རི་བོ་དགེ་ལྡན་པའི་བསྟན་པ་དང་དེའི་ཁྱད་ཆོས་འདོན་ལུགས།

http://shugdenfacts.com/gadenjangtsemonastery/ཕྱི་ལོ་ ༡༩༨༦ ཟླ་ ༣ ཚེས ༣ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བླ་མ་མཆོད་པའི་བཀའ་ཁྲིད་སྐབས་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།

དེ་ཡང་ལམ་རིམ་སྨོན་ལམ་ལས།
སྐྱེས་བུ་གསུམ་གྱི་ལམ་གྱི་སྲུང་མའི་གཙོ། །མྱུར་མཛད་མགོན་དང་རྣམ་སྲས་ལས་གཤིན་སོགས། །

ཞེས་གསུངས་པ་བཞིན། སྐྱེས་བུ་གསུམ་གྱི་སྲུང་མ་ཞེས་སྤྱན་རས་གཟིགས་དྲག་ཏུ་ཁྲོས་ནས་སྲུང་མའི་རྣམ་པར་བསྟན་པ་མགོན་པོ་ཕྱག་དྲུག་གཙོ་བོ་སྐྱེས་བུ་ཆེན་པོའི་སྲུང་མ་དང༌། ཚུལ་ཁྲིམས་གཙང་མ་སྲུང་རྒྱུ་དེ་རྣམ་སྲས་དགྱེས་པའི་རྒྱུ་མཆོག་

ཡིན། མ་གཞི་འཇིག་རྟེན་ལས་འདས་པའི་སྲུང་མ་ཚང་མ་ཚུལ་ཁྲིམས་གཙང་མར་དགྱེས་ན་ཡང༌།རྣམ་སྲས་ལ་རང་གི་ཐུན་མོང་མ་ཡིན་པའི་རྒྱུ་མཚན་གཅིག་ཡོད། སྐྱེས་བུ་འབྲིང་གི་སྐབས་ལ་བསླབ་པ་གསུམ་དང༌། དེའི་ནང་ཚན་ནས་ཚུལ་ཁྲིམས་ཀྱི་བསླབ་པའི་ཉམས་ལེན་གཙོ་བོར་བསྟན་པ་ཡིན་དུས་སྐྱེས་བུ་འབྲིང་གི་སྲུང་མ་དེ་རྣམ་སྲས་ཡིན། སྐྱེས་བུ་ཆུང་ངུའི་སྐབས་སུ་ལས་འབྲས་དགེ་སྡིག་འདོར་ལེན་བྱེད་རྒྱུ་གཙོ་བོ་ཡིན་སྟབས།

དགེ་སྡིག་ཤན་འབྱེད་དམ་ཉམས་སྲོག་གི་གཤེད། །

ཅེས་གསུངས་པ་བཞིན་དམ་ཅན་ཆོས་རྒྱལ་ནི་དགེ་སྡིག་ཤན་འབྱེད་དེ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་སྲུང་མ་ཡིན་པ་བཅས་འདི་ལྟར་རེད། གང་ལྟར་རི་བོ་དགེ་ལུགས་པའི་ཕྱག་བཞེས་ལ་སྲུང་མ་བསྟེན་རྒྱུ་དེ་ཡང་ལམ་གྱི་འགྲོས་དང་མཐུན་པ་ཞིག་དགོས་པར་གསུངས་ཡོད། ཐུན་མོང་མ་ཡིན་པའི་རྗེ་རིན་པོ་ཆེའི་སྲུང་མ་བཤད་ན་མགོན་པོ་དང་ཆོས་རྒྱལ་གཉིས་ཡིན། དེ་ལྟར་ཡིན་སྟབས་རྒྱུད་སྨད་ལ་ཆོས་རྒྱལ་གཙོ་བོ་ཡིན་པས་རྟག་ཏུ་བརྐྱངས་བསྐུམས་མ་འདོན་པ་དང༌། རྒྱུད་སྟོད་ལ་རྟག་ཏུ་མགོན་པོའི་མྱུར་མཛད་མ་འདོན་པ་ཡིན། འདི་གཉིས་དངོས་གནས་དགེ་ལུགས་པའི་བསྟན་པ་འཛིན་མཁན་གྱི་གྲྭ་ཚང་འདུས་སྡེ་གཙོ་བོ་གཉིས་ཡིན། དངོས་གནས་བཀའ་དྲིན་ཆེན་པོ་རེད་འདུག རྒྱུད་སྡེའི་འཆད་ཉན་གསང་བ་འདུས་པ་གཙོ་བོ་ཡིན། རྒྱུད་དེའི་འཆད་ཉན་དུས་ད་ལྟ་བར་དུ་རྐང་གྲངས་མ་ཆད་ཙམ་འཛིན་མཁན་དེ་རྒྱུད་པས་བཟུང་ཡོད། བླ་མ་སྐུ་སྒེར་གྱི་གསུང་ཆོས་རྒྱ་ཆེན་པོ་གནང་མཁན་ཚོའི་ནང་རྒྱུད་སྡེའི་ཁྲིད་གནང་མཁན་ཉུང་ཉུང་ཡིན། དེར་བརྟེན་རྒྱུད་རིམ་རྒྱུད་པའི་རྒྱུད་རིམ་ཁོ་རང་ལ་གཏུགས་རྒྱུ་ལས་དེ་མིན་ཁག་པོ་རེད། དུས་ད་ལྟ་ཡིན་ནའང་འདུས་པའི་འཆད་ཉན་གྱི་རྒྱུན་མ་བརླག་པ་དེ་རྒྱུད་པ་གྲྭ་ཚང་གཉིས་ཀྱི་བཀའ་དྲིན་ལྟ་བུ་ཡིན། ཧ་ཅང་ཡག་པོ་རེད་འདུག མགོན་ཆོས་གཉིས་དང༌། དེའི་ནང་ཚན་ནས་དགེ་ལུགས་པའི་ཐུན་མོང་མ་ཡིན་པ་ནི་ཆོས་སྐྱོང་ཡང་འཇམ་དབྱངས་གསུངས་པ་ལྟར་ཆོས་རྒྱལ་ཡིན། ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་ནང་ནས་གཙོ་བོ་ནང་སྒྲུབ་ཡིན་ཞིང༌། རྗེ་རིན་པོ་ཆེས་བརྐྱངས་བསྐུམས་མ་མཛད་པ་ལྟར་ནང་སྒྲུབ་དེ་གཙོ་བོ་ཡིན། དེ་གསུམ་གཙོ་བོ་ཡིན། དགེ་ལུགས་པའི་སྲུང་མ་དེ་གསུམ་ལས་དགོས་པ་མེད། ངས་ཁ་ཤས་ལ་རྩེད་མོ་དང་བཅས་ཤོད་ཀྱི་ཡོད། རི་བོ་དགེ་ལུགས་པ་ལ་ཉི་མ་གཅིག་དམ་ཅན་ཆོས་རྒྱལ་གཤེགས་འདུག་ཟེར་ནས་བསྔོ་རྟེན་འབྱོར་གྱི་འདུག་ན། དགེ་ལུགས་པ་ལ་སྲུང་མ་གསར་པ་གཅིག་བཙལ་དགོས། དེ་ལྟར་མ་བྱུང་བར་དུ་དགེ་ལུགས་པ་ལ་ཆོས་སྐྱོང་གཞན་དག་དགོས་དོན་མེད་ཅེས་ངས་བཤད་ཀྱི་ཡོད ། འདི་ལ་གནད་འགག་ཡོད། ང་རང་ཚོའི་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་ལ་ཆགས་སྡང་ཉེ་རིང་ག་ལ་ཡོད། ཉེ་རིང་ཆགས་སྡང་རྩ་བ་ནས་མེད། ཡིན་ནའང་གདུལ་བྱའི་ངོས་ནས་ཁྱེད་ནི་བླ་མ། ཁྱེད་ནི་ཡི་དམ། ཁྱེད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ། ཞེས་གསོལ་བ་བཏབ་ན་འཕྲིན་ལས་གཅིག་ཡོང་རྒྱུ་ཡོད། དེ་བཞིན་དུ་ཆོས་སྐྱོང་ཚོ་ལ་ཡིན་ན་ཡང་ས་བཅུའི་དབང་ཕྱུག་ཆོས་སྐྱོང་དེ་ཚོ་ལ་ཉེ་རིང་ཆགས་སྡང་ག་ནས་ཡོད། ང་རང་ཚོའི་ངོས་ནས་ཆོས་སྐྱོང་ཟེར་ནའང་ཁྱེད་རང་ཡིན། ཞི་བའི་འཕྲིན་ལས་སྒྲུབ་མཁན་ཡང་ཁྱེད་རང་ཡིན། རྒྱས་པའི་འཕྲིན་ལས་སྒྲུབ་མཁན་དེ་ཡང་ཁྱེད་རང་ཡིན། དབང་གི་འཕྲིན་ལས་སྒྲུབ་མཁན་དེ་ཡང་ཁྱེད་རང་ཡིན། དྲག་པོའི་འཕྲིན་ལས་སྒྲུབ་མཁན་དེ་ཡང་ཁྱེད་རང་ཡིན་ཞེས་བརྗོད་ན་ཕན་གྱི་རེད།

