ་ཚུར་ནི་མི་འདོད་པ་འོང་། ཞེས་གསུངས་པ་ལྟར་རོ། །

   པོ་ཏོ་བའི་གསུང་དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་བཙུན་པ་ཤེས་རབ་རྡོ་རྗེས་མཛད་པ་ལས་ཀྱང། སྦལ་པ་རྨ་ཅན་ཞེས་པ་ནི། དཔེར་ན་སྦལ་པ་རྣམས་ཚང་དུ་འཇུག་ཙམ་ན། སྦལ་པ་ཐམས་ཅད་ཕུང་པོ་གཅིག་ཏུ་བྱས་ནས་ཉལ་བ་ལ། སྦལ་པ་གཅིག་ལ་རྨ་ཡོད་ན། སྦལ་པ་ཐམས་ཅད་རུལ་བ་ལྟར། འོ་སྐོལ་རབ་ཏུ་བྱུང་བའི་གསེབ་ན་ཚུལ་ཁྲིམས་འཆལ་བ་གཅིག་ཡོད་ན། དེའི་ཉམས་གྲིབ་ཀྱིས་ཡོན་ཏན་མི་སྐྱེའི་སྟེང་དུ་ཉེས་དམིགས་མང་པོ་ཡོད་པས་འདི་ལ་ཟོན་ཆེར་དགོས། སྔགས་ཀྱི་དམ་ཚིག་ནི་དེ་བས་ཀྱང་ཐུ་སྟེ། ལུང་པ་གཅིག་གི་ཆུ་ལ་ཡང་མི་བཏུང་བར་བཤད་པ་ཡིན་པར་འདུག་གསུངས། །

   ཡང་། སེམས་དཔའ་ཆེན་པོ་དངུལ་ཆུ་ཐོགས་མེད་བཟང་པོས་ཀྱང་རྒྱལ་སྲས་ལག་ལེན་སོ་བདུན་མ་ལས།

གང་དང་གྲོགས་ན་དུག་གསུམ་འཕེལ་འགྱུར་ཞིང། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་ལ། །
བྱམས་དང་སྙིང་རྗེ་མེད་པར་སྒྱུར་བྱེད་པའི། །གྲོགས་ངན་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །

ཞེས་གསུངས་པ་ལྟར། འདིར།

གང་དང་གྲོགས་ན་ལས་ངན་འཕེལ་འགྱུར་ཞིང། །བཤེས་གཉེན་བསྟེན་པའི་དམ་ཚིག་ཉམས་འགྱུར་ལ། །
ཁྲེལ་ངོ་བག་དད་མེད་པ་སྒྱུར་བྱེད་པའི། །དམ་ཉམས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །

ཞེས་ཀྱང་བརྗོད་པར་བྱའོ། །

   བཞི་པ་བཀའ་གདམས་པའི་བཞེད་པ་དེའི་ཁུངས་གཞན་གསང་སྔགས་ཀྱི་རྒྱུད་སྡེ་ནས་ཇི་ལྟར་གསུང་ཚུལ་ལ་གསུམ། བླ་མ་ཞིང་མཆོག་ཏུ་བསྟན་པ། དེ་ལ་སྨོད་པ་སངས་རྒྱས་ཐམས་ཅད་ལ་སྨོད་པར་བསྟན་པ། དམ་ཉམས་པ་དང་ཆོས་དང་ཟང་ཟིང་མི་སྤྱོད་པ་རྒྱུད་སྡེ་ནས་ཇི་ལྟར་གསུང་ཚུལ་ལོ།

     དང་པོ་ནི། དེ་ཡང་བླ་མ་ནི་ཞིང་ཤིན་ཏུ་ནས་ལྕི་བས་ཚུལ་བཞིན་བསྟེན་ན་ཕན་ཡོན་ཤིན་ཏུ་ནས་ཆེ་བ་དང། བསྟེན་ཚུལ་ལོག་ན་ཉེས་དམིགས་ཤིན་ཏུ་ནས་ཆེ་བ་ཡིན་པ་ནི། གཙོ་བོ་བླ་མའི་བཀའ་དྲིན་གྱི་ཆ་ནས་ཡིན་ཏེ།

   དགོངས་པ་འདུས་པའི་རྒྱུད་ལས།

བསྐལ་པ་སྟོང་གི་སངས་རྒྱས་ཀྱང། །བླ་མ་དག་ལ་བརྟེན་ཏེ་བྱུང། །
བླ་མ་མེད་པའི་གོང་རོལ་ལས། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་གསུངས་པའི་ཕྱིར།

   དེ་ལྟ་བུའི་རྡོ་རྗེ་སློབ་དཔོན་ནི་རྙེད་བཀུར་བའི་ཞིང་མཆོག་ཀྱང་ཡིན་ཏེ།

བླ་མ་ལྔ་བཅུ་པ་ལས།

དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །
ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པས། །དུས་གསུམ་དུ་ནི་མངོན་ཕྱག་འཚལ། །ཞེས་དང།

   རྗེ་བདག་ཉིད་ཆེན་པོས་ཀྱང་། །བླ་མ་ལྔ་བཅུ་པའི་འགྲེལ་པར། སློབ་དཔོན་དེ་ལ་ནི་ཤར་ལ་སོགས་པའི་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གཤེགས་ཤིང་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང། དུས་སྔ་དྲོ་དང་པོ་དང་གུང་དང་ཕྱི་དྲོ་ཐ་མའི་ཐུན་མཚམས་གསུམ་དུ་བྱོན་ནས་ཕྱག་འཚལ་བར་བྱེད་ན་དེ་ལས་གཞན་གྱི་སློབ་མ་རྣམས་ཀྱིས་ལྟ་ཅི་སྨོས་ཞེས་བླ་མ་ལ་གུས་པར་བྱ་བའི་རྒྱུ་མཚན་བསྟན་པའོ། །ཞེས་གསུངས་པ་ལྟར་སྨིན་བྱེད་ཀྱི་དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་གཞུང་འདིའི་དོན་དུ་མ་ཟད་གསང་འདུས་ལེའུ་བཅུ་བདུན་པ་དང་། སྒྱུ་འཕྲུལ་དྲ་བའི་རིམ་པ་བཅུ་པར་ཡང་དེ་བཞིན་འབྱུང་བས་དོན་འདི་དཔལ་ལྡན་ཟླ་བ་གྲགས་པ་དང་། ཙེ་ལུ་པ། ཤཱནྟི་པ། དྲི་མེད་སྦས་པ་སོགས་རྒྱ་གར་གྱི་མཁས་གྲུབ་དུ་མའི་འགྲེལ་པར་སྒྲ་སོར་བཞག་མཛད་པ་ཡང་རྗེ་བདག་ཉིད་ཆེན་པོས་བླ་མ་ལྔ་བཅུ་པའི་འགྲེལ་པར་གསུངས་པ་དང་།

   ཡང་མདོ་ཀུན་བཏུས་སུ་དྲངས་པ་ལས། ཀུན་དགའ་བོ། གལ་ཏེ་བྱང་ཆུབ་སེམས་དཔའ་ཤིང་རྟའི་ནང་དུ་བཞུགས་ཏེ་འདོད་པའི་ཡོན་ཏན་ལྔས་རྩེ་དགའ་ཞིང་དགའ་མགུར་སྤྱོད་པ་དེའི་ཤིང་རྟ་འདྲེན་པ་གཞན་མེད་ན། ཀུན་དགའ་བོ། བྱང་ཆུབ་སེམས་དཔའི་ཤིང་རྟ་ནི་དེ་བཞིན་གཤེགས་པའི་དབུ་ལ་ཡང་བསྐུར་རོ། །ཞེས་བྱུང་ལ།

   བླ་མ་ནི་བྱིིན་རླབས་ཀྱི་གཏེར་ཡིན་པས་དེ་ལ་རྙེད་བཀུར་བྱེད་པའི་ཚོགས་ཀྱི་མཐུ་ལས་ནི་རང་གི་རྒྱུད་ལ་དཀའ་ཚེགས་མེད་པར་ལམ་སྐྱེ་མྱུར་བའི་ཁྱད་ཀྱང་ཡོད་དེ། བཀའ་གདམས་གཅེས་བཏུས་སུ།

   དགོན་པ་བའི་ཞལ་ནས། སྟོན་པས་ལོ་ཙཱ་བྱས། རྣལ་འབྱོར་བས་བླ་མའི་གཡོག་བྱས། ངས་དབེན་པར་རྩེ་གཅིག་བསྒོམ་བྱས་པ་ལ་རྟོགས་པ་ཁོང་གཉིས་མཐོ་བ་འདུག །ཅེས་གསུངས་པའི་ཕྱིར།

