༡༩༧༨ ཕྱི་ཟླ་ ༦ ཚེས་ ༡༣ ཉིན་སྩལ་བའི་བཀའ་སློབ་ནང་གསལ།
ཛེ་སྨད་རིན་པོ་ཆེའི་ཕ་རྒོད་བླ་མའི་ཞལ་ལུང་དང་འབྲེལ་གནས་ཚུལ་དེ་འདྲ་བྱུང་ནས་གང་ལྟར་དཀྲོགས་རྐྱེན་ཆེན་པོ་ཡོང་གྲབས་བྱེད་པའི་སྐབས་རེད། ངའི་བསམ་བློའི་ནང་ལ་ད་ལྟ་བར་དུ་ཞེ་ས་མ་ཞུས་ན་གནས་ཆུང་ཞལ་བཀག་སྟེ་བཞག་པ་ཡིན། ད་ཆ་གནས་ཆུང་ཞལ་བཀག་སྟེ་བཞག་ན་ང་མ་དྲང་པ་རེད་བསམ་ནས་ཉིན་མ་གཅིག་གཟིམ་ཆུང་སྤྱན་འདྲེན་སྐབས་ལ་ངས་གསལ་པོ་བྱས་ཏེ་བཀའ་འདྲི་ཞུས་པ་ཡིན། སྔོན་མ་ལོ་བརྒྱད་དགུའི་གོང་ལ་གནས་ཆུང་ནས་ཨ་སྲས་འཁྱམས་པོ་བསྟེན་ན་འགྲིགས་ཀྱི་མི་འདུག་ཅེས་གསུང་བྱུང༌། དེ་དུས་ངས་ཟོལ་མེད་ཀྱིས་ཁྱེད་རང་ཞལ་ཁ་བཞུགས་ན་ཞེས་ཞུས་པ་ཡིན། ཆོས་སྐྱོང་ནས་ཀྱང་ད་ལྟ་བར་དུ་འཇམ་ཐིང་ངེར་བཞུགས་པ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཆ་ཕར་ཕྱོགས་ནས་རྐང་བརྐྱངས་ལག་བརྐྱངས་གང་བྱུང་མང་བྱུང་བཤད་ཆོག་གི་ཡོད་པ་རེད། ངས་ཚུར་ཕྱོགས་འདིར་གནས་ཆུང་ཞལ་བཀག་སྟེ་བཞག་ན་ང་མ་དྲང་པ་རེད། ཁྲིམས་ལུགས་ལྟར་བྱས་ནའང་ཕར་ཕྱོགས་དེ་ནས་གང་ཡང་བཤད་ཆོག་པ་དང༌། ཚུར་ཕྱོགས་ནས་བཤད་མི་ཆོག་པར་བཀག་ན་དྲང་པོ་མིན། ད་ཆ་གནས་ཆུང་གི་ངོས་ནས་ག་རེ་གསུང་རྒྱུ་ཡོད་ནའང་གསུང་ཤོག དེ་ལ་ངས་དྲང་བདེན་གྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞུས་པ་ཡིན། གཞི་ནས་ཆོས་སྐྱོང་གིས་ལྷོད་ལྷོད་བྱས་ནས་རྒྱལ་ཆེན་ཤུགས་ལྡན་གྱི་སྔ་ཕྱིའི་ལོ་རྒྱུས་མང་པོ་ཞིག་གསུངས་པའི་རྡོ་དོན། རྒྱལ་ཆེན་ཤུགས་ལྡན་འདི་བསྟེན་ན་ཕན་ལས་གནོད་པ་ཆེ་བ་ཡིན། དེང་སང་རྒྱལ་ཆེན་བསྟེན་མཁན་ཚོར་མི་ཁ་དང༌། ནང་བཀྲ་མི་ཤིས་པ་གང་འདྲ་ཞིག་ཡོང་གི་ཡོད་མེད། ཐ་མ་གྲ་མ་འགྲིགས་གང་འདྲ་ཞིག་དོན་གྱི་ཡོད་མེད་ཞིབ་བརྟགས་གནང་ན་མཐོང་ཐོས་སུ་ཡོད་པ་དེ་ཡིན། ཡང་ན། རྒྱལ་ཆེན་བསྟེན་མཁན་དེ་རྣལ་འབྱོར་པ་དངོས་གནས་རྟོགས་པ་མཐོན་པོར་སླེབས་པ་ཞིག་ནས་ཤིན་ཏུ་གསང་བའི་ཚུལ་གྱིས་བསྟེན་པ་ཡིན་ན་ལས་ད་ལྟའི་བྱེད་སྟངས་འདི་འདྲ་བྱས་ན་ཁེ་ལས་ཉེན་ཆེ་བ་དང༌། དགེ་ལས་སྐྱོན་ཆེ་བ་ཡིན་ཞེས་དང༌། ལྷག་པར་དུ་རྒྱལ་ཆེན་ཤུགས་ལྡན་བསྟེན་ན་འདོད་ཁམས་བདག་མོ་ལ་ཕོག་ཐུག་འཁོན་དོགས་ཡོང་གི་ཡོད་ཅེས་གསུངས་བྱུང༌། གནས་ཚུལ་དེ་ལྟར་བྱུང་ནས་རྒྱལ་ཆེན་གྱི་གནས་ཚུལ་དེ་རྣམས་ངས་ཤེས་པ་རེད། གནས་ཆུང་དང་རྒྱལ་ཆེན་མཐུན་དང་མི་མཐུན་གླེང་གཞི་ཡོད་ཀྱང༌། ལྷ་མོ་དང་འཁོན་གྱི་ཡོད་པའི་སྐད་ཆ་འདི་ད་རེས་དང་པོ་རེད། ལྷ་མོ་འཁོན་གྱི་ཡོད་ན་གནས་ཚུལ་ཤིན་ཏུ་འགངས་ཆེན་པོ་དང༌། གནད་འགག་ཆེན་པོ་ཞིག་ལ་ཐུག་གི་ཡོད་དུས་ངའི་ངོས་ནས་ཏན་ཏན་ཞིག་བྱས་ན་ཡག་པོ་འདུག་བསམ་བྱུང༌། དེའི་སྐབས་ཡོས་ལོའི་ཟླ་བ་ ༦/༧ ཙམ་ཡིན། ངས་འཕྲིན་བཅོལ་འདོན་རྒྱུ་དེ་འཆར་ཅན་ལྟར་འདོན་གྱི་ཡོད།
དེ་རྗེས་དགུན་མཚམས་འབྲུག་གི་ལོ་གསར་དང་ཐག་ཉེ་པོར་སླེབས། ལོ་གསར་སྐབས་ལ་འཆར་ཅན་བསྐང་གསོ་རྒྱས་པ་འདོན་གྱི་ཡོད་པ་ཡིན་དུས་ད་ཆ་བསྐང་གསོ་འདོན་དང་མི་འདོན་བརྟག་དཔྱད་ཏན་ཏན་ཞིག་བྱས་ན་བསམ་བྱུང༌། སྐབས་དེར་ཉེ་ཆར་ཁྲི་བྱང་རིན་པོ་ཆེའི་དྲུང་ནས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་ཞུས་ནས་ཡོད་པས། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་སྒེར་སྔགས་དང༌། རྐང་ཡིག་དྲུག་བསགས་ནས་མཚམས་ཤིག་ལ་བསྡད་ཡོད། སྐབས་དེར་གྲྭ་ཚང་མཁན་པོ་ཝཱ་ཎར་ཚེམས་བཟོ་རུ་ཕེབས་ནས་བཞུགས་མེད། ཁོང་ཡར་ཕེབས་པ་དང་ལྷ་མོའི་གཟབ་གསོལ་ཞིག་ཚོགས་ཏེ་ཟན་བརྟག་བསྒྲིལ་རྒྱུ་དང༌།ཟན་བརྟག་གི་ཐོག་ནས་གང་ཕེབས་བྱུང་ནའང་དེ་དོན་སྤང་བླང་བྱེད་དགོས་བསམ་ནས་བློ་བསྒྲིལ་ས་དེ་ཟན་བརྟག་ཐོག་ལ་བསྒྲིལ་ནས་ཐག་གཅོད་བྱེད་རྒྱུ་བྱས་པ་ཡིན། ཡོས་ལོའི་ཟླ་ ༡༢ ཚེས་ ༡༥།༡༦ ཙམ་ལ་སྐུ་ཞབས་མཁན་པོ་ཡར་ཕེབས་བྱུང༌། ཚེས་ ༡༨།༡༩ ཙམ་ལ་ང་དང༌། སྐུ་ཞབས་མཁན་པོ། གྲྭ་ཚང་གི་ཆོག་གྲྭ་བཅོ་ལྔ་ཙམ་བཅས་ནས་ལྷ་མོའི་བསྐང་གསོ་ཞིག་བཏོན། དེའི་ཉིན་མོ་འབྲུག་སྐད་རྒྱག་པ་སོགས་གནམ་གཤིས་འཚུབ་པོ་ཞིག་བྱུང༌། དེ་ནས་ཟན་བརྟག་མ་བསྒྲིལ་གོང་ལ་མངའ་གསོལ་ཞིག་བཏོན། རྣལ་འབྱོར་སྲུང་མའི་གཙོ་བོར་མངའ་གསོལ་གྱི། །ཞེས་པའི་སྐབས་གློག་ཞུ་ཤི་སོང༌།རྡ་རམ་ས་ལ་གློག་བརྟན་པོ་རང་མེད་པ་འཆར་ཅན་ཡིན་པས་དེ་ལ་གཅིག་བྱས་ན་རྣམ་རྟོག་བྱེད་རྒྱུ་གང་ཡང་ཡོད་ཀྱི་མ་རེད་བསམ་བྱུང༌། གཅིག་བྱས་ན་གལ་སྲིད་མཚན་མ་འདྲ་ཡིན་པ་ཡིན་ན། དེ་ལོས་བདེན་བསམ་བྱུང༌། གང་གིས་ཟེར་ན། དཔལ་ལྡན་ལྷ་མོ་ྋརྒྱལ་མཆོག་དགེ་འདུན་གྲུབ་པ་ནས་བཟུང་ཏེ་དངོས་གནས་གཅིག་ཆོག་ཀུན་འདུས་ཀྱི་ཆོས་སྐྱོང་ཞིག་ཡོད་བཞིན་དུ་དེས་མ་ཆོག་པར་ངས་རྒྱལ་ཆེན་བསྟེན་གྱི་ཡོད་སྟབས། རྣལ་འབྱོར་སྲུང་མའི་གཙོ་བོར་མངའ་གསོལ་གྱི། །ཞེས་པ་དེ་ཚིག་སྐམ་པོ་ཞིག་ཆགས་པ་རེད། དོན་དག་ངོ་མའི་ཐོག་ལ་དེ་ལྟར་མ་ཡིན་པའི་བཟོ་འདྲ་པོ་ཞིག་ཆགས་ཡོང་དུས། དེའི་མཚན་མ་ཡིན་ན་ནི་ལོས་བདེན་བསམ་པ་རང་དྲན་བྱུང༌།
དེ་ནས་དངོས་གཞི་ཟན་བརྟག་བསྒྲིལ་སྐབས་དོན་གསུམ་བྱུང་ཡོད།
དང་པོར། རྒྱལ་ཆེན་ད་མུས་བཞིན་བསྟེན་ན་བཟང་ཟེར་བ་གཅིག་ཡོད།དེ་ཕེབས་ན་རྒྱལ་ཆེན་གྱི་ཉིན་རེ་ཉིན་རེའི་འཕྲིན་བཅོལ་དང་། ལོ་རེའི་བསྐང་གསོ་འདོན་རྒྱུ་དེ་ཚོ་བསྒྱུར་བཅོས་འགྲོ་མ་དགོས་པ་བྱ་རྩིས་ཡིན།
གཉིས་པར། རྒྱལ་ཆེན་ཤིན་ཏུ་གསང་བའི་ཚུལ་གྱིས་བསྟེན་ན་བཟང་ཟེར་བ་གཅིག་ཡོད། དེ་ཕེབས་ན་གྲྭ་ཚང་མཉམ་དུ་བསྐང་གསོ་འདོན་མ་དགོས་པར་ང་རང་གཅིག་པུས་བསྐང་གསོ་བཏོན་བསམ་པ་དྲན་བྱུང༌།འཕྲིན་བཅོལ་ང་རང་རྟག་པར་འདོན་མུས་ལྟར་བཏོན་ན་བསམ་པ་བྱུང༌།
གསུམ་པར། རྒྱལ་ཆེན་བསྟེན་རྒྱུ་མཚམས་འཇོག་བྱས་ན་བཟང་ཟེར་བ་གཅིག་ཡོད། དེ་ཕེབས་ན་འཕྲིན་བཅོལ་དང༌། བསྐང་གསོ་འདོན་མ་དགོས་པར་མཚམས་འཇོག་བྱེད་རྒྱུ་འཆར་རྩིས་བཀོད་ནས།ང་ཚོ་ཚང་མས་རེ་རེ་ནས་བྷྱོཿ་བདུན་མ་སྟོང་ཕྲག་གཅིག་རེ་བགྲངས། མངའ་གསོལ་ཞིག་བཏོན། གལ་ཆེན་པོར་རྩིས་ཏེ་སྨོན་འདུན་ཤུགས་དྲག་དང་བཅས་ཏེ་ཟན་བརྟག་དོན་གསུམ་པོ་དེ་བསྒྲིལ་བ་ཡིན།
བབས་ཐོན་ཡོང་བ་ལ་རྒྱལ་ཆེན་བསྟེན་རྒྱུ་མཚམས་འཇོག་བྱེད་ཅེས་པ་བབས་ཐོན་བྱུང༌། དེ་ཉིན་གྲྭ་ཚང་གི་མཁན་པོ་གསར་པ་སུ་བསྐོ་ཡང་མིང་དོན་འགའ་ཤས་ཟན་བརྟག་བསྒྲིལ་ཏེ་སྐུ་ཞབས་མཁན་པོ་ཐོན་པ་རེད། ཟན་བརྟག་བསྒྲིལ་ཚར་བའི་རྗེས་ལ་ང་རང་གི་ངོས་ནས་སྤང་བླང་བྱེད་ཕྱོགས་སྐོར་ལ་ཐག་ཆོད་པ་བྱུང་སྟེ་ཞེ་བློ་བདེ་སོང༌། དེ་བཞིན་གནས་ཆུང་ཆོས་སྐྱོང་གིས་དེ་གོང་ནས་གསུངས་པ་དེ་ཚོ་དངོས་གནས་དྲང་གནས་ཀྱི་བདེན་པ་ར་འཕྲོད་པའི་གནས་ཚུལ་ཞིག་བྱུང་བས་ན་སེམས་ཀྱི་གཏིང་ནས་ངེས་ཤེས་འདྲོངས་པ་དང༌།ཡ་མཚན་སྐྱེ་བའི་གནས་ཚུལ་ཞིག་བྱུང༌།