     རྗེ་རིན་པོ་ཆེས་བཀའ་བསྒོས་གཉེར་གཏད་ཡོད་མཁན་དང༌། རྗེ་བཙུན་ཤེས་རབ་སེངྒེ་མན་ཆད་ནས་བཟུང་ཐུན་མོང་མ་ཡིན་པའི་བཀའ་བསྒོས་གཉེར་གཏད་ཡོད་མཁན་གྱི་ཆོས་སྐྱོང་དེ་ཚོ་འཆར་ཅན་ལྟ་བུར་ཕྱིན། དེ་མིན་གྱི་ལྷ་གསར་པ་འདྲ་མིན་ བསྟེན་ན་ཡག་པོ་མེད། བརྟག་དཔྱད་བྱེད་དགོས་པ་ཞིག་རེད་འདུག ལམ་སང་བཟང་པོ་གཡམ་རྒྱུགས་བྱེད་མི་རུང༌། བླ་མ་སྐྱེས་ཆེན་དམ་པ་དེ་འདྲས་ཐུན་མོང་མ་ཡིན་པའི་སོ་སོའི་སྒོས་ཀྱི་ཆོས་སྐྱོང་འདྲ་མིན་གནང་མཁན་དེ་འདྲ་ཡོད། དེ་སོ་སོའི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་རེ་ཡོད་པས་བྱུས་གཏོགས་བྱེད་དགོས་པ་གང་ཡང་མི་འདུག དགེ་ལུགས་པ་སྤྱིའི་འགྲོ་སྟངས་ཀྱི་ཐོག་ནས་བཤད་ན། ད་ལྟ་ཞུས་པ་བཞིན་ཁ་ནས་སྐྱེས་བུ་གསུམ་གྱི་སྲུང་མ་ཞེས་ལམ་སྤྱིའི་འགྲོ་སྟངས་དང་མཐུན་ལུགས་མང་པོ་ཞིག་ཤོད་བཞིན་དུ་དངོས་སུ་ལག་ལེན་དུ་སྐྱེལ་སྐབས་ཤར་ནུབ་གོ་འཛོལ་བ་ལྟ་བུ་བྱས་ན་ཡག་པོ་མེད། དེའི་སྐོར་ང་ལ་སྐད་ཆ་བཤད་རྒྱུ་མང་པོ་ཡོད། ང་ལ་ཉམས་མྱོང་མང་པོ་ཞིག་བྱུང༌། ལོ་མང་རིང་བརྟག་དཔྱད་བྱས་ནས་ང་རང་ལ་ཉམས་མྱོང་མང་པོ་བྱུང་བའི་ཐོག་ནས་སྐད་ཆ་བཤད་ཀྱི་ཡོད། གང་ལྟར་སྐྱེས་བུ་གསུམ་གྱི་སྲུང་མ་དེ་གཙོ་བོ་ཡིན། དེ་ནས་རྒྱུད་ཀྱི་སྐབས་ནས་དངོས་སུ་བསྟན་པའི་སྲུང་མ་མགོན་པོ་ཕྱག་བཞི་དེ་གཙོ་བོ་ཡིན། མགོན་པོ་གུར་དང༌། མགོན་པོ་ཞལ། གུར་ཞལ་གྱི་བཀའ་སྡོད་གྲས་ལ་ལྕམ་སྲིང་སླེབས་ཡོང་གི་ཡོད། ལྕམ་སྲིང་དྲེགས་པའི་རྗེ་བོ་ལྟ་བུ་ཡིན་ཞེས་པ་ལྟར་ཡིན་ཡང་དྲེགས་པའི་ཁོངས་སུ་མེད།

