སྤྱི་ནོར་༸གོང་ས་༸སྐྱབས་ཆེན་པོ་མཆོག་དོལ་རྒྱལ་དང་ཐོག་མར་འབྲེལ་བ་བྱུང་སྟངས།

ཕྱི་ལོ་ ༡༩༥༡ ལ་གྲོ་མོར་ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག
ཕྱི་ལོ་ ༡༩༥༡ ལ་གྲོ་མོར་ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག

Button_Tibདེ་ཡང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་དམ་བསྒྲགས་མ་མཛད་གོང་མགོན་པོ་གང་ཉིད་དང་པོ་དོལ་རྒྱལ་དང་འབྲེལ་བ་བྱུང་རིམ་དང་། དེ་ནས་མགོན་པོ་གང་ཉིད་ནས་སྤང་བླང་འཇུག་ལྡོག་གི་ཚུལ། དེ་བཞིན་དོལ་རྒྱལ་དམ་བསྒྲགས་དང་འབྲེལ་བའི་དགོངས་པ་དང་། དགོས་པ། དགག་བྱ། དེ་དང་འབྲེལ་བའི་རང་རེའི་སྤྱི་ཚོགས་ནང་གནས་ཚུལ་འཕེལ་རིམ་རྣམས་ཤེས་སླ་བའི་ཆེད། མགོན་པོ་གང་གི་བཀའ་སློབ་རིམ་པ་རྣམས་ཁུངས་སུ་འདྲེན་ན་ཁུངས་བཙན་པས། འདིར་བཀའ་སློབ་རྣམས་ལས་ཟུར་འདོན་ཕྱོགས་བསྡུས་བྱས་པ་གཤམ་ལྟར་ཡིན་པས་དཔྱོད་ལྡན་རྣམས་ཀྱིས་གཟིགས་པར་སྐུལ་ལོ། །

       ཕྱི་ལོ་ ༡༩༧༨ ཟླ་ ༦ ཚེས་ ༡༣ ཉིན་རྣམ་གྲྭ་མཁན་པོ་བློ་བཟང་ཉི་མ་དང༌། དགེ་བཤེས་བློ་བཟང་བསྟན་འཛིན། རྣམ་གྲྭའི་ལས་སྣེ་དང༌། རྒན་གྲས་ཉི་ཤུ་རྩ་གཉིས། གནས་ཆུང་བ་རྒན་གྲས་ལྔ། རིགས་ལམ་སློབ་གྲྭའི་དགེ་རྒན་གཉིས། བཞུགས་སྒར་དུ་གཏན་སྡོད་རྒྱུད་གྲྭ་སྨད་སྟོད་ཀྱི་འཐུས་མི་གཉིས། དམིགས་བསལ་བཅར་འཐུས་བཀའ་འཁྲོལ་ཨ་རི་ཁུལ་བཅའ་སྡོད་རྭ་སྟོད་སྐྱོང་བླ་སྤྲུལ་སྐུ་དང། ཉག་རེ་སྐལ་བཟང་ཡེ་ཤེས་བཅས་པར་རྒྱལ་ཆེན་ཤུགས་ལྡན་ལམ་དོལ་རྒྱལ་སྐོར་གྱི་བཀའ་སློབ་སྩལ་བ།