དེ་ནས་ང་རང་སྒེར་ངོས་ནས་རྒྱལ་ཆེན་བསྟེན་གསོལ་བྱེད་ཕྱོགས་སྐོར་ལ་སྤང་བླང་མིག་ཁ་ཕྱེ་བ་ལྟ་བུ་བྱུང་སོང་སྟེ། གྲྭ་ཚང་གྲྭ་པ་མཉམ་དུ་ལོ་གསོལ་འདོན་རྒྱུ་དེ་གྲྭ་ཚང་གི་གྲྭ་པའི་མིག་གི་མཐོང་སར་བསྒྱུར་བཅོས་གཏོང་དགོས་པ་དང༌། དེ་བསྒྱུར་བཅོས་འགྲོ་དུས་འགྲེལ་བཤད་ཞིག་མ་རྒྱབ་ནའང་མི་འགྲིགས་མཁན། འགྲེལ་བཤད་རྒྱབ་པ་ལ་ཡང་ཕྲན་བུ་ལབ་མ་ནུས་མཁན་ལྟ་བུར་གང་འདྲ་ཞིག་དགའ་བ་ཡོད་དམ་བསམ་བྱུང༌། ང་རང་གི་ངོས་ནས་སྤང་བླང་བྱེད་ཕྱོགས་དེ་ཆུ་ཐག་ཆོད་པོ་བྱུང་སོང་ཡང༌། མི་ལ་བཤད་དང་མ་བཤད་ཆུ་ཐག་མ་ཆོད་པ་ཡིན་སྟབས། ཤོ་མོ་ཞིག་བརྒྱབ་པ་ཡིན། ཤོ་མོ་རྒྱབ་པའི་སྐབས་ལ། རྒྱལ་ཆེན་བསྟེན་གསོལ་བྱེད་སྟངས་ཟན་བརྟག་ནང་ཇི་ལྟར་ཕེབས་པ་བཞིན་མི་ལ་མ་ལབ་པར་གསང་བ་བྱས་ནས་ཁ་རོགས་བསྡད་པ་ལེགས་དང༌། མི་ལ་ཇི་ལྟར་རིགས་པའི་འགྲེལ་བཤད་རྒྱབ་ན་ལེགས་ཞེས་མོ་རྒྱབ་པར། མི་ལ་ལབ་ན་ལེགས་པ་བབས་སོང༌། དེ་བབས་པས་ན་དེ་ཉིན་གྲྭ་ཚང་མཁན་པོ་འདི་གའི་ཡིག་ཚང་དུ་སྐད་བཏང་སྟེ་ཁ་སང་ང་ཚོས་ཟན་བརྟག་བསྒྲིལ་བ་དེ་དག་གནད་སྨིན་ལོས་གང་འདྲ་བྱུང་སོང་ངམ་ཞེས་དྲིས་པར། མཁན་པོས་སྤྱིར་བཏང་ནི་ྋརྒྱལ་བ་རིན་པོ་ཆེས་ཟན་བརྟག་བསྒྲིལ་གནང་བ་དེ་ལ་གནད་སྨིན་དང་མ་སྨིན་ཞུ་རྒྱུ་གང་ནས་ཡོང༌། གནད་སྨིན་པ་ཞིག་མ་གཏོགས་ཡོང་ཡག་མེད་པ་རེད། ལྷག་པར་ད་རེས་ཟན་བརྟག་གནང་བའི་སྐབས་ལ་བྷྱོ་ར་མོ་སྟོང་ཕྲག་གཅིག་བགྲངས། ཐུགས་སྨོན་མཚམས་སྦྱོར་ཤུགས་དྲག་གནང་ནས་ཟན་བརྟག་གནང་བ་དེ་ལ་བསླུ་བ་གཏན་ནས་ཡོད་པ་མ་རེད་ཟེར་གྱི་འདུག གལ་སྲིད་བསླུ་བ་མེད་ན། དེའི་དོན་དག་འདི་འདྲ་རེད་ཅེས་དོན་དག་སྔ་ཕྱིའི་ཡོང་རྐྱེན་རྣམས་ཆ་ཚང་ཞིག་བཤད་པ་ཡིན།