དེས་ན་རང་གི་བླ་མ་ནི་ཤིན་ཏུ་ནས་གུས་པར་བྱ་བའི་ཡུལ་ཡིན་པར་ཤེས་པར་བྱའོ། །

   གཉིས་པ། དེ་ལྟ་བུའི་ཤིན་ཏུ་ནས་གུས་པར་བྱ་བའི་ཡུལ་རང་གི་བླ་མར་མ་དད་པ་བྱེད་པའམ་སྨོད་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་སྨོད་པ་ལས་ཀྱང་སྨད་པ་ཡིན་ཏེ། བཀའ་གདམས་གཅེས་བཏུས་སུ་ཀ་པ་མ་པས།

   བླ་མ་ལ་མ་དད་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མ་གུས་པ་བས་བླ་མའི་བ་སྤུའི་བུ་ག་གཅིག་ལ་མ་གུས་པ་སྡིག་པ་ཆེ་བ་མཁའ་འགྲོ་ཐམས་ཅད་ཟིལ་གྱིས་གནོན་པའི་རྒྱུད་ན་བཞུགས་སོ། །ཞེས་དང།

བླ་མ་ལྔ་བཅུ་པ་ལས།

དེ་འདྲའི་མགོན་ལ་བསམ་བྱས་པ། །སློབ་མར་གྱུར་ནས་སྨད་ན་ནི། །
སངས་རྒྱས་ཐམས་ཅད་བརྙས་པས་ན། །དེས་ནི་རྟག་ཏུ་སྡུག་བསྔལ་འཐོབ། །ཅེས་གསུངས་པའི་ཕྱིར།

   དེས་ན་བླ་མ་ལ་སེམས་ཀྱིས་མ་དད་པ་བྱེད་པ་ལ་དེ་ལྟ་བུའི་སྡིག་པ་ཆེ་བར་འགྱུར་བ་མ་ཟད་ལུས་ངག་ཡིད་གསུམ་གྱིས་བརྙས་སྨོད་བྱེད་པ་དང་བླ་མའི་བཀའ་ལས་འདས་པ། ཐུགས་དཀྲུག་པ་ལ་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དཀྲུག་པ་སོགས་ཀྱི་སྡིག་པ་ཤིན་ཏུ་ནས་ལྕི་བ་ཡིན་པ་གོང་གི་ལུང་གིས་བསྒྲུབས་པ་མཚུངས་པའི་ཕྱིར་ན་ཤིན་ཏུ་ནས་རང་གིས་རང་བསླུ་བའི་ལས་ལ་དཔྱོད་ལྡན་སུ་ཞིག་ཤེས་བཞིན་དུ་འཇུག་པར་བྱེད།

   ཡང་འགའ་ཞིག་གིས་ཁོ་བོ་ཅག་ལ་བླ་མ་མང་པོ་ཡོད་པས་བླ་མ་གཞན་ལ་དད་པ་བྱེད་ཅིང་དངོས་གྲུབ་ཀྱང་རེ་བས་ཆོག་གོ་སྙམ་ན་ནོར་བ་ཁོ་ན་སྟེ། བཀའ་གདམས་གཅེས་བཏུས་སུ་ཀ་མ་པའི་གསུང་སྒྲོས་ལས།

   བླ་མ་གཅིག་ལ་དད་པ་ཤོར་ན་ཆོས་རྒྱུད་ལ་སྐྱེ་བའི་སྐབས་བྱ་བ་ཡེ་མེད། དེ་ཡང་བླ་མ་གཅིག་སྤངས་པས་ཡོངས་སྤངས་པ་འགྲོ་ལོ། །དེ་ནས་བཟང་པོ་ལ་སྐྲ་སེན་མན་ཆད་ལ་མཆོད་དེ་བླ་མ་ངན་ནེ་བ་ཞིག་ལ་མ་གུས་ན་དེས་བྱིན་རླབས་ཁེགས་ནས་བཟང་པོ་ལ་བྱས་ཀྱང་བྱིན་རླབས་མི་འོང། སྤྱིར་ཐེག་པ་ཆེན་པོ། དེའི་ནང་ནས་གསང་སྔགས་བྱ་བ་བྱིན་རླབས་ལ་རེ་བ་ཡིན། ཞེས་གསུངས་པའི་ཕྱིར།

   དེ་ཡང་གོང་དུ་དྲངས་པའི་ཕན་ཡོན་དང་ཉེས་དམིགས་ནི་མཚན་ཉིད་ཚང་བའི་བླ་མའི་དབང་དུ་བྱའི། བླ་མ་ཞེས་པའི་མིང་ཡོད་ཙམ་དང། མི་དགེ་བཤེས་གཉེན་བླ་མར་རྫུ་པའི་དབང་དུ་བྱས་པ་མིན་སྙམ་སྟེ། ལམ་རིམ་རིམ་ཆེན་མོར་ཡང་། བསྟེན་བྱ་བླ་མའི་མཚན་ཉིད། སྟེན་བྱེད་སློབ་མའི་མཚན་ཉིད། ཚུལ་ཇི་ལྟར་སྟེན་ཚུལ། ཞེས་སོགས་གསུངས་པའི་ས་བཅད་ཀྱི་སྟེང་ནས་ཀྱང་དེ་ལྟར་གོ་ནུས་པའི་ཕྱིར། འོན་ཀྱང་དེ་ལྟ་བུའི་མཚན་ཉིད་མ་ཚང་བའི་བླ་མ་ལས་ཆོས་མང་དག་ཞུས་པ་རྣམས་ཀྱིས་སྤང་བླང་ཇི་ལྟར་བྱ་བ་དང། བསྟེན་པའི་ཕན་ཡོན་དང་བསྟེན་ཚུལ་ལོག་པའི་ཉེས་དམིགས་སོགས་ནི་ཇི་ལྟར་ཡིན་མིན་ཁོ་བོས་གཞུང་གང་དུའང་མ་མཐོང་ཞིང། འདི་ལྟར་བྱ་དགོས་ཞེས་ཞུ་བའི་སྤོབས་པ་ཡང་མེད་པས། སངས་རྒྱས་ཀྱི་བཀའི་དགོངས་པ་དང་མི་འགལ་བའི་ཚུལ་ཇི་ལྟར་དགོས་མིན་ངེས་པ་དོན་གྱི་མཁས་གྲུབ་དག་གི་ཞལ་ལས་ཤེས་པར་བྱའོ། །

   དེ་ཡང་ཇི་ལྟར་བླ་མ་དམ་པ་གཅིག་ལ་མ་གུས་ན་སངས་རྒྱས་ཐམས་ཅད་ལ་མ་གུས་པར་གསུངས་པ་འདིས་བླ་མ་གཅིག་ལ་མ་གུས་པས་བླ་མ་ཐམས་ཅད་ལ་མ་གུས་པ་དང་། བླ་མ་གཅིག་ལ་བརྙས་སྨོད་ཀྱིས་བླ་མ་ཐམས་ཅད་ལ་བརྙས་སྨོད་བྱེད་པ་ཡང་བསྒྲུབས་ལ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཀྱང་སློབ་དཔོན་སྨོད་པས་བསྐལ་པ་སྟོང་དུ་བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་བར་གསུངས་པའི་ཕྱིར་ན། རང་གི་བླ་མ་ཁ་ཅིག་ལ་ཁྱད་དུ་གསོད། དེ་དག་གི་གསུང་བཅག། ཐུགས་དཀྲུགས་ཏེ། བླ་མ་གཞན་ཁ་ཅིག་ལ་དད་མོས་བྱེད་ཁུལ་གྱིས་གར་ཡང་མི་འགྲོ་བས་ཅི་ནས་ཀྱང་རྒྱུད་ཀྱི་དགོངས་པ་དང་མཐུན་པའི་སྟེན་ཚུལ་མ་ནོར་བར་གཅེས་པར་བཟུང་ན་རང་གི་མདུན་མ་མ་འཆོལ་བར་སྲིད་ཀྱི། གཞན་དུ་ན་འཁོར་བར་སྡུག་བསྔལ་མི་བཟད་པའི་འཁོར་ལོ་འཁོར་བར་ངེས་ལ། དེ་ཡང་རང་གི་ཉེས་པ་ཁོ་ནས་ཡིན་གྱི་སངས་རྒྱས་དང། ཆོས། བླ་མ་སོགས་གང་གིས་ཀྱང་ལན་པ་མ་ཡིན་ཏེ། མདོ་ལས།

ངས་ནི་ཁྱེད་ལ་ཐར་པའི་ལམ་བསྟན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །

ཞེས་དང།

ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །
ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །

ཞེས་དང།

མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང།
མི་དག་ན་ཞིང་ལུས་ནི་སྡུག་བསྔལ་ཏེ། །དེས་ཀྱང་སྙིང་རྗེ་ཉེ་བར་བཞག་ནས་ནི། །
སྨན་འདི་བཏང་བར་བགྱི་ཞེས་བྱིན་པ་དང། །སྨན་མང་བཟང་ཞིང་ཕངས་པ་དེ་བླངས་ནས། །
ན་བ་འཚོ་བར་འགྱུར་བའི་སྨན་མི་འཐུང། །སྨན་པས་མ་ལན་སྨན་གྱིས་མ་ཉེས་ཏེ། །
ནད་པ་དེ་ཉིད་ཀྱིས་ནི་ཉེས་པ་ཡིན། །དེ་བཞིན་བསྟན་པ་འདི་ལ་རབ་བྱུང་སྟེ། །
སྟོབས་དང་བསམ་གཏན་དབང་པོ་ཀུན་རིག་ནས། །བསྒོམ་པ་ལ་ནི་མངོན་པར་བརྩོན་མི་བྱེད། །

རིགས་པར་མི་བརྩོན་ག་ལ་མྱ་ངན་འདའ། །ཞེས་དང།

         ངས་ནི་རབ་ཏུ་བཟང་བའི་ཆོས་བཤད་ཀྱང། །ཁྱོད་ཀྱིས་ཐོས་ནས་ཡང་དག་མ་སྤྱད་ན། །

         ནད་པ་སྨན་གྱི་རྐྱལ་པ་ཐོགས་པ་དག། །བདག་གི་སྨན་གྱིས་གསོ་བར་མི་ནུས་བཞིན། །ཞེས་དང།

སྤྱོད་འཇུག་ལས་ཀྱང།

ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། །
སྨན་དཔྱད་བཀླགས་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ། །ཞེས་གསུངས་པའི་ཕྱིར།

   དེས་ན་བླང་དོར་གྱི་གནས་བསྟན་ནས་ཕྱིན་ཅི་ལོག་ཏུ་སོང་བ་སངས་རྒྱས་དང་ཆོས་ཀྱིས་ཉེས་པ་མིན་ཏེ། སངས་རྒྱས་ཀྱིས་ཕྱིན་ཅི་ལོག་ཏུ་མ་བསྟན་ལ། ཆོས་ལས་ཀྱང་ཕྱིན་ཅི་ལོག་མ་གསུངས་པའི་ཕྱིར།

   དེས་ན་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་འཆལ་ཏེ་ངན་སོང་དུ་སོང་བ་དག་བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱོན་མིན་པ་ལྟར་དོལ་རྒྱལ་དང་འབྲེལ་བའི་བླང་དོར་གྱི་ཚུལ་མི་ལོ་སུམ་ཅུ་ལྷག་རིང་བསྟན་ཀྱང། སྤང་བླང་འཇུག་ལྡོག་ཚུལ་བཞིན་མ་བྱས་པར་རང་གིས་རང་ཕུང་ལ་སྦྱོར་བའི་ངན་སོང་གི་རྒྱུ་ཁོ་ན་གསོག་པ་དང། ཚེ་འདིར་ཡང་ཀུན་གྱིས་འཕྱ་སྨོད་ཀྱི་ཡུལ་དུ་གྱུར་པ་རྣམས་ནི་༸སྐྱབས་མགོན་༸རྒྱལ་བའི་དབང་པོའི་ཉེས་པ་མིན་པ་གོང་གི་ལུང་དེས་བསྒྲུབ་པར་ཡང་ཤེས་པར་བྱའོ། །

   ཡང་ཅོལ་ཆུང་གཞན་དག་ན་རེ། ངེད་ཚོར་རྡོ་རྗེ་ཤུགས་ལྡན་ཡོད་པས་དམྱལ་བའི་སྡུག་བསྔལ་སོགས་ལས་དེས་སྐྱོབ་བོ་ཟེར་ན། དོལ་རྒྱལ་སངས་རྒྱས་དངོས་ཡིན་ཡང་སྐྱོབ་པར་མི་ནུས་ཏེ། སངས་རྒྱས་ཐམས་ཅད་ལ་ཐུགས་རྗེ་ཉེ་རིང་མི་མངའ། མཁྱེན་པ་དང་ནུས་མཐུའང་ཁྱད་མེད་ན། རང་གི་ལས་ངན་གྱི་འབྲས་བུ་སྨིན་པའི་དུས་ལ་བབ་ན་སུས་ཀྱང་སྐྱོབ་པར་མི་ནུས་པའི་ཕྱིར་ཏེ། མངོན་རྟོགས་རྒྱན་ལས།

ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང། །ས་བོན་མི་རུང་མི་འཁྲུངས་ལྟར། །
སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང། །སྐལ་བ་མེད་པས་བཟང་མི་མྱོང་། །

ཞེས་པ་ལྟར་རང་གིས་སྤང་བླང་འཇུག་ལྡོག་ཕྱིན་ཅི་ལོག་གིས་ཕོངས་པ་ཁོ་ནས་རང་ཅག་རྣམས་ད་ལྟའང་འཁོར་བར་གནས་པའི་ཕྱིར། གཞན་ཡང་དོལ་རྒྱལ་ནི་དམ་པ་མང་པོས་དམ་སྲིར་ངོས་འཛིན་མཛད་པའི་དྲེགས་པ་ཕལ་པ་ཞིག་ཡིན་པས་ན་དེས་ཇི་ལྟར་སྐྱོབ་སྟེ། ལག་ལེན་སོ་བདུན་མ་ལས།

རང་ཡང་འཁོར་བའི་བཙོན་རར་བཅིངས་བ་ཡི། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །
དེ་ཕྱིར་གང་ལ་བརྟེན་ན་མི་བསླུ་བའི། །དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན། །

ཞེས་པ་ལྟར་རོ། །

   གཞན་ཡང་དོལ་རྒྱལ་ཆོས་སྲུང་ཚད་ལྡན་ཡིན་པའི་དབང་དུ་བྱས་ཀྱང་སྐྱོབ་པར་མི་ནུས་ཏེ། རྗེ་བདག་ཉིད་ཆེན་པོས་བླ་མ་ལྔ་བཅུ་པའི་འགྲེལ་པར།

མནར་མེད་པ་སོགས་པས་བསྡུས་པ་རབ་ཏུ་ཚ་བ་ལསོགས་པའི་དམྱལ་བ་འཇིགས་སུ་རུང་བ་སྟེ་སྡུག་བསྔལ་ཆེ་ཤོས་དེ་རྣམས་སུ་སློབ་དཔོན་ལ་སྨོད་པ་རྣམས་གནས་ནས་སྡུག་བསྔལ་ཡུན་རིང་པོར་མྱོང་དགོས་པར་བཤད་དེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་ལེའུ་བཅུ་བཞི་པ་དང་སྒྱུ་འཕྲུལ་དྲ་བའི་རིམ་པར་ཕྱེ་བ་དང་པོ་ལས་གསུངས་པ་བསྡུས་པའོ། སྲུང་པ་རྣམས་ཀྱིས་ཀྱང་མི་སྲུང་སྟེ། རྡོ་རྗེ་སྙིང་པོ་རྒྱན་ལས། ངན་པ་གཏུམ་པོ་བླུན་ཆེན་དེ། །ཕྱོགས་བཞི་དག་ཏུ་སོང་གྱུར་ཀྱང། །བློ་ལྡན་རྣམས་ཀྱིས་མི་སྲུང་བར། །མདུང་ལ་སོགས་པའི་མཚོན་ཆ་ཡིས། །ཁ་ན་མ་ཐོ་བྱེད་པ་གསོད། །ཅེས་སོ། །ཞེས་གསུངས་པའི་ཕྱིར།

   ལས་ངན་དེ་ལྟར་བསགས་ཀྱང་སྐྱེ་བ་ཕྱི་མར་བཤགས་པས་རུང་གི་ཚེ་འདིར་མུ་མཐུད་སྤྱོད་པ་སློག་ན་འཐུས་སྙམ་ན། མཚམས་མེད་ཀྱི་ལས་ནི་ཚེ་འདི་ནས་ཤི་མ་ཐག་དམྱལ་བར་སྐྱེས་ཏེ་བཤགས་པའི་སྐབས་མེད་ཅིང་སྡིག་མ་ཟད་བར་དུ་དེ་ནས་ཐར་བའི་སྐབས་མེད་པ་མཛོད་དང་རྒྱུད་ཀྱི་དགོངས་པ་ཡིན་པའི་ཕྱིར་ན། དམྱལ་བའི་ཚེ་ཚད་དང། དེའི་སྡུག་བསྔལ་རྣམས་རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེན་མོ་དང། སངས་རྒྱས་ཀྱི་མདོ་སྡེ་དག་ལས་ཀྱང་ཤེས་པར་བྱས་ཏེ། རང་དོན་རང་གཅེས་བྱས་ན་རང་གི་གཏན་གྱི་མདུན་མ་ལེགས་སོ། །