 དེ་ཡང་ངོས་ནས་ནོར་འཁྲུལ་བྱས་པ་རེད། ངས་ནོར་འཁྲུལ་གང་འདྲ་བྱས་པ་རེད་ཟེར་ན། ྋརྒྱལ་བ་སྐུ་ཕྲེང་གོང་མ་དེ་ཚོའི་རང་ལུགས་ཀྱི་འགྲོ་སྟངས་ཤིག་ཡོད་པ་དེའི་སྒང་ལ་འགྲོ་སྡོད་རང་ཚུགས་ཐུབ་པ་ཞིག་མ་བྱུང་བ་རེད། དེ་ཡང་གྲོ་མོར་ཕྱིན་པའི་སྐབས་ལ་གྲོ་མོ་དུང་དཀར་དགོན་པར་སྡོད་རྒྱུ་འཁེལ། གྲོ་མོ་དུང་དཀར་དགོན་པར་དྲག་པོ་རྒྱལ་ཆེན་སྐུ་ཕེབས་རྒྱུ་དང༌། འདུལ་འཛིན་ཞི་བའི་སྐུ་ཕེབས་རྒྱུ་ཡོད་པ་རེད། སྐུ་བསྟེན་ཁོང་རང་མཁས་པ་ཤེས་བྱ་ཡོན་ཏན་ཡོད་མཁན་ཞིག་མ་ཡིན་ནའང༌། སྐུ་ཕེབས་པའི་སྐབས་ལ་ལུང་གསལ་པོ་དང་ངོ་སོ་ཐོན་པོ་ཡག་པོ་ཡོད་ཚོད་འདུག དེ་འདྲའི་ཐོག་ནས་སྐབས་དེར་ང་ལྷ་ས་ནས་གྲོ་མོར་འགྲོ་དགོས་གློ་བུར་གྱི་གནས་ཚུལ་ཞིག་ཆགས། གནས་ཆུང་སྐུ་བསྟེན་དང༌། དགའ་གདོང་སྐུ་བསྟེན་གཉིས་ཀ་ཆིབས་ཞབས་ཁོངས་སུ་ཡོད་པ་མ་རེད། དེ་དུས་གནས་དགའ་གཉིས་ལ་འཆར་ཅན་ལོ་གསོལ་དབྱར་གསོལ་དགུན་གསོལ་གྱི་སྤྱན་འདྲེན་ལས་དམིགས་བསལ་གཟིམ་ཆུང་སྤྱན་འདྲེན་བཏང་ནས་ཉེ་པོ་བྱས་པ་སོགས་གང་ཡང་བྱུང་མེད། མ་གཞི་དེ་ཕན་ཆད་ཀྱི་ངའི་གནས་སྟངས་ཕྲུག་གུ་ཆུང་ཆུང་ཞིག་འཚར་ལོངས་བྱེད་པའི་སྐབས་རེད། སོ་སོས་བསམ་བློ་བཏང་སྟེ་རང་དབང་གི་ཐོག་ནས་ལྷའི་གནས་ཚུལ་ཕར་བཞག་སྟེ་སྤྱིར་བཏང་ཡང་ངས་དེ་ཙམ་བསམ་བློ་འཁོར་ཐུབ་ཀྱི་མེད། གང་ལྟར་ཡང་སྙིང་སྐབས་དེར་གནས་དགའ་གཉིས་མེད་པ་དང༌། ཚུར་ཕྱོགས་འདིར་རྒྱ་བོད་གཉིས་གྲོས་མཐུན་བྱེད་རྒྱུས་མཚོན་པའི་གནས་ཚུལ་རྙོག་ཁྲ་མང་པོ་བྱུང༌།ལས་བྱེད་ཚོའི་ཁོངས་ནས་ཕར་ལྷ་སར་ལོག་དགོས་ཟེར་མཁན་གཅིག་དང༌།ཚུར་རྒྱ་གར་ལ་འགྲོ་དགོས་ཟེར་མཁན་ཁག་ཅིག་སོགས་ཀྱི་ཐག་གཅོད་ཧ་ཅང་བྱེད་ཁག་པོའི་གནས་ཚུལ་མང་པོ་བྱུང༌།

   དེ་འདྲའི་སྐབས་ལ་འདུལ་འཛིན་སྐུ་ཕེབས་ཡག་པོ་གཅིག་འཁྲིས་དེར་ཡོད་པ་བྱས། ཕྱོགས་གཅིག་ནས་ང་རང་གི་ངོས་ནས་རྗེ་ཕ་བོང་ཁ་ལ་དད་པ་ཆེན་པོ་ཡོད་པ་དེ་འདྲའི་རྐྱེན་ཞེན་ཁོག་དང་སེམས་ཐག་ཉེ་པོ་ཞིག་ཆགས། ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནས་ཀྱང་ཐུགས་མཉེས་པོ་གནང་གི་ཡོད་པ་དེ་འདྲས་ཀྱང་རྐྱེན་བྱས། གང་ལྟར་རྐྱེན་མང་པོ་ཞིག་འཕྲད་དེ་ཐ་མ་གྲོ་མོར་གཟིམ་ཆུང་དུ་འདུལ་འཛིན་སྤྱན་འདྲེན་ཞུས་པ་རེད། སྤྱན་འདྲེན་གཏོང་སྐབས་དགའ་ལྡན་ལྷ་བརྒྱ་མར་སྟག་ཕུའི་གསང་རྟ་བསྐྱོན་ནས་བཏོན་གྱི་འདུག སྐུ་ཕེབས་པའི་སྐབས་ལ་ཡང་ཆོས་གོས་སྣམ་སྦྱར་དང༌། པཎ་ཞྭ་བཞེས། ཡིན་མདོག་ཁ་པོ་འདུག ངོས་ལ་ཕྱོགས་ནས་སྡོང་པོ་འགྱེལ་བ་ལྟ་བུའི་ཕྱག་འཚལ་གྱི་འདུག ལུང་འདྲ་དོགས་གཅོད་ཞུས་པའི་སྐབས་ལ་གསལ་པོ་གང་ལ་གང་འཚམས་འདུག ཚར་གཅིག་གི་སྐབས་ལ་ད་ལྟ་དགའ་ལྡན་དུ་རྗེ་རིན་པོ་ཆེར་དགོངས་བསྐོར་ཞུས་ནས་ཡོང་བ་ཡིན་ཞེས་ཐག་ཆོད་མདོག་ཁ་པོ་དང༌། ཡིན་མདོག་ཁ་པོ་གསུངས་བྱུང༌། དེ་ནས་གྲོ་མོ་ནས་ལྷ་སར་ལོག་ཁར་རྒྱལ་ཆེན་བསྟེན་རྒྱུའི་བསམ་ཚུལ་ཤུགས་ཆེ་རུ་ཕྱིན་ནས་དུང་དཀར་དགོན་པའི་ཚོམས་ཆེན་ནང་ཤུགས་ལྡན་དྲག་པོ་སྤྱན་འདྲེན་ཞུས། དེ་ལ་རྒྱས་ཆས་གསར་པ་བཟོས་ནས་ཕུལ། ཐོག་མ་རྒྱལ་ཆེན་དང་འབྲེལ་བ་ཡོང་སྟངས་དེ་འདྲ་བྱས་ནས་བྱུང་བ་རེད།

       ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པས་རང་ཚུགས་ཟིན་མ་ཐུབ་པར་ྋརྒྱལ་དབང་གོང་མའི་ལམ་ལ་ཏག་ཏག་འགྲོ་མ་ཐུབ་པའི་ནོརའཁྲུལ་དང་པོ་དེ་དུས་བྱས་པ་རེད། དེ་ནས་གྲོ་མོ་ནས་ལྷ་སར་སླེབས་པའི་རྗེས་ལ་གཟིམ་དཔོན་མཁན་པོ་བྱམས་པ་ཆོས་བཟང་དང༌། དགེ་བཤེས་ཚེ་དབང་བསམ་གྲུབ་གཉིས་ཧ་ཅང་ཉེ་པོ་རེད། དགེ་བཤེས་ཚེ་དབང་བསམ་གྲུབ་ལྕགས་ཟམ་ལ་བཞུགས་ཀྱི་ཡོད་ལ། ཆོས་འཁོར་ཡང་རྩེའི་རྒྱལ་ཆེན་ཆོས་རྗེ་ད་ལྟ་མོན་གྷོ་ལ་ཡོད་པ་དེ་དང་དགེ་བཤེས་ཚེ་དབང་བསམ་གྲུབ་གཉིས་ཉེ་པོ་ཡོད་ཚོད་འདུག དེ་འདྲའི་ཐོག་ནས་སྐབས་ཤིག་ལ་ཆོས་འཁོར་ཡང་རྩེའི་རྒྱལ་ཆེན་གྱི་ལུང་བསྟན་གཅིག་དགེ་བཤེས་ཚེ་དབང་བསམ་གྲུབ་ནས་གཟིམ་དཔོན་བྱམས་པ་ཆོས་བཟང་བརྒྱུད་ང་ལ་བསྐུར་བྱུང༌། དེ་རྗེས་གཞི་ནས་གཟིམ་དཔོན་བྱམས་པ་ཆོས་བཟང་བརྒྱུད་དགེ་བཤེས་ཚེ་དབང་བསམ་གྲུབ་སར་ཡར་མར་ཆིབས་གཡོག་བཏང༌། ཆིབས་གཡོག་གི་མདུན་ལ་ལུང་ཞུའི་ས་བོན་འདྲ་བསྐུར་ཏེ་དགེ་བཤེས་ཚེ་དབང་བསམ་གྲུབ་བརྒྱུད་ནས་ཆོས་འཁོར་ཡང་རྩེའི་རྒྱལ་ཆེན་ལ་ལུང་ཞུ་ཐེངས་འགའ་ཤས་བྱས་པ་ཡིན། དེ་འདྲ་ཞིག་གི་སྐབས་ལ་འདུལ་འཛིན་གྱི་ལུང་ཞིག་ནང་འཆར་ལོའི་ལོ་གསར་ཚེས་གསུམ་ལ་ངས་རྒྱལ་ཆེན་གྱི་བསྐང་གསོ་རྒྱས་པ་ཞིག་འདོན་དགོས་ཀྱི་ཡོད། དེ་བྱུང་ན་དེ་ལ་མཚན་མ་བརྟག་དཔྱད་བྱེད་རྒྱུ་ཞིག་ཡོང་ཞེས་གསུང་བྱུང༌། དེ་ནས་རྗེས་ལོའི་ལོ་གསར་ཟླ་བ་དང་པོའི་ཚེས་གསུམ་ཉིན་འཆར་ཅན་ལྷ་མོའི་ཚེས་གསུམ་ཟན་བསྒྲིལ་བྱ་རྒྱུའི་ཚེས་གཏོར་འདོན་སྐབས་ལ་ཞོགས་པ་ལྷ་མོའི་འཕྲིན་བཅོལ་བཏོན་པའི་ཞོར་ལ་རྒྱལ་ཆེན་གྱི་བསྐོང་གསོ་རྒྱས་པ་དེ་བཏོན། དེ་དུས་གཟིམ་ཆུང་དུ་རྒྱལ་ཆེན་སྐུ་ཐང་དང༌། སྐུ་གང་ཡང་མེད་སྟབས་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་ནས་རྒྱལ་ཆེན་གྱི་སྐུ་ཐང་ཞིག་གཡར་པོ་ཞུས་ཏེ་བཤམས། དེ་ནུབ་རྨི་ལམ་ལ་ནོར་བུ་གླིང་ཁའི་མགོན་པོ་ཁང་གི་རྒྱབ་ལོགས་སུ་སྤང་གཤོངས་ཡོད་ས་དེར་ཉི་འོད་དྭངས་པོ་མེད་པ་ཞིག་དང་དེར་མེ་ཏོག་སེར་ཆེན་གང་འཚམས་དང༌། སྤང་ཁའི་སྒང་ལ་གཡག་ཁ་ཤས་ཤིག་འདུག དེ་ནས་མཁན་པོ་དམ་པ་བསྟན་བྱུང༌། མཁན་པོ་དམ་པའི་ཕྱག་ལ་གསེར་སྐྱོག་ནང་མར་ཁུ་བླུགས་པ་ཞིག་བསྟན་བྱུང་དེ་ཚོ་ཡག་པོ་རེད། གཡག་ཁ་ཤས་ཡོད་པ་དེ་ཚོ་ཐེ་ཚོམ་སྐྱེ་གཞི་རེད། དེང་སང་བསམ་གཞིགས་བྱས་ན་གཡག་དེ་ཚོས་དམ་སྲི་མཚོན་གྱི་ཡོད་པ་འདྲ།དེ་འདྲའི་རྨི་ལམ་ཞིག་བསྟན་བྱུང༌། དེ་ནས་བཟུང་སྟེ་ལོ་ལྟར་ཟླ་བ་དང་པོའི་ཚེས་གསུམ་ལ་རྒྱལ་ཆེན་བསྐང་གསོ་རྒྱས་པ་རེ་གཞེས་ནིང་ལོ་བར་བཏོན་པ་རེད། དེ་མཇུག་ལ་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་སྐུ་ཐང་ལ་དཔེ་བལྟས་ནས་རྒྱལ་ཆེན་གྱི་སྐུ་ཐང་གསར་པ་ཞིག་བཞེངས་པ་ཡིན། དེ་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་རྣམ་ཐར་ནང་དུའང་གསལ་འདུག དེ་འདྲ་ཞིག་གི་སྐབས་ལ་ངས་ཆོས་འཁོར་ཡང་རྩེའི་རྒྱལ་ཆེན་ལ་བརྟག་དཔྱད་ཆེད་ཉིན་གཅིག་སྤྱིར་བཏང་ལུང་ཞུ་ནང་བཞིན་ཡི་གེའི་ནང་དོན་དག་མ་བཀོད་པར་གསང་ཏར་གྱི་ཨང་ཀི་བཀོད་དེ་བཏང་བ་ཡིན། དེའི་ལན་ལ་གོ་བ་བླངས་ན་ལེན་རྒྱུ་ཡོད་པའི་བཟོ་འདྲ་པོ་གསལ་པོ་རང་མེད་པ། མར་ཨང་གྲངས་བཀོད་དེ་བཏང་བ་ལ་མི་འདོད་པའི་རྣམ་འགྱུར་འདྲ་པོ་ཕྲན་བུ་འདུག དེ་ནས་བཟུང་སྟེ་འབྲེལ་མ་བྱས་པ་རེད།