སྐུ་ཞབས་ང་གཉིས་རྒྱ་མིའི་བརྗོད་སྟངས་ལྟར་བྱས་ན་བློ་མཐུན་པ་རེད། ཁོང་སྤོབས་པ་མཐོ་པོ། ང་རྒྱལ་ཚ་སི་སི། མགོ་མཁྲེགས་པོ། དགེ་ལུགས་ལ་ཞེན་ཁོག་ཆེན་པོ་ཞིག་ཡིན་ནའང་དཔལ་ཆེན་ཕུར་པར་དད་མོས་ཆེན་པོ་གནང་གི་ཡོད། རྡོ་དོན་ངའི་སྲིད་བྱུས་ག་རེ་ཡོད་པ་དེར་བརྒྱ་ཆ་བརྒྱ་ཐམ་པ་རྒྱག་གཅིག་མཆོངས་གཅིག་ངོ་ལྐོག་གཡོ་ཟོལ་མེད་པ་བྱས་ནས་འགྲོ་མཁན་ཞིག་ཡིན། དེར་བརྟེན་ཁོང་གཤེགས་པའི་རྗེས་ལའང་ངའི་སེམས་ནང་མི་དེ་སྙིང་རྗེ་བསམ་ནས་ཕངས་ཀྱི་ཡོད། རྒྱལ་ཆེན་ཤུགས་ལྡན་གྱི་སྐོར་ལ་ཐོག་མཐའ་བར་གསུམ་གྱི་གནས་ཚུལ་ཁ་སང་བར་དུ་ག་རེ་བྱུང་བ་དེ་རྣམས་ངས་འགྲེལ་བཤད་རྒྱག་དུས་རྒྱག་གཅིག་མཆོངས་གཅིག་རེད། དེ་ལ་རྣམ་རྟོག་ཐེ་ཚོམ་བྱེད་དོན་རྩ་བ་ཉིད་ནས་མེད་ལ། ཡིན་དང་ཡིན་ཞེས་ཟེར་བྱུང༌།
དེ་ནས་ངས་ད་ཆ་ལོ་གསོལ་གྱི་རྒྱལ་ཆེན་བསྐང་གསོ་འདོན་མ་དགོས་པ་ཡིན་ཞེས་མངགས། དེ་ནས་གྲྭ་ཚང་དུ་ནམ་རྒྱུན་འཕྲིན་བཅོལ་འདོན་པའི་སྐབས་ལ་རྒྱལ་ཆེན་གྱི་འཕྲིན་བཅོལ་སྐབས་རེ་འདོན་གྱི་ཡོད་པ་དེ་དང༌། ལྷག་པར་གཟིམ་ཆུང་དུ་དགོང་དྲོའི་སྲོད་གསོལ་ལ་བར་སྐབས་ནས་རྒྱལ་ཆེན་འཕྲིན་བཅོལ་ཡང་འཆར་ཅན་བྱས་ནས་འདོན་གྱི་ཡོད་པ་དེ་རྐྱེན་ཞིག་མ་འཕྲད་པར་དུ་ལམ་སེང་རྒྱས་བསྡུས་བྱེད་སྟབས་མི་བདེ་བས་དུས་སྐབས་ཤིག་འཕྲད་རྒྱུར་དེ་མཚམས་ལབ་ཞེས་སྐུ་ཞབས་མཁན་པོ་ང་གཉིས་གོ་བསྡུར་དེ་ལྟར་བྱས། ཁོང་རང་རྒྱལ་ཆེན་སྲོག་གཏད་ཞུས་ཏེ་བསྟེན་མཁན་སོང་དེ་ལ་བཀག་འགོག་བྱེད་ཀྱི་མ་རེད། བསྟེན་ཆོག་གི་རེད། ད་རེས་ཀྱི་གནས་ཚུལ་དེ་ཚོ་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་ཞིག་རེད། ཅེས་ངས་སྐུ་ཞབས་མཁན་པོ་ལ་འགྲེལ་བཤད་རྒྱབ་སྟེ་ཞུ་རྒྱུ་བྱུང༌། རྒྱལ་ཆེན་བསྟེན་ན་རྒྱལ་པོ་སྐུ་ལྔ་དང༌། ལྷ་མོར་ཕོག་ཐུག་ཆེན་པོ་འགྲོ་གི་ཡོད་པའི་གནས་ཚུལ་ཞིག་གསལ་པོ་བྱུང་བ་རེད། ཡིན་ཀྱང་དེ་རྒྱུ་མཚན་དུ་བྱས་ཏེ་གཅིག་ལ་བསྟོད།གཅིག་ལ་སྨད་དེ་སྐུར་བ་འདེབས་དགོས་དོན་གང་ཡང་མེད། ང་ཚོ་བཏང་སྙོམས་སུ་བསྡད་ན་འགྲིགས། ཁྱེད་རང་རྒྱལ་ཆེན་བསྟེན་རྒྱུ་དེ་ཡང་མུ་མཐུད་བསྟེན་ན་མ་འགྲིགས་པ་གང་ཡང་མེད། ཅེས་ལབ་པ་ཡིན།