གསུམ་པ། དམ་ཉམས་པ་དང་ཆོས་དང་ཟང་ཟིང་མི་སྤྱོད་པ་རྒྱུད་སྡེ་ནས་ཇི་ལྟར་གསུང་ཚུལ།

   དེ་ལྟར་ན་དོལ་རྒྱལ་ཁ་ལ་འཁྱེར་ཏེ་བདག་ཅག་གངས་ཅན་པའི་མགོན་པོ་འདི་ལྟ་བུ་དང་བསྟེན་ཚུལ་ལོག་པ་རྣམས་ནས་ཇི་སྲིད་དུ་བླང་དོར་ཚུལ་བཞིན་མ་བྱས་བར་དུ་རང་ཅག་མགོན་པོ་གང་གི་སློབ་མ་དམ་ལྡན་རྣམས་ཀྱི་ངོར་དེ་དག་ཀུན་དམ་ཉམས་ཁོ་ན་ཡིན་པས་ན། དེ་དག་དང་ཆོས་དང་ཟང་ཟིང་ལྷན་དུ་མི་སྤྱོད་པའི་ཚུལ་འདི་ནི་རྒྱུད་ཀྱི་དགོངས་པ་ཡིན་ཏེ།

འདུས་པའི་ལེའུ་ལྔ་པ་ལས།

སེམས་ཅན་མཚམས་མེད་ལ་སོགས་པ། །སྡིག་པ་ཆེན་པོ་བྱེད་པ་ཡང། །
རྡོ་རྗེ་ཐེག་པ་རྒྱ་མཚོ་ཆེ། །ཐེག་པ་མཆོག་ནི་འདི་ལ་འགྲུབ། །

སྙིང་ནས་སློབ་དཔོན་སྨོད་པ་དག།།བསྒྲུབས་ཀྱང་འགྲུབ་པར་ཡང་མི་འགྱུར། །ཞེས་དང།

དེའི་འགྲེལ་པ་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་འགྲེལ་པ་སྒྲོན་གསལ་ལས།

   སེམས་ཅན་མཚམས་མེད་ཅེས་བྱ་བ་ལ་སོགས་པ་ལ། ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་དང། སངས་རྒྱས་ཀྱི་སྐུ་འཇིག་པ་དང། དམ་པའི་ཆོས་སྤོང་བ་ཞེས་བྱ་བའི་ལས་ལྔས་ནི་འཆི་བའི་དུས་བྱས་མ་ཐག་ཏུ་དམྱལ་བར་ལྟུང་བར་འགྱུར་བས་ན་མཚམས་མེད་པ་སྟེ། ཉེ་བར་མཚོན་པ་ན་མཚམས་མེད་ཅེས་བྱ་བའི་སྒྲ་ནི་དེ་བྱེད་པ་ལ་འཇུག་གོ། སོགས་པ་ཞེས་བྱ་བའི་སྒྲ་ནི་མཚམས་མེད་དང་ཉེ་བ་རྣམས་གཟུང་ངོ་། །སྡིག་པ་ཆེན་པོ་བྱེད་པ་ཞེས་བྱ་བ་ནི། དགེ་སློང་གི་རྩ་བ་བཞིའི་ལྟུང་བ་བྱུང་བས་ཏ་ལ་མགོ་བཅད་པ་ལྟར་སངས་རྒྱས་ཀྱི་བསྟན་པ་ལས་ཉམས་ནས། སེམས་ཅན་དམྱལ་བར་གཞོལ་བ་སྟེ། དེ་རྣམས་ཀྱང་འདིར་བླ་མའི་དྲིན་གྱིས་རྫོགས་པའི་རིམ་པ་ཐོབ་ནས་འགྲུབ་པར་འགྱུར་ཞིང་སངས་རྒྱས་ཉིད་ཐོབ་པར་འགྱུར་ན། རིགས་ངན་ལ་སྩོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེའི་ཉེས་པ་ལས་འདའ་བའོ། །ཞེས་དང།

   དེ་ལྟར་སྐྱེ་བོ་སྡིག་ཅན་མ་ལུས་པར་རྣམ་པར་སྦྱོང་བ་ནི། རྡོ་རྗེ་ཐེག་པ་ཡིན་པས་འགའ་ཞིག་གལ་ཏེ་སློབ་དཔོན་ལ་འཁུ་བ་ཡང་འགྲུབ་པར་འགྱུར་རོ་ཞེས་རྟོག་པར་འགྱུར་ཏེ། དེ་བས་ན་དེ་དགག་པའི་ཕྱིར་སྙིང་ནས་སློབ་དཔོན་སྨོད་པ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་སློབ་དཔོན་ལ་བསྙེན་བཀུར་བྱས་ཏེ། ཐོས་པ་དང་བསམ་པའི་རིམ་གྱིས་དེ་ཁོ་ན་ཉིད་རྟོགས་ནས། ད་ནི་འདིས་ཅི་ཞིག་བྱ་ཞེས་གང་བླ་མ་ལ་བརྙས་པར་བྱེད་པ་དེ་ནི་སློབ་དཔོན་ལ་སྨོད་པ་སྟེ། དེ་དང་ལྷན་ཅིག་ཟང་ཟིང་གི་ལོངས་སྤྱོད་ཀྱིས་ཀུན་ཏུ་དགའ་བར་བྱེད་པ་གང་ཡིན་པ་ཡང་སློབ་དཔོན་ལ་སྨོད་པ་སྟེ། དེས་ཀྱང་འགྲུབ་པར་མི་འགྱུར་ན། སློབ་དཔོན་ལ་སྙིང་ནས་སྨོད་པ་ཉིད་ལྟ་སྨོས་ཀྱང་ཅི་དགོས་ཏེ། ནམ་ཡང་འགྲུབ་པར་མི་འགྱུར་རོ་ཞེས་ངེས་པར་མཛད་པའོ། །ཞེས་གསུངས་པའི་ཕྱིར།

དེ་ནི་རྗེ་བདག་ཉིད་ཆེན་པོས་ཀྱང་སྒྲ་ཇི་བཞིན་པར་བཞེད་པ་ཡིན་ཏེ།

རྗེའི་སྒྲོན་གསལ་གྱི་མཆན་དུ།

   འདིར་པ་ཚབ་ཀྱི་བསྒྱུར་བའི་རྒྱུད་ལས། སློབ་དཔོན་སྨོད་དང་གཞན་རྣམས་ཀྱིས། །སྒྲུབ་ཀྱང་འགྲུབ་པར་མི་འགྱུར་ཉིད། ། ཅེས་འབྱུང་ཞིང། འགྲེལ་པར་ཡང། གང་དེ་དང་ལྷན་ཅིག་ཟང་ཟིང་ལོངས་སྤྱོད་པ་དག་གིས་ཀུན་ཏུ་དགའ་བར་བྱེད་དོ། །རེ་ཞིག་སློབ་དཔོན་ལ་སྨོད་པར་བྱེད་པ་ལས། གཞན་རྣམས་ཀྱིས་ཀྱང་འགྲུབ་པར་མི་འགྱུར་ན། སློབ་དཔོན་ལ་སྨོད་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། མི་འགྱུར་ཉིད་ཅེས་བྱ་བ་ནི་ནམ་ཡང་འགྲུབ་པར་མི་འགྱུར་བ་ཁོ་ནའོ་ཞེས་ངེས་པར་འཛིན་ཏོ། ཞེས་བླ་མ་ལ་སྨོད་པ་དང་ལྷན་ཅིག་ཟང་ཟིང་གིས་དགའ་བར་བྱེད་པའི་གྲོགས་པོ་བླ་མ་ལ་སྨོད་པ་ལས་གཞན་པས་ཀྱང་མི་འགྲུབ། ཅེས་རྒྱུད་འདི་ཉིད་ཀྱི་དོན་དུ་འཆད་པ་དང། རྐང་པ་གཉིས་པའི་ཐ་མའི་ངེས་གཟུང་གི་དོན་དུ་འཆད་པ་འགྱུར་ཤིན་ཏུ་ལེགས་པར་སྣང་ངོ་། །ཞེས་གསུངས་པའི་ཕྱིར།

   ཡང་རྗེ་བདག་ཉིད་ཆེན་པོས་སྔགས་ཀྱི་བསྟན་པ་གང་ལ་གཏད་པའི་ཕུལ་བྱུང་གི་སློབ་མ་རྗེ་བཙུན་ཤེས་རབ་སེང་གེས་འགྲེལ་པ་བཞི་སྦྲགས་ཀྱི་མཆན་འགྲེལ་ལས།