    ཆོས་འཁོར་ཡང་རྩེའི་རྒྱལ་ཆེན་དེ་སྐུ་གསོལ་ཞུས་པ་སོགས་གང་ཡང་ཡོད་པ་མ་རེད། ཁྲི་བྱང་རིན་པོ་ཆེ་བརྒྱུད་ནས་སྤང་ལུང་རྒྱལ་ཆེན་ལ་འཕྲིན་བཅོལ་འདྲ་རེ་ཟུང་བྱུང་ཡོད་ན་མ་གཏོགས་གཞན་དག་གང་ཡང་མེད། ངས་ལོ་གསར་ཚེས་གསུམ་ལ་རྒྱལ་ཆེན་གྱི་བསྐང་གསོ་རྒྱས་པ་རེ་དང༌། ནམ་རྒྱུན་ཉིན་རེའི་ཁ་འདོན་གྱི་འཕྲིན་བཅོལ་ཁོངས་མགོན་ཆོས་ལྷ་མོ་རྣམ་སྲས། ཞལ། ལྕམ་སྲིང། རྒྱལ་པོ་སྐུ་ལྔ་བཅས་ཀྱི་མཇུག་རང་ཉིད་ཡི་དམ་ཟེར་བའི་རྒྱལ་ཆེན་འཕྲིན་བཅོལ་དེ་ཆག་མེད་དུ་བཏོན་པ་རེད། རྒྱལ་ཆེན་དང་འབྲེལ་བ་ཐོག་མར་ཡོང་སྟངས་དང༌། བར་གྱི་གནས་སྟངས་དེ་འདྲ་ཞིག་རེད།

དེ་སྔ་སྐུ་གོང་མའི་སྐབས་ལ་གནས་ཆུང་གི་ལུང་བསྟན་ཞིག་ནང༌།
དགོས་པའི་མཆོད་རྟེན་ནག་པོར་བཞག།  །མི་དགོས་བྲག་ལ་སྐུ་དཀར་གསོལ། །

ཞེསགསུངས་ཡོད་པ་བཞིན། ངས་ྋརྒྱལ་བ་སྐུ་ཕྲེང་རིམ་བྱོན་སྐབས་ནས་འབྲེལ་བ་ཡོད་པ་དང༌། དེ་ལས་ཐག་རིང་ཙམ་བྱས་ན་བོད་རྗེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ནས་འབྲེལ་བ་ཡོད་པ། ད་དུང་དེ་ལས་ཐག་རིང་བ་བྱས་ན་རྒྱལ་པོ་དཀོན་མཆོག་འབངས་ནས་འབྲེལ་བ་ཡོད་མཁན་གྱི་རྒྱལ་པོ་སྐུ་ལྔ་དང༌། ལྷག་པར་རྡོ་རྗེ་གྲགས་ལྡན་དང་དམིགས་བསལ་འབྲེལ་བ་ཟབ་པོ་ཞིག་མ་བྱུང་བའི་ཁར། གཞུང་གི་ཆབ་སྲིད་ཀྱི་འགན་དང༌། ྋརྒྱལ་བ་སྐུ་ཕྲེང་རིམ་བྱོན་ལ་འབྲེལ་བ་གང་ཡང་མེད་པའི་ལྷ་གསར་པ་གཅིག་ལ་འབྲེལ་བ་ཆགས་པ་ལྟ་བུ་དེ་འདྲ་ཞིག་བྱུང་བ་རེད། ཡིན་ན་ཡང༌། རྒྱ་ནག་ལ་མ་ཕྱིན་གོང་ཙམ་ནས་གནས་དགའ་གཉིས་གཟིམ་ཆུང་དུ་སྤྱན་འདྲེན་གཏོང་རྒྱུ་འགོ་ཚུགས་ཤིང༌། དེ་ནས་བཟུང་སྟེ་གནས་དགའ་གཉིས་རིམ་པར་གཟིམ་ཆུང་སྤྱན་འདྲེན་བཏང༌། བློ་ཐག་ཉེ་པོ་དང༌། ཕན་ཚུན་རྒྱུད་ཚོད་ལོན་པ་ལྟ་བུ་ཆགས་དུས་སྤྱིར་བཏང་ལྷ་མི་ཀུན་སྤྱོད་གཅིག་ཟེར་བ་ལྟར་ལུང་ཡང་ཇེ་གསལ་དུ་ཕྱིན། སྐད་ཆ་ཡང་དྲི་བདེ་པོ་ཆགས་པ་རེད། དེ་ནས་བཟུང་སྟེ་ཆོས་འཁོར་ཡང་རྩེའི་རྒྱལ་ཆེན་དང༌།