དེ་ནས་ལོ་གསར་ཚེས་གསུམ་ཉིན་ངས་མཆོད་གཡོག་ལ་ད་རེས་དེ་སྔ་བོད་ཀྱི་ལུགས་སྲོལ་ལྟར་ལྷ་མོ་རྐྱང་རྐྱང་བཏོན་ཏེ་འགྲིགས་པ་བྱེད་ཀྱི་ཡིན་ཞེས་མངགས། རྒྱལ་ཆེན་ཞེས་དམིགས་སུ་བསལ་བའི་སྐད་ཅ་གང་ཡང་མ་དགོས་པ་བྱས། སྐབས་རེ་ལྷ་མོའི་ཐོག་ང་ཚོས་མགོན་ཆོས་བེཀ་ཙེ་སོགས་ཀྱང་བཏོན་པ་རེད། སྐབས་དེར་རྒྱུ་མཚན་མང་པོ་མ་བརྗོད་པར།བོད་ལ་སྔོན་མ་གང་བཏོན་པ་བཞིན་འདོན་གྱི་ཡིན་ཞེས་བཤད་པ་ཡིན། དེ་དུས་རྣམ་གྲྭ་ཁྱེད་རང་ཚོས་གནད་དོན་གང་ཡང་གོ་ཡོད་ཀྱི་མ་རེད། དེ་ནས ༡༩༧༦ འབྲུག་ལོའི་ཟླ་བ་དང་པོའི་ཚེས་བཅུ་ཉིན་གནས་ཆུང་གི་ལུང་ལ། དམར་ནག་གཉིས་ལ་ྋརྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་འཕྲིན་ལས་གཉེར་དུ་གཏད་པའི་དགྲ་ལྷར་མིང་བཏགས་ཏེ་ཡོད་པ་ལ། འདྲེ་ཤར་གྱི་ཕྱོགས་སུ་གནས་པ་ལ་གླུད་ནུབ་སྒོར་གཏོང་བའི་དཔེ་དོན་ལྟར་མ་སོང་བ་དགོས་པའི་ལུང་དེ་སྐྱོན་སོང༌། ལུང་དེའི་དགོངས་དོན་དེ་མིང་རྒྱབ་འཁུར་གྱི་ལྷ་མོ་དང་རྒྱལ་པོ་སྐུ་ལྔ་ལ་རྩེ་གཅིག་ངོ་ཐོན་མེད་པ་དང༌། ལྷ་གསར་མི་གསར་གསོལ་མཆོད་བྱས་པ་འགྲིགས་ཀྱི་མེད་པའི་དགོངས་པ་ཡིན་པ་དེ་ངས་གསལ་པོ་ཤེས་བྱུང༌། དེར་བརྟེན་དེའི་ཉིན་མོ་བཀའ་ཤག་སྤྱན་འདྲེན་སར་འཆར་ཅན་ཡོད་པ་ནས་སྤྱན་འདྲེན་གྲུབ་པ་དང་ཡར་ཕེབས་ཤོག་ཅེས་སྐད་བཏང་སྟེ། ད་གིན་ཆོས་སྐྱོང་གི་ལུང་སྐྱོན་པའི་དགོངས་དོན་འདི་འདྲ་རེད་ཅེས་ཞིབ་གླེང་བྱས་ཏེ། ཐོག་མར་རྒྱལ་ཆེན་དང་འབྲེལ་བ་ཡོང་སྟངས། བར་དུ་རྒྱལ་ཆེན་འཕྲིན་བཅོལ་བཏོན་སྟངས། གནས་ཆུང་གིས་ཐོག་མར་ལུང་སྐྱོན་པའི་སྐབས་ལ་ངས་ཞལ་རོག་བཞུགས་ཞེས་ཞུས་སྟངས། དེ་རྗེས་དེབ་སེར་པོ་ཐོན་པའི་སྐབས་ལ་ཁྲིམས་ས་ལྟ་བུ་ཡིན་ན་དྲང་ཐིག་ལ་གནས་དགོས་པ་ཡིན་དུས་བློ་གཟུ་བོར་གནས་པའི་ཐོག་ནས་གནས་ཆུང་ལ་བཀའ་འདྲི་ཞུ་སྟངས། གནས་ཆུང་གི་ལུང་སྐྱོན་སྟངས། ད་དུང་གལ་ཆེ་ཡང་ནན་གྱིས་ཟན་བརྟག་བསྒྲིལ་སྟངས་སོགས་ཆ་ཚང་བཀའ་བློན་ཚོར་ཞུས། ད་ཆ་བོད་གཞུང་གི་གཞུང་ཞབས་ཤིག་གིས་བོད་གཞུང་དང༌། ངེད་དང་འབྲེལ་བའི་ཆ་ནས་རྒྱལ་པོ་སྐུ་ལྔ་དང༌། ལྷ་མོ་ལས་རྒྱལ་ཆེན་ལ་གསོལ་མཆོད་བྱེད་རྒྱུ་འགྲིག་གི་མ་རེད། ཡང༌། སོ་སོ་སྒེར་གྱི་ངོས་ནས་རྒྱལ་ཆེན་བསྟེན་གསོལ་བྱེད་པ་ནི་ཆོས་དད་རང་མོས་རེད། དེ་སོ་སོའི་འདོད་མོས་ལྟར་བྱས་ན་འགྲིགས། བོད་གཞུང་གི་ཆབ་སྲིད་དང་འབྲེལ་བའི་སྒོ་ནས་རྒྱལ་ཆེན་ལ་འཕྲིན་ལས་གཉེར་གཏོད་བྱས་ན་མི་འགྲིགས། དེ་གནས་ཚུལ་ཐ་དད་རེད་ཅེས་གནས་ཚུལ་གསལ་པོ་ཞུས་པ་ཡིན།