   རྩ་བར་སྙིང་ནས་སློབ་དཔོན་སྨོད་པ་དག།།བསྒྲུབས་ཀྱང་འགྲུབ་པར་ཡང་མི་འགྱུར་རོ། །ཞེས་གསུངས་དོན་ནི། མཚམས་མེད་ལ་སོགས་སྡིག་པ་ཆེན་པོ་བྱེད་པས་འདུས་པའི་ལམ་ལ་བརྟེན་ནས་ཚེ་འདིར་མཆོག་འགྲུབ་པ་ཡོད་ན། ཐེག་པ་འདིའི་བླ་མ་ལ་སྨོད་པའི་གང་ཟག་གིས་ཀྱང་འདུས་པའི་ལམ་ལ་བརྟེན་ནས་ཚེ་འདི་ལ་མཆོག་འགྲུབ་པ་ཡོད་དམ་སྙམ་ན། བླ་མ་མཆོག་ཐེག་པ་འདིའི་བཀའ་དྲིན་མནོས་པའི་རྡོ་རྗེ་སློབ་དཔོན་དེ་ལ་སྙིང་ནས་བསྙེན་བཀུར་བའི་ཞིང་མཆོག་ཏུ་འཛིན་པའི་ཁུར་བོར་ཏེ་སྨོད་ཚིག་སྨྲ་བའི་གང་ཟག་དེ་ནི་འདུས་པའི་ལམ་ལ་བརྟེན་ནས་བསྒྲུབས་ཀྱང་ཚེ་འདི་ལ་མཆོག་འགྲུབ་པ་མི་སྲིད་ཅིང། དེར་མ་ཟད་དེ་དང་ཟས་གོས་ཀྱི་འགྲོགས་འདྲིས་ལྷན་ཅིག་ཏུ་བྱེད་པའི་གང་ཟག་དེས་ཀྱང་འགྲུབ་པ་མི་སྲིད་དོ། ། དེས་ན་སྙིང་ནས་སློབ་དཔོན་སྨོད་པའི་གང་ཟག་དེ་རྨི་ལམ་དུ་ཡང་མཐོང་བར་མི་བྱ་བ་ཡིན་ཏེ། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། སློབ་དཔོན་སྨོད་པ་བྱེད་པ་དག།།རྨི་ལམ་དུའང་མཐོང་མི་བྱ། །ཞེས་གསུངས་པའི་ཕྱིར།

   ཡང་དཔལ་ལྡན་ཟླ་གྲགས་ཀྱིས་སྒྲོན་གསལ་ལས།

ཇི་སྐད་དུ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་ཀྱང།

     སློབ་དཔོན་སྨོད་པ་བྱེད་པ་དག།།རྨི་ལམ་དུའང་མཐོང་མི་བྱ། །
སློབ་དཔོན་སྨོད་པ་གང་ཡིན་དེ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་བཟུང། །
ངན་པ་གཏུམ་མོའི་ལས་བྱེད་པ། །མཁས་པས་རྟག་ཏུ་སྤང་བར་བྱ། །

ཞེས་གསུངས་ཏེ། སྒྲ་ཇི་བཞིན་པའོ། །ཞེས་རང་གི་རྡོ་རྗེ་སློབ་དཔོན་སྨོད་པ་དག་རྨི་ལམ་དུ་ཡང་མཐོང་བར་མི་བྱ་བར་གསུངས་པ་འདི་དེ་དེ་བཞིན་གྱི་སྒྲ་ཇི་བཞིན་དུ་གསུངས་འདུག་ན། སད་དུས་སུ་དེ་དང་ཆོས་དང་ཟང་ཟིང་ལ་ལོངས་སྤྱོད་མི་རུང་བ་ལ་སྨོས་ཅི་དགོས།

   གཞན་ཡང་སློབ་དཔོན་སྨོད་པ་དང་ཆོས་དང་ཟང་ཟིང་སྤྱོད་དུ་མི་རུང་བ་འདི་རྗེ་བདག་ཉིད་ཆེན་པོས་བླ་མ་ལྔ་བཅུ་པའི་འགྲེལ་པར་ཡང་གསུངས་ཏེ།

   སྙིང་ནས་སློབ་དཔོན་སྨོད་པ་དག། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་གསུངས་ཤིང་། དེའི་འགྲེལ་པ་སྒྲོན་གསལ་ལས། ཕ་མ་དང་དགྲ་བཅོམ་གསོད་པ། དེ་བཞིན་གཤེགས་པའི་སྐུ་འཇིག་པ། དམ་ཆོས་སྤོང་བ་སྟེ་ཤི་མ་ཐག་དམྱལ་བར་ལྟུང་བའི་མཚམས་མེད་ལྔ་དང་སོགས་ཀྱིས་བསྡུས་པ་ཉེ་བའི་མཚམས་མེད་དང་སྡིག་པ་ཆེན་པོ་རྩ་ལྟུང་བཅུ་བཞི་སྤྱད་པ་རྣམས་ཀྱང་བླ་མའི་དྲིན་གྱིས་རྗོགས་རིམ་འཐོབ་ནས་སངས་རྒྱས་འགྲུབ་པར་འགྱུར་ཡང། དང་པོར་སློབ་དཔོན་ལ་བསྙེན་བཀུར་བྱས་ཏེ་ཐོས་བསམ་གྱིས་དེ་ཁོ་ན་ཉིད་རྟོགས་ནས་ད་ནི་འདིས་ཅི་ཞིག་བྱ་ཞེས་བླ་མར་བརྙས་པར་བྱེད་པ་ནི། སྙིང་ནས་སློབ་དཔོན་སྨོད་པ་སྟེ་དེ་དང་ལྷན་ཅིག་ཟང་ཟིང་གི་ལོངས་སྤྱོད་ཀྱིས་དགའ་བར་བྱེད་པས་ཀྱང་མི་འགྲུབ་ན་དེས་མི་འགྲུབ་པ་སྨོས་ཅི་དགོས །ཞེས་ཆོས་སྤོང་དང་མཚམས་མེད་ལས་སྡིག་པ་ཆེ་བར་གསུངས་སོ། །ཞེས་དང།

   ཡང་འགྲེལ་པ་བཞི་སྦྲགས་སུ་རྗེ་བདག་ཉིད་ཆེན་པོས་འདི་ལྟར་གསུང་སྟེ།

   བླ་མ་ལ་བརྙས་པའི་རྩ་ལྟུང་བྱུང་བས་ཀྱང་། འགྱོད་པ་དྲག་པོས་སྐྱེས་ནས། སླར་ཡང་དཀྱིལ་འཁོར་དུ་ཞུགས་ཏེེ་དམ་ཚིག་དང་སྡོམ་པ་ལེགས་པར་བཟུང་ཞིང། དབང་བསྐུར་བ་རྫོགས་པར་བླངས་ཏེ། ཕྱིས་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་དུ་བསྲུང་བ་སོགས་ཀྱི་ཉེས་པ་དག་པའི་ཐབས་བྱས་ན། ངན་འགྲོར་སྐྱེ་བ་འགོག་ནུས་ཀྱང་ཚེ་འདིར་དངོས་གྲུབ་མཆོག་འགྲུབ་པ་མི་སྲིད་དེ། འདི་ནི་གསུང་རབ་ནས་སྡིག་པའི་མཐར་ཐུག་ཏུ་བཤད་པས་གནས་འདི་ལ་གཟབ་པར་བྱའོ། །ཞེས་གསུངས་པ་འདིས་ཀྱང་དོན་དེ་ལ་ངེས་པ་གཏིང་ཚུགས་པ་རྙེད་པར་བྱའོ། །