གཞན་དག་ལ་འབྲེལ་བ་བྱེད་དགོས་པ་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཡོང་གི་མེད། གནས་དགའ་གཉིས་ཐད་ཀར་སྤྱན་འདྲེན་གཏོང་གིན་གཏོང་གིན་བྱས། གནས་དགའ་གཉིས་ཀྱི་ཐོག་ནས་ཐག་མ་ཆོད་པའི་རིགས་ཟན་བརྟག་སྒྲིལ་གྱིན་སྒྲིལ་གྱིན་བྱས་པ་རེད། ཟན་བརྟག་གི་ཐོག་ནས་ཀྱང་ངོ་མཚར་སྐྱེ་བའི་གནས་ཚུལ་མང་པོ་ཞིག་བྱུང་བ་དེ་ངས་ད་ལྟ་འབྲེལ་བ་མེད་སྟབས་བརྗོད་དགོས་དོན་མི་འདུག

   དེ་ནས་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་ཡོང་རྒྱུར་རྒྱ་མིའི་བཀག་འགོག་འགལ་རྐྱེན་ཀ་ཀོར་གནས་ཚུལ་མང་པོ་བྱུང་སྐབས་གནས་ཆུང་གིས་དཀའ་རྙོག་གང་ཡང་མེད་པས་བཞེད་དོན་ལྷུན་གྱིས་འགྲུབ་ཡོང་ཞེས་ལུང་ཕེབས་པ་ལྟར་ཐ་མ་ལྷུན་གྱིས་གྲུབ་པའི་གནས་ཚུལ་བྱུང་བ་རེད། ཡང༌། དེ་དུས་རྒྱ་གར་ནས་ཕར་ལྷ་སར་ལོག་དང་མ་ལོག་སྐོར་ལའང་གནས་ཚུལ་དཀའ་རྙོག་མང་པོ་ཞིག་བྱུང་བར་གནས་དགའ་གཉིས་སྤྱན་འདྲེན་བཏང༌། ལྷག་པར་གནས་ཆུང་ནས་རྒྱ་གར་ནང་བསྡད་ན་དགོས་པ་གང་ཡང་མེད་པས་བོད་ལ་ལོག་ན་ལེགས་ཞེས་ཐག་གཅོད་གཙང་མའི་བཀའ་ལུང་གནང༌། དེ་ནས་ཕྱི་ལོ་ ༡༩༥༩ ལོར་ཟིང་འཁྲུག་ལངས་པའི་སྐབས་གནས་ཆུང་སྤྱན་འདྲེན་ཐེངས་ཁ་ཤས་ཞུས། ཐ་མ་ནོར་བུ་གླིང་ཁ་ནས་བྲོས་རྒྱུའི་དུས་ཚོད་སྔ་རྗེས། ཚེས་གྲངས། ལམ་ཕྱོགས་གང་ནས་འགྲོ་དགོས་སོགས་ཆ་ཚང་གནས་ཆུང་ནས་ཐག་གཅོད་གནང་ནས་ཡོང་བ་རེད། གང་ལྟར་ཉེ་ཞོ་མེད་པར་གྲ་འགྲིག་འཐུས་ཚང་བྱུང་བ་རེད། གནས་དགའ་གཉིས་དང། ལྷག་པར་གནས་ཆུང་འདི་དོན་དག་འགངས་ལ་ཐུག་པའི་སྐབས་ལ་ཡིད་ཆེས་འཕེར་ངེས། བསླུ་བ་མེད་པའི་ཐག་ཆོད་པོ་ཞིག་རེད།