དེ་ནས་སྐུ་ཞབས་མཁན་པོར་གྲྭ་ཚང་དབུ་ཆོས་བརྒྱུད་ནས་ད་རིང་ནས་བཟུང་སྟེ་གྲྭ་ཚང་ལ་རྒྱལ་ཆེན་གྱི་འཕྲིན་བཅོལ་འདོན་མི་དགོས་པ་དང༌། ལོ་རེའི་བསྐང་གསོ་རྒྱས་པ་ཡང་འདོན་མི་དགོས་ཞེས་མངགས་ཏེ་དམ་བསྒྲགས་བྱས་པ་ཡིན། ཟླ་བ་དང་པོའི་ཚེས་བཅུ་ལ་གནས་ཚུལ་དེ་བྱུང༌། ཟླ་བ་དང་པོའི་ཚེས་བཅུ་གཉིས་ཡིན་པ་ཡོད།ཡོངས་འཛིན་རིན་པོ་ཆེ་རྡོ་རྗེ་གདན་ནས་ཡར་ཕེབས་ཏེ་མཇལ་བར་དེའི་སྐོར་གྱི་གནས་ཚུལ་ཆ་ཚང་ཞུས་པ་ཡིན། ཚེས་ ༡༣ ཉིན་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མའེ་སོར་ནས་ཡར་ཕེབས་ཏེ་མཇལ་བྱུང༌། གནས་ཚུལ་སྔ་རྗེས་ཐམས་ཅད་གཅིག་དང་གཉིས་ཀྱིས་གསལ་པོ་ཞུས་པ་ཡིན། ཁྲི་བྱང་རིན་པོ་ཆེ་ནས་ཟན་བརྟག་དང༌། གནས་ཆུང་ནས་དེ་འདྲ་ཕེབས་ཡོད་ན་དངོས་འབྲེལ་རེད། བསླུ་བ་ཡོད་པ་མ་རེད། གནས་ཆུང་ལ་ཆ་བཞག་ན་འགག་དོག་སར་སླེབས་དུས་བསླུ་བ་མེད་པའི་ལུང་ཨང་གི་དང་པོ་གང་འདྲ་གནང་གི་ཡོད་མེད་ཤེས་གསལ་ཡིན། དེ་བཞིན་ཟན་བརྟག་ལ་ཆ་བཞག་ནའང་ལྷ་མོ་གསུང་བྱོན་མའི་སྐུ་ཐང་ལ་ཟན་བརྟག་བསྒྲིལ་བ་རེད། དེ་ཡང་ྋགོང་ས་ལྔ་པ་ཆེན་པོ་ཐེངས་གཅིག་གཤེགས་ཚར་རྗེས་སྡེ་སྲིད་ནས་གསང་སྒོ་ལོ་ག་ཚོད་དགོས་མིན་སོགས་སྡུག་སྐད་ཞུ་འབོད་ཤུགས་དྲག་བྱེད་པའི་སྐབས་ལ་ལྗགས་དབུགས་ཆད་ཚར་བ་དེ་ཡང་སྐྱར་ཚུར་གསོས་ནས། གལ་ཆུང་བ་དེ་ཚོ་ཁྱེད་རང་གིས་བློ་ཐག་གཅོད། གལ་ཆེ་བ་དེ་ཚོ་ྋརྒྱལ་བ་དགེ་འདུན་རྒྱ་མཚོའི་ཐུགས་ཀྱི་རྟེན་ལྷ་མོ་གསུང་བྱོན་མའི་སྐུ་ཐང་མདུན་དུ་ཟན་བརྟག་བསྒྲིལ་ནས་ཐག་གཅོད་བྱེད། དེ་ལ་བསླུ་བ་མི་ཡོང་ཞེས་གསུངས་པའི་སྐུ་ཐང་འདི་རེད། འདི་ལ་ཟན་བརྟག་བསྒྲིལ་ནས་ད་ལྟ་ཕན་ལ་བསླུ་བ་གང་ཡང་བྱུང་ཡོད་པ་མ་རེད། བསླུ་བ་མེད་ཐག་ཆོད་རང་རེད། དངོས་གནས་དྲང་གནས་དགོས་པ་རྒྱུ་མཚན་ཡོད་ཐག་ཆོད་ཡིན་པ་རེད་ཅེས་དང༌། འོན་ཀྱང་ད་ལྟ་ལྷ་མོ་དང་རྒྱལ་ཆེན་ཤུགས་ལྡན་གཉིས་མ་འཆམས་པ་ལྟ་བུའི་གནས་ཚུལ་དེ་ཕལ་ཆེར་བོད་ཀྱི་བསྟན་སྲིད་དང་འབྲེལ་བའི་ཐོག་ནས་ཡིན་པ་ལས། སྤྱིར་བཏང་ལྷ་མོ་དང་ཤུགས་ལྡན་གཉིས་མ་འགྲིགས་པ་རྩ་བ་ནས་ཡོད་ཀྱི་མ་རེད་ཅེས་གསུངས་བྱུང༌། ཁྲི་བྱང་རིན་པོ་ཆེ་ནས་ཡིད་ཆེས་གནང་གི་མི་འདུག