   དེ་ཡང་རྗེ་བདག་ཉིད་ཆེེན་པོས་བླ་མ་ལྔ་བཅུ་པའི་འགྲེལ་པར།

   དེས་ན་ཉེས་སྤྱོད་དེ་དག་ནི་དངོས་གྲུབ་ཐམས་ཅད་འཕྲོག་ཅིང་ངན་འགྲོ་ཤིན་ཏུ་ཉམ་ང་བའི་སྡུག་བསྔལ་གྱི་རྩ་བར་རྒྱུད་སྡེ་ལས་ཡང་ཡང་ནན་ཆེ་བར་གསུངས་པས་གནས་འདི་ལ་ཤིན་ཏུ་ནས་གཟབ་པར་བྱའོ། །འདི་ཡང་ལས་འབྲས་སྤྱི་རྒྱུན་དུ་བསྒོམ་པ་དང་། ཁྱད་པར་དུ་བླ་མ་ལ་བརྙས་སྨོད་དང་། ཐུགས་དཀྲུགས་པའི་ཁ་ན་མ་ཐོ་བའི་འབྲས་བུ་གསུངས་པ་རྣམས་ཀྱི་དོན་ལ་བསམས་ནས་ཉེས་དམིགས་ལ་ཤིན་ཏུ་སྐྲག་པ་དང། དེ་ཡང་རྒྱུ་དེ་དག་ལས་འབྱུང་བ་ལ་ངེས་པ་བརྟན་པོ་རྙེད་པ་ལ་རག་ལས་ཏེ། དེ་གཉིས་ཚིག་ཙམ་དུ་སོང་ན་ཉེས་སྤྱོད་དེ་དག་ལས་འཛེམ་པ་ཡང་ཚིག་ཙམ་དུ་འགྲོ་བའི་ཕྱིར་རོ། །བླ་མ་ལ་བརྙས་པ་ལ་སོགས་པའི་ལྟུང་བ་རྣམས་ལ་ཇི་མི་སྙམ་པར་འཇུག་ཅིང་བསྲུང་སྡོམ་ཡལ་བར་དོར་ནས་ལམ་བསྒོམ་པ་སྐད་བྱས་ཀྱང་ངན་འགྲོའི་སྒོ་འབྱེད་པར་གསུངས་པས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་བསྲུང་བ་ཉིད་གཞིར་བཞག་ནས་ལམ་བསྒོམ་དགོས་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་ལེའུ་བཅུ་བཞི་པ་ལས།

             གང་གི་སློབ་དཔོན་ཡང་དག་སྨད། །དེ་ཡིས་རྒྱུད་ཀུན་སྒྲུབ་པའི་མཆོག། །
གཉིད་དང་འདུ་འཛི་རྣམ་སྤངས་ཏེ། །བསྐལ་པ་སྟོང་དུ་ལེགས་བསྒྲུབས་ཀྱང། །
དམྱལ་སོགས་སྒྲུབ་པར་བྱེད་པའོ། །ཞེས་དང། །

བདེ་མཆོག་རྩ་རྒྱུད་ཀྱི་ལེའུ་དང་པོ་ལས་ཀྱང། །

             ཤིན་ཏུ་མཉམ་བཞག་སྒྲུབ་པ་པོས། །རྟག་ཏུ་དམ་ཚིག་བསྐྱང་བར་བྱ། །
དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། །

ཞེས་གསུངས་སོ། །ཞེས་སོ། །

   དེས་ན་བླ་མར་ཤེས་བཞིན་ཁྱད་གསོད་ཀྱིས་བརྙས་སྨོད་དང་ཐུགས་དཀྲུག་པའི་སྡིག་པ་ནི་སྡིག་པའི་ནང་ནས་མཐར་ཐུག་པ་སྟེ། དེ་ལས་ལྕི་བ་མེད་པས་ན། དེ་ལྟ་བུའི་མཐར་ཐུག་པའི་ལས་ངན་ལ་དགའ་མགུར་འཇུག་མི་རྣམས་དང་། དེ་དག་གི་རྗེས་འབྲང་དང་བཅས་པར་ཆོས་དང་ཟང་ཟིང་གི་འབྲེལ་ཐག་བཅད་པ་ནི་ཆོས་ཀྱི་ཚུལ་དང་མཐུན་པ་ཁོ་ན་ཡིན་ལ། དེར་མ་ཟད་བླ་མར་བརྙས་སྨོད་བྱེད་མི་དང་ལྷན་ཅིག་ཏུ་འགྲོགས་འདྲིས་བྱེད་པ་ན། སྔགས་ཀྱི་སྡོམ་ལྡན་ཡིན་ན་དེ་ལ་རྩ་ལྟུང་བཅུ་པ་གདུག་ཅན་མཛའ་བོར་བསྟེན་པ་ཅི་ནས་ཀྱང་འབྱུང་བ་ཡིན་ཏེ།རྗེ་བདག་ཉིད་ཆེན་པོས་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་ལས།

   རྩ་ལྟུང་བཅུ་པ་བཤད་པ་ནི། །གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་འདི་ནི་བཅུ་པར་འདོད། །ཅེས་སོ། །འདི་ལ་གཉིས་ལས་ཡུལ་ནི། དཀོན་མཆོག་གསུམ་དང་བླ་མ་ལ་སྨོད་པ་དང་བསྟན་པ་འཇིག་པ་སོགས་ཀྱི་སེམས་ཅན་མངོན་སྤྱོད་བྱ་བའི་ཡུལ་གདུག་པ་ཅན་རྣམས་ཏེ། ཞེས་དང། བྱ་བ་ཅི་ཞིག་བྱས་པས་ལྟུང་བར་འགྱུར་བ་ནི། དེ་ལ་མཛའ་བོར་བྱས་ནས་ལུས་ངག་གིས་བྱམས་པར་བྱེད་ནའོ། །ཞེས་དེ་དག་ལ་སེམས་ཀྱི་བྱམས་པ་བྱེད་པ་བཀག་པ་མིན་གྱི་ལུས་ངག་གིས་འགྲོགས་འདྲིས་བྱེད་པ་གཏན་ནས་མི་རུང་བ་གསུངས་པ་ལྟར། རང་ཅག་༸སྐྱབས་མགོན་༸རྒྱལ་བའི་དབང་པོའི་སློབ་མ་རྣམས་ཀྱིས་ད་ལྟར་གྱི་དོལ་རྒྱལ་རྗེས་འབྲང་དང་བཅས་པར་ཆོས་དང་ཟང་ཟིང་གི་འགྲོགས་འདྲིས་མི་བྱེད་པའི་རྒྱུ་མཚན་ཆོས་ཀྱི་ཚུལ་ལས་བརྩམས་པ་རྣམས་ནི། སངས་རྒྱས་ཀྱིས་དངོས་སུ་གསུངས་པའི་རྒྱུད་ཀྱི་དགོངས་པ་རྨ་མེད་པ་འཕགས་ཡུལ་གྱི་མཁས་གྲུབ་ཟླ་དང་བྲལ་བ་དག་གིས་ཇི་ལྟར་གསལ་བར་བྱས་པ་དང་མཐུན་པ་བོད་གངས་ཅན་ཀྱི་ལྗོངས་སུ་བསྟན་འཛིན་ཀུན་གྱིས་གཙུག་ཏུ་མངོན་པར་བཀུར་བའི་གངས་ཅན་གྱི་ཤིང་རྟ་ཆེན་པོ་རྗེ་བདག་ཉིད་ཆེན་པོའི་དགོངས་པ་རྣམས་གཞུང་བཞིན་འདིར་རང་བཟོའི་དྲི་མས་མ་གོས་པར་ཇི་བཞིན་གསལ་བར་བཀོད་པའོ། །

གསུམ་པ་ཚུལ་དེ་ལྟར་བྱེད་པ་འཇིག་རྟེན་གྱི་ལུགས་དང་མཐུན་པར་བསྟན་པ་ལ།

   དེ་ལྟར་དོལ་རྒྱལ་བསྟེན་མི་ནི་གོང་དུ་དྲངས་པའི་ལུང་རྣམས་ཀྱིས་སྡིག་པའི་མཐར་ཐུག་ལ་སྤྱོད་པའམ་དེ་དག་གི་གྲོགས་བྱེད་པ་ཤ་སྟག་ཡིན་པ་བསྒྲུབས་ཟིན་པ་དེའི་ཕྱིར་སྡིག་ཅན་མཛའ་བོར་མི་བསྟེན་པ་ནི་འཇིག་རྟེན་ཀུན་ཏུ་གྲགས་པའི་ཕྱིར་ན། ཇི་ལྟར་ཁྱིམ་གཅིག་ན་གནས་པའི་བཟའ་མིའམ་སྤུན་ཉེ་རྣམས་རྒྱུ་མཚན་ཇི་ལྟར་ཡིན་རུང་མི་མཐུན་ན། ཁྲིམས་ལུགས་ཀྱིས་སོ་སོར་གྱེས་པའི་སྲོལ་ཡོད་པ་བཞིན་དོལ་རྒྱལ་བསྟེན་མིས་རང་ཅག་རྣམས་ཀྱི་བླ་མ་དམ་པར་དགྲ་བོའི་མཐར་ཐུག་ལྟ་བུར་འཛིན་བཞིན་པ་ནི་དེ་དག་གི་བྱ་ངན་རྒྱུན་མར་བྱས་པ་ལས་ཤེས་སླ་བའི་ཕྱིར་ན། དེ་དག་དང་ཆོས་དང་ཟས་ཟིང་སོ་སོར་བྱས་ཏེ་དེ་དག་གིས་རང་རང་གི་སྐལ་བ་བླངས་ཏེ་གྲྭ་ཚང་གསར་བཙུགས་བྱས་པ་ལ་འགལ་བ་ཅི་ཞིག་ཡོད། ལར་ནས་བྱ་བ་གང་བྱེད་ཀྱང་ཕན་པའི་རང་བཞིན་ཡིན་ན་ནི་བྱེད་འོས་པ་ཡིན་ན། དོལ་རྒྱལ་བསྟེན་མི་དང་ལྷན་ཅིག་དུ་འགྲོགས་འདྲིས་ཀྱིས་གནས་པར་ཕྱོགས་གཉིས་ཀར་ཕན་པ་མེད་ཁར་བྱ་བ་ཅི་བྱེད་ཀྱང་གཉིས་ཀར་ཕན་ཚུན་མི་མཐུན་པའི་འགལ་རྐྱེན་དུ་འགྲོ་བ་ནི་ཤེས་ལྡན་སུས་ཀྱང་དཔོག་པར་མི་དཀའ་བའི་ཕྱིར་རོ། །