   དེ་ནས་རྒྱ་གར་ལ་སླེབས། ཐོག་མར་མ་སུ་རི་དང༌། དེ་རྗེས་རྡ་རམ་ས་ལར་སླེབས་ཚར་ཙམ་ཞིག་ལ་ངས་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནས་རྒྱལ་ཆེན་གྱི་སྲོག་གཏད་ཞུ་འདོད་བྱུང་བས་ཁྲི་བྱང་རིན་པོ་ཆེར་སྙན་སེང་ཡང་ཞུས། སྐབས་དེར་ཁྲི་བྱང་རིན་པོ་ཆེར་མི་འདི་ཡིན་ངོ་ཆ་གསལ་པོ་མི་འཕྲོད་པ་ཞིག་གིས་ལམ་རིམ་ཆེན་མོ་དགའ་ལྡན་དཔར་རྙིང་སྤུས་དག་པོ་ཞིག་འབུལ་མཁན་བྱུང༌། ཁྲི་བྱང་རིན་པོ་ཆེ་ནས་ཀྱང་རྒྱལ་ཆེན་སྲོག་གཏད་ཞུ་སྐབས་ལམ་རིམ་ཕྱག་དཔེ་ཞིག་དགོས་རྒྱུར་སྐབས་དེར་དཔེ་ཆ་དེ་གནང་གི་ཡིན་ཞེས་གྲ་སྒྲིག་གནང་ནས་བཞག།དེ་ནས་སྡོད་ཁང་སརྦག་ཨ་ཤ་རམ་ནས་ཐེག་ཆེན་ཆོས་གླིང་ལ་སྤོས་ཚར་ཙམ་ཞིག་ལ་གནས་དགའི་སྤྱན་འདྲེན་ཞིག་གི་སྐབས་གནས་ཆུང་གིས་ཨ་གསས་འཁྱམས་པོ་བསྟེན་རྒྱུ་འདི་འགྲིག་གི་མི་འདུག་ཅེས་གསུང་གི་འདུག ངའི་བསམ་པར་ཨ་གསས་འཁྱམས་པོ་ཟེར་བ་དེ་སྐུ་གོང་མའི་སྐབས་རྒྱལ་ཆེན་ཤུགས་ལྡན་ལ་ཟེར་རྒྱུའི་སྐད་ཆ་ཞིག་ཡིན་འདུག་པ་དེ་གསུང་གི་ཡོད་དམ་སྙམ་པ་དེ་དོན་གནས་ཆུང་ལ་དྲིས་པས་དེ་ཡིན་གསུང་བྱུང༌། དེ་ཡིན་ན་དེང་སང་རྒྱལ་ཆེན་བསྟེན་མཁན་མང་པོ་རེད། གནས་ཆུང་ཆོས་སྐྱོང་གི་ཞལ་ནས་རྒྱལ་ཆེན་བསྟེན་ན་འགྲིགས་ཀྱི་མི་འདུག་གསུངས་ན་མི་མང་པོའི་སེམས་ནང་ལ་དམ་ཚིག་བསྲེས་ལྷད་འགྲོ་གི་རེད། ཞལ་ཁ་བཞུགས་ན་ཡག་གི་རེད་ཅེས་ཞུས་པ་ཡིན། ལགས་སོ་གསུངས་ཏེ་དུས་དེ་ནས་བཟུང་སྟེ་ཕ་རྒོད་བླ་མའི་ཞལ་ལུང་གི་དེབ་སེར་པོ་མ་ཐོན་བར་ཧ་ལམ་ལོ་བདུན་བརྒྱད་ཙམ་སོང་རིང་གནས་ཆུང་གིས་ཚིག་གཅིག་གསུངས་མ་བྱུང༌།

ཕ་རྒོད་བླ་མའི་ཞལ་ལུང་གི་དེབ་སེར་པོ།
ཕ་རྒོད་བླ་མའི་ཞལ་ལུང་གི་དེབ་སེར་པོ།

Related Articles

ལམ་སྟོན།