གཞུང་གི་བསྟན་སྲིད་ཀྱི་ཐོག་ནས་ཏན་ཏན་ཡིན་གྱི་རེད། ྋརྒྱལ་བ་ལྔ་པའི་སྐབས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་ཙང་དེ་འདྲའི་ཐོག་ནས་ཡིན་གྱི་རེད་ཅེས་ཁྲི་བྱང་རིན་པོ་ཆེ་ནས་གོ་བ་དེ་འདྲ་ཞིག་བསྐྱོན་གྱི་འདུག གང་ལྟར་ཁྲི་བྱང་རིན་པོ་ཆེར་ཆ་ཚང་ཞུས་པ་ཡིན་ལ། ང་རང་ཡང་ཧ་ཅང་བློ་བདེ་པོ་བྱུང༌།
དེ་ནས་ཁྲི་བྱང་རིན་པོ་ཆེ་ནས་འདི་གར་སྐུ་ཐང་ཞིག་ཡོད་པ་དེ་རྒྱལ་ཆེན་བསྟེན་གསོལ་བྱེད་མཁན་ཞིག་ལ་གནང་ན་ཡག་པོ་མ་རེད་དམ་གསུང་གི་འདུག རྒྱལ་ཆེན་སྐུ་ཐང་ཡོད་པ་དེ་དྲན་ཡང་མ་བྱུང༌། ད་ལྟ་བར་དུ་བརྗེད་པ་རེད། དེ་ལམ་སེང་གཞན་དག་ལ་སྤྲོད་དགོས་ཨེ་ཡོད། འདི་གར་སྐུ་ཐང་གཞན་དག་བྱིངས་ཆེ་དེ་ཚོ་མཉམ་དུ་བཞག་ན་འགྲིགས་ཀྱི་མིན་འགྲོ། ངེས་མེད་ངས་ཉར་མ་ཆོག་པ་དེ་འདྲ་ཡོད་ན་ཁྲི་བྱང་རིན་པོ་ཆེར་འབུལ་གྱི་ཡིན། དེ་ཡང་ཉར་ཆོག་དང་མི་ཆོག་ཡང་ན་ཟན་བརྟག་བསྒྲིལ་ནས་ཐག་གཅོད་ཀྱི་ཡིན། ཡང་ན། གནས་ཆུང་ལ་བཀའ་འདྲི་ཞུ་གི་ཡིན་ཞེས་ཞུས་པ་ཡིན། ཚེས་ ༡༤ ཉིན་ལོ་གསར་པའི་གཟིམ་ཆུང་སྤྱན་འདྲེན་འཁེལ་བ་དེའི་སར་ངས་དོགས་གཅོད་ཞུས་པ་ཡིན། བར་ལམ་ཆོས་སྐྱོང་གིས་གསུངས་པ་དང༌། ཟན་བརྟག་བསྒྲིལ་བ་དེ་གཉིས་རྩེ་མཐུན་བབས་ནས་བློ་བདེ་པོ་ཡག་པོ་བྱུང༌།ངའི་ངོས་ནས་སྤང་བླང་འདི་ལྟར་བྱ་རྒྱུ་ཡིན།ད་ཆ་འདི་གར་རྒྱལ་ཆེན་གྱི་སྐུ་ཐང་ཞིག་ཡོད་པ་དེ་ངས་ཉར་ན་འགྲིགས་ཀྱི་ཡོད་ན་ནི་ཉར་གྱི་ཡིན། དེ་མིན་ཁྲི་བྱང་རིན་པོ་ཆེར་འབུལ་གྱི་ཡིན་པས་གང་དགའ་ཞེས་ཞུས་པར། ཆོས་སྐྱོང་གིས་དྲག་ཤུལ་དང་བཅས་སློབ་དཔོན་མཐོང་བ་དོན་ལྡན་གྱི་གནས་ནས་ད་ལྟ་རང་དོར་དགོས་གསུང་བྱུང༌། སྤྱན་འདྲེན་གྲུབ་མ་ཐག་ཏུ་ལམ་སེང་མཆོད་གཡོག་ལགས་སྐུ་ཐང་དེ་ཁྲི་བྱང་རིན་པོ་ཆེར་འབུལ་དུ་བཏང་བ་ཡིན། དེ་འདྲ་བྱས་ནས་གཙང་མ་བཟོས་པ་ཡིན།