   མ་གཞི་ང་རང་ཚོ་མིའི་རྒྱུད་ཚོད་ཐིག་རྒྱུ་དེ་ཕྱིར་མི་ཟློག་པའི་རྟགས་ཀྱི་སྐབས་ནས་རྒྱུད་ཚོད་དཔག་རྒྱུ་ཡོད། འོན་ཀྱང་མིའི་རྒྱུད་ཚོད་ཐིག་རྒྱུ་ཁག་པོ་རེད། ལྷག་པར་ལྷའི་རྒྱུད་ཚོད་ཐིག་རྒྱུ་དེ་ལས་ཀྱང་ཁག་པ་ཡོད། དེར་བརྟེན་སྲུང་མ་དེ་ཚོའི་གྲས་ཁ་ཤས་འཇིག་རྟེན་པ་རེད་ཟེར་ནས་མར་བཞག་དགོས་པ་ལྟ་བུ་དང༌། ཡང་ཁ་ཤས་འཇིག་རྟེན་ལས་འདས་པ་རེད་ཟེར་ནས་ཡར་བཞག་དགོས་པ་དེ་ཚོ་ཁག་པོ་རེད། དཔལ་ལྡན་ལྷ་མོ་རི་བོ་དགེ་ལུགས་པའི་ཐུན་མོང་མ་ཡིན་པའི་སྲུང་མ་ནི་རེད་མི་འདུག རྗེ་ཡབ་སྲས་སྐབས་དམིགས་བསལ་གྱི་འབྲེལ་བ་གང་ཡང་ཡོད་ས་མ་རེད། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པས་དཔལ་ལྡན་ལྷ་མོར་ཐུན་མོང་མ་ཡིན་པའི་འབྲེལ་བ་བྱུང༌། དགེ་འདུན་གྲུབ་པས་བཀྲ་ཤིས་ལྷུན་པོ་ལ་ལྷ་མོ་དེ་གཙོ་བོ་གནང༌། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དེའི་ཡང་སྲིད་ཡིན་དུས་ལྷ་མོ་གཙོ་བོ་གནང༌། དགེ་འདུན་རྒྱ་མཚོ་འབྲས་སྤུངས་སུ་ཕེབས་ནས་འབྲས་སྤུངས་ཁྲི་པ་གནང་བའི་མཇུག་ཏུ་སེ་རའི་ཁྲི་པའང་གནང་སྟེ། སེ་འབྲས་ཀྱི་ཁྲི་པ་གནང་ནས་བཞུགས་དུས་འབྲས་སྤུངས་ལ་ལྷ་མོ་གཙོ་བོ་བྱེད་རྒྱུ་དེ་ཆགས་པ་ཡིན་ས་རེད། དུས་ཕྱིས་སེ་འབྲས་ནས་ཡན་ལག་དང༌། ཉིང་ལག་གི་ཚུལ་དུ་བུ་དགོན་ལྟ་བུ་མདོ་སྟོད་སྨད། དབུ་གཙང་ས་ཁུལ་མང་པོ་ཞིག་ཏུ་ཁྱབ་པ་ལ་བརྟེན་ནས་དཔལ་ལྡན་ལྷ་མོ་དགེ་ལུགས་པའི་དགོན་པ་མང་པོ་གཅིག་གི་སྲུང་མར་གྱུར། འབྲས་སྤུངས་དང་འབྲེལ་བ་ཡོད་པའི་ཆ་ནས་གནས་ཆུང་རྡོ་རྗེ་གྲགས་ལྡན་ཡང་དེ་བཞིན་བྱས་ནས་དགེ་ལུགས་པའི་དགོན་པ་མང་པོ་ཞིག་གི་སྲུང་མར་གྱུར་པ་རེད། འབྲས་སྤུངས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པའི་རྒྱུ་མཚན་གྱི་ཐོག་ནས་བཀྲ་ཤིས་འཁྱིལ་དང༌། སྐུ་འབུམ། བཀྲ་ཤིས་འཁྱིལ་གྱི་ཁོངས་གཏོགས་དགོན་པ་མང་པོ་དང༌། སྐུ་འབུམ་གྱི་འབྲེལ་ཡོད་དགོན་པ་མང་པོ་ལ་དེ་འདྲའི་འབྲེལ་བ་བྱུང་འདུག