   གཞན་ཡང་དེ་དག་གི་རྒྱབ་རྟེན་ཆོས་ཁས་མི་ལེན་པའི་རྒྱ་དམར་ལ་བཅོལ་བ་དེས་ཀྱང་བོད་མི་རིགས་འཚོ་གནས་ཀྱི་འགག་ལ་ཐུག་པའི་དུས་གཉན་འཕྲང་ཅན་འདིར་བསྟན་པའི་དགྲ་བོའི་ཕྱོགས་སུ་སོང་བ་དག་ལ་རྒྱལ་ཁབ་ཀུན་ཏུ་རྒྱལ་འཚོང་བ་ཞེས་དགྲ་བོའི་མཐར་ཐུག་ཏུ་འཛིན་སྲོལ་ཡོད་པས་ན། ཀུན་གྱིས་དེ་དག་དུག་བཞིན་འཛེམ་པ་ལྟར་དོལ་རྒྱལ་བསྟེན་མི་རྣམས་དང་འགྲོགས་འདྲིས་བྱེད་པ་སྤངས་པ་དེ་ཡང་སྤང་བླང་གི་ཚུལ་ཕྱིན་ཅི་མ་ལོག་ཡིན་པ་བསྒྲུབས་སོ། །

   དེས་ན་བོད་མི་རྣམས་ནས་དང་དུ་བླངས་ཏེ་དེ་དག་དང་སོ་སོར་འབྱེད་པའི་དམ་བཅའ་བྱས་པ་མ་གཏོགས་༸རྒྱལ་དབང་ཐམས་ཅད་མཁྱེན་པས་བཀས་བཅད་པ་མིན་པས་ཚུལ་འདི་ནི་མང་གཙོའི་ལམ་དང་ཡང་མཐུན་པ་ཁོ་ན་ཡིན་ནོ། །

བཞི་པ་རིགས་པས་ཀྱང་འཐད་པར་བསྟན་ཏེ་མཇུག་བསྡུ་བའོ།

དེ་ཡང་འཇུག་པ་ལས།

ཇི་ལྟར་རྒྱ་མཚོ་རོ་དང་ལྷན་ཅིག་དང། །བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་བཞིན། །
དེ་ལྟར་ཚུལ་ཁྲིམས་དབང་བྱས་བདག་ཉིད་ཀྱིས། །དེ་འཆལ་བ་དང་ལྷན་ཅིག་གནས་མི་སྡོད། །

ཅེས་གསུངས་པ་ལྟར་དོལ་རྒྱལ་བསྟེན་མི་ཚོ་དང་ཁ་དང་ཁ་སྤུ་དབྱེ་འབྱེད་ཀྱི་ཚུལ་འདི་ཤིན་ཏུ་ནས་ལེགས་ཏེ། དམ་ཉམས་པ་དང་ལྷན་ཅིག་ཆོས་དང་ཟང་ཟིང་སྤྱོད་དུ་མི་རུང་བ་མདོ་རྒྱུད་ཀྱི་ཁུངས་དང་བཅས་བསྒྲུབས་ཟིན་པ་དེའི་ཕྱིེར། དེ་ལྟར་འོས་པ་ཡང་ཡིན་ཏེ། དེ་དག་ནི་ཆོས་མིན་ཆོས་སུ་རློམས། བླ་མའི་བསྒོ་བ་དང་དགའ་གཉེན་སོགས་ཀྱི་བསླབ་བྱ་ལ་མི་ཉན་པར་ཚུར་ལ་རྒོལ། རྒྱུ་མཚན་ཡང་འགྲོ་ས་མེད། ད་དུང་ཕར་ལ་ཕན་པའི་དྲིན་དུ་ཚུར་གསོད་པར་བརྩམས་པའི་བྱ་སྤྱོད་ཐ་ཤལ་ཅན་ལ་ལས་འབྲས་ཁྱད་དུ་བསད་དེ་འཇུག་ཅིང་ད་ཆ་བསྟན་དགྲ་རྒྱ་དམར་གྱི་ལག་ཆ་ངོ་མར་གྱུར་ཟིན་པའི་ཕྱིར་ན། བོད་མི་སྤྱི་པའི་ཁེ་ཕན་དང་མཐུན་བསྒྲིལ། དམ་ཚིག་འོ་ཆུ་གཅིག་འདྲེས་ཀྱི་རྟེན་འབྲེལ་གྱི་ཁྱད་པར། ལྷག་པར་བོད་སྤྱི་སྒེར་གཉིས་ཀྱི་བསོད་ནམས་དང་འཕྲལ་ཕུགས་ཀྱི་ཁེ་ཕན་ལ་བསམས་ཏེ། དུག་ལས་སྨན་འཐད་པར་བཟུང་བ་དང། ཆོས་མིན་ཕྱོགས་སུ་སོང་བ་ལ་རྒྱབ་ཀྱིས་ཕྱོགས་པ་ནི་ཀུན་ནས་ཀུན་ཏུ་རུང་བ་ཡིན་ནོ། །

   གཞན་ཡང་རང་བདེ་བར་འདོད་པ་དག་ལ་དུག་མི་ཟ་བ་ཅི་ཡིན་ཞེས་འདྲི་བ་ན། དུག་གིས་རང་གི་ཚེ་སྲོག་ལ་གནོད་པས་སོ། །ཞེས་པ་དང་མཚུངས་པར་ཁོ་བོ་ཅག་ཀྱང་དོལ་རྒྱལ་བསྟེན་མི་དང་། ལྷན་ཅིག་ཏུ་འགྲོགས་པས་རང་གི་ཚེ་རབས་གཏན་གྱི་འདུན་མ་འཆོལ་བར་འགྱུར་ཉེ་ཆེ་བས་དེ་ལས་རང་སྲུང་བ་དང། དེ་དག་ནི་ཁོ་བོ་ཅག་ལ་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཡིན་པས་ན། འགལ་རྐྱེན་འཇོམས་པ་དང་མཐུན་རྐྱེན་སྒྲུབ་པ་འཇིག་རྟེན་གྱི་བྱ་བ་ཀུན་ལ་རུང་ན། བོད་མི་རིགས་ཀྱི་བདེ་རྩ་དང། བསྟན་སྲིད། བླ་མ་སྤྱན་རས་གཟིགས་ཀྱི་བཀའ་སྤྱི་བོར་ལེན་པའི་བོད་བརྒྱུད་ནང་པའི་དད་ལྡན་པ་སྤྱིའི་འདི་ཕྱི་ཀུན་གྱི་ཁེ་ཕན་ལ་བསམས་ཏེ། ཇི་ལྟར་འཚོ་བར་འདོད་པས་དུག་སྤོང་བ་ལྟར་དེ་ལྟར་འབྲེལ་ཐག་བཅད་པ་ནི་ཤིན་ཏུ་འཐད་པ་ཁོ་ནའོ། །

   དེ་ལྟར་བྱེད་པ་དེ་མི་རིགས་དབྱེ་འབྱེད་ཀྱང་མིན་ཏེེ། མི་རིགས་ཇི་འདྲ་ཡིན་རུང་གོང་སྨོས་ལྟར་གནོད་བྱེད་དུ་སོང་ན་ངེས་པར་སྤོང་བར་འདོད་ལ། གནོད་བྱེད་སྤོང་། ཕན་བྱེད་སྒྲུབ་ཅིང་བསྡུ་བ་ནི་རིགས་པ་ཁོ་ན་ཡིན་པའི་ཕྱིར།

   དེ་དག་གི་ཆོས་དད་རང་དབང་འཕྲོག་པ་ཡང་མིན་ཏེ། རང་གི་འདོད་མོས་ལྟར་ཉིན་མཚན་ཀུན་ཏུ་དོལ་རྒྱལ་གསོལ་རྒྱུའི་གོ་སྐབས་ཕྱེ་བའི་ཕྱིར། གཞན་ཡང་སྤྱིར་དོལ་རྒྱལ་བསྟེན་རྒྱུ་དེ་ཆོས་མིན་ཡང་དེ་ཡིན་པའི་དབང་དུ་བྱས་ཀྱང་སོ་སོར་གྱེས་ནས་དེ་བསྟེན་རྒྱུའི་གོ་སྐབས་སྦྱིན་པའི་ཕྱིར་ན་ཆོས་དད་རང་དབང་སྦྱིན་པ་ལ་དེ་འཕྲོག་པའི་ལོག་བཤད་མ་བྱེད་ཅིག

   བོད་མིའི་གྲལ་ནས་ཕྱིར་ཕྱུང་བ་ཡང་མིན་ཏེ། དེ་དག་ད་དུང་ཡང་བོད་མིའི་གཞིས་ཆགས་སུ་རང་གི་ལུགས་ལྟར་གྱི་དོལ་རྒྱལ་གྱི་བསྟན་པ་འཛིན་བཞིན་ཡོད་ལ། དེ་དག་ལ་བོད་མི་སྤྱི་ལ་ཁྱབ་པའི་ཐོབ་ཐང་གང་ཡང་བཀག་པ་མེད་པའི་ཕྱིར། ཅི་སྟེ་བཀག་ན་མི་འཚམས་པ་ཡང་མིན་ཏེ། བོད་མིའི་ལས་འགན་གཅིག་ཀྱང་མཉམ་འདེགས་མི་བྱེད་ཁར་དེ་དག་གི་འགལ་རྐྱེན་ཁོ་ནར་འཇུག་པའམ་རམ་འདེགས་ཀྱི་སེམས་འཁུར་སྐད་ཅིག་ཀྱང་མེད་པའི་ཕྱིར།

   དེ་ཡང་དེ་དག་གིས་ཇི་སྲིད་དོལ་རྒྱལ་བསྟེན་ཞིང་༸སྐྱབས་མགོན་༸རྒྱལ་བའི་དབང་པོར་སྐུར་བ་འདེབས་པ་དེ་སྲིད་དུ་དེ་དག་དང་ཁོ་བོ་ཅག་དང་མཐུན་པའི་སྐབས་མེད་ལ། མི་མཐུན་པ་དང་འབྲེལ་བ་གཅོད་པ་ནི་ཇི་ལྟར་ཁྱེད་ཚོས་རང་ལུགས་དང་མི་མཐུན་པའི་ཕྱི་རྒྱལ་བ་མང་དག་ཆོས་ཚོགས་སོགས་ནས་ཕྱིར་བཏོན་བྱས་པ་དང་མཚུངས་པའི་ཕྱིར་ན། ཕར་ལ་གནོད་བྱེད་མ་བརྗོད་གོང་ཁ་ཚུར་གཏད་ན་མི་མཛེས་སམ།

   འདི་འདྲ་བའི་རིགས་ལམ་གྱི་སྒོ་ནས་སྨྲ་རྒྱུ་བརྗོད་ཀྱིས་མི་ལངས་པ་ཡོད་ཀྱང་བསམ་ཤེས་ཅན་ཞིག་ཡིན་ན་འདི་ཙམ་གྱིས་གོ་བར་ནུས་ལ། དེ་མིན་མི་ཚེེ་ཧྲིལ་པོར་འགྲེལ་བརྗོད་བྱས་ཀྱང་རང་ལྟ་མཆོག་འཛིན་གྱིས་བསྒྲིབས་ཏེ་མི་གོ་བ་ཁོ་ནར་ངེས་སོ། །

   འདི་ཡང་མཚམས་མེད་ཀྱི་ལས་ལ་དགའ་མགུར་འཇུག་པའི་ཉམ་ཐག་རྣམས་དང། དེ་དག་གི་བསླུ་བྲིད་ཀྱི་འོག་ཆུད་པ་དང་ཆུད་འགྱུར་རྣམས་ལ་ཕན་པའི་བསམ་པས་ཅི་ནས་ཀྱང་དེ་དག་ཀུན་སྡུག་བསྔལ་མི་ཟད་པའི་རྒྱུ་དང་བཅས་པ་ལས་མྱུར་དུ་ཐར་ཏེ། ཚད་ལྡན་གྱི་བཤེས་གཉེན་དམ་པའི་མགོོན་དང་བཅས་ན་སྙམ་པའི་འདུན་པས་དུས་ཁྱད་པར་ཅན་ལྷ་བབ་དུས་ཆེན་ཉིན་རྫོགས་པར་བྱས་པའོ། །

   འདིས་ཀྱང་ཉམ་ཐག་དེ་དག་ལ་ཕན་པར་གྱུར་ཅིག་ཅེས་སྐྱབས་ཡུལ་རབ་འབྱམས་པ་སྤྱི་དང་། ཁྱད་པར་སྙིགས་མའི་མགོན་པོ་སྟོན་པ་མཉམ་མེད་ཤཱཀྱའི་དབང་པོ་དང། དེང་གི་དུས་སུ་ཆེས་ཆེར་ཐུགས་བསྐྱེད་འཕྲིན་ལས་དང་སྨོན་ལམ་གྱི་མཐུ་ཕུལ་དུ་བྱུང་བ་བདོ་བའི་གངས་ཅན་གྱི་མགོན་པོ་ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོར་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་ན་རེ་འབྲས་དེ་དེ་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །

ཀུན་རྨོངས་མཁས་རློམ་ཅན་གྱི་དོལ་རྒྱལ་རྗེས་འབྲང་པས། །
འདམ་རྫབ་དུ་མས་སྦགས་པའི་ཚིག་གི་ཅ་ཅོ་སྒྲོག །
བཏང་སྙོམས་བཞག་ན་ཅི་བཤད་བདེན་པར་རློམ་ཉེ་ཆེ། །
དེ་ཕྱིར་ལོག་རྟོག་འཁྲུ་བའི་ལུང་རིགས་ཆར་ཆེན་ཕབ། །

                གནས་ལུགས་ཇི་བཞིན་མཁྱེན་དྲངས་བྱང་ཆུབ་རེག་འགྱུར་ན། །
ཆོས་ཚུལ་འཆལ་བའི་འདྲེ་གསོལ་འདི་ཡིས་ཅི་ལ་ཕན། །
རྒྱལ་ཀུན་འཕྲིན་ལས་གཟུགས་འཆར་ལྷ་མོ་ཡོད་བཞིན་དུ། །
རྩོད་རྙོག་ཅན་གྱི་དམ་བརྫུ་འདིར་བསྟེན་སྐལ་བ་ཞན། །

བོད་ཀྱི་གཅེས་ནོར་འཛམ་གླིང་ཀུན་དུ་གྲགས་དུས་འདིར། །
ཆོས་ལོག་ཅན་གྱིས་ནན་དུ་བསྒྲགས་པའི་འཆལ་གཏམ་རྣམས། །
དྲི་མེད་ལུང་དང་རིགས་པས་འཁྲུ་བའི་བཅོམ་ལྡན་འདས། །
ཐུབ་དབང་གཉིས་པ་བསྟན་འཛིན་རྒྱ་མཚོ་རྒྱལ་གྱུར་ཅིག །

                        གང་གི་མཛད་པར་སྙིང་ནས་དད་ཀྱང་ཉམ་ཆུང་གི །
བྱིས་པའི་རྐྱལ་གྱིས་ཐུབ་བསྟན་རྒྱ་མཚོ་ཇི་ལྟར་བརྒལ། །
འོན་ཀྱང་རབ་དཀར་ལྷག་བསམ་རླུང་དང་འདབ་པ་དང་། །
དྲིན་ཆེན་བླ་མའི་ཐུགས་རྗེའི་རླབས་ཀྱིས་ཅིས་མི་བགྲོད། །

དེ་ཕྱིར་རང་གཞན་སྐལ་མཉམ་རྣམས་ལ་ཕན་སླད་དང་། །
བསྟན་ལ་ཅུང་ཟད་ཕན་དུ་རེ་བའི་བསོད་ནམས་སླད། །
གངས་ཅན་མགོན་པོའི་བཀའ་སྤྱིར་བླངས་པའི་སྐལ་ལྡན་རྣམས། །
ཚུལ་འདི་རྨད་བྱུང་ལམ་དུ་ངེས་ཕྱིར་འདིར་འབད་དོ། །

                      དགེ་འདིས་རང་གཞན་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །
ཐུབ་དབང་རྒྱལ་སྲས་ཡིད་འོང་སྤྱོད་པར་ཞུགས་གྱུར་ཏེ། །
ཇི་སྲིད་ནམ་གནས་དེ་སྲིད་གཞན་དོན་རྒྱ་མཚོར་སྤྱོད། །
མ་གྱུར་འགྲོ་ཀུན་མ་རིག་འཁྲུལ་འཁོར་ལས་ཐར་ཤོག །

Related Articles

ལམ་སྟོན།