གང་ལྟར་ཡང་སྙིང་འདི་ཚོ་གནས་ཚུལ་ཐ་དད་ཡིན་པས་བཤད་དགོས་པ་དང་གནད་འགག་མི་འདུག དཔལ་ལྡན་ལྷ་མོ་དང༌། དེ་འདྲའི་འཇིག་རྟེན་ལས་འདས་པའི་སྲུང་མ་དེ་ཚོ་ཚོགས་ཞིང་ནང་ལ་སོ་སོའི་བསྟེན་པའི་སྲུང་མ་གལ་ཆེ་བ་རྣམས་འདི་འདྲ་བྱས་ཏེ་བཀོད་པ་རེད། ཐམས་ཅད་བཀོད་དགོས་པའི་རྒྱུ་མཚན་ཅང་མེད། ཚོགས་ཞིང་གི་གྲས་ལ་འཇིག་རྟེན་པའི་ལྷ་བཀོད་ན་སྐྱབས་འགྲོ་སྟོང་པའི་ཉེན་ཁ་ཡོད་པ་ཆེས་ནན་པོ་བྱས་ཏེ་ྋརྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དང༌། ཕུར་ལྕོགས་ངག་དབང་བྱམས་པ་སོགས་ཀྱིས་ཡང་ཡང་གསུང་གི་ཡོད་ཅེས་ཁྲིད་ཡིག་ནང་གསལ་ཡོད་པས་འཇིག་རྟེན་པའི་སྲུང་མ་ཚོགས་ཞིང་ནང་ལ་བཀོད་རྒྱུ་མེད། དཔེར་ན། རྒྱལ་པོ་སྐུ་ལྔ་ལྟ་བུ་ད་ལྟ་ཞུས་པ་བཞིན་ངའི་ངོས་ནས་ཆ་བཞག་ན་ཐུན་མོང་མ་ཡིན་པ་དང༌། དགའ་ལྡན་ཕོ་བྲང་གི་ཐུན་མོང་མ་ཡིན་པའི་སྲུང་མ་ཆགས་ཡོད། ཡིན་ནའང་འཇིག་རྟེན་དྲེགས་པའི་ཚུལ་བཟུང་ནས་འཇིག་རྟེན་དྲེགས་པའི་ཁོངས་སུ་ཡོད་པ་ཡིན་དུས་གལ་ཏེ་ཚོགས་ཞིང་ནང་བཀོད་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་ཡོང་གི་རེད། ཤེས་སོང་ངམ། དཔེར་ན། རྒྱལ་པོ་སྐུ་ལྔ་ལྟ་བུ་ངེས་པ་དོན་ལ་ྋརྒྱལ་བ་རིགས་ལྔའི་རྣམ་སྤྲུལ་ཡིན་ཞེས་པ་ལྟར་ཏན་ཏན་ཡིན་གྱི་རེད། ཐུན་མོང་གདུལ་བྱའི་སྣང་ངོར་དགོས་པ་རྒྱུ་མཚན་དང་འབྲེལ་བའི་ཐོག་ནས་དྲེགས་པའི་ཚུལ་ལ་བཞེངས་པ་ཡིན་དུས་ང་རང་ཚོའི་འཇིག་རྟེན་ཡོངས་གྲགས་ཀྱི་བསྟེན་ཚུལ་དེ་དྲེགས་པ་སྤྱིར་བཏང་གཞིར་བཞག་ཐོག་ནས་བསྟེན་དགོས་པ་ལས་ངེས་དོན་གཅིག་རེད་ཟེར་ནས་དེའི་ཐོག་ནས་མགོ་འབུལ་ལུས་འབུལ་ཞུ་རྒྱུ་མེད། དེ་འདྲ་ཡིན་དུས་དེ་དང་དེ་འདྲའི་དྲེགས་པའི་གྲས་ལྷ་འདྲ་མི་འདྲ་དེ་ཚོའི་གྲས་ཀྱང༌། དེ་དེ་བཞིན་བྱས་ནས་གསོལ་འདེབས་ཞུ་སྟངས་འཕྲིན་ལས་བཅོལ་བ་ལྟ་བུ་བྱ་རྒྱུ་རེད་མ་གཏོགས་མགོ་འབུལ་ལུས་འབུལ་བྱས་ན་ཡག་པོ་མེད། བཟང་པོ་གཡམ་རྒྱུགས་འདི་འདྲའི་ཐོག་ནས་ཀྱང་སྐྱོན་ལྷགས་པའི་ཉེན་ཁ་ཡོད།

   ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༦ ཕྱི་ཟླ་ ༡ ཚེས་ ༨ དང་ཚེས་ ༩ སོ་སོར་གནས་མཆོག་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་པོར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སུམ་ཅུ་པའི་སྔོན་འགྲོའི་ཆོས་འབྲེལ་སྐབསདོལ་རྒྱལ་སྟེན་གསོལ་ཐད་ཀྱི་གལ་ཆེའི་ལམ་སྟོན་བཀའ་སློབ།

   ངོས་ནས་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་བྱས་པར་རྒྱུ་མཚན་མང་པོ་ཡོད། རྒྱུ་མཚན་གཅིག་ནི་ངོས་རང་ྋགོང་ས་ལྔ་པ་ཆེན་པོའི་ལམ་གྱི་ཐོག་གང་ཐུབ་ཀྱིས་འགྲོ་གི་ཡོད། འདོད་ཀྱང་རུང༌། མ་འདོད་ཀྱང་རུང་རྒྱུ་མཚན་འདི་གཅིག་ཡིན། རྒྱུ་མཚན་གཅིག་ནི་འཇམ་མགོན་བླ་མའི་བསྟན་པར་བསམ་བློ་བཏང་བ་ཡིན། འཇམ་མགོན་བླ་མས་འཇོག་གནང་མཛད་པའི་ལེགས་བཤད་རྨད་དུ་བྱུང་བ་པོད་བཅོ་བརྒྱད་ཡོད། དེ་དག་ནང་བསམ་བརྗོད་ལས་འདས་པའི་མདོ་རྒྱུད་ཀྱི་ལེགས་བཤད་རྨད་དུ་བྱུང་བ་དུ་མ་ཞིག་ཡོད་པ་དེ་ནི་དགེ་ལུགས་པའི་ཕྱི་ལ་ངོམ་རྒྱུ་དང༌། ནང་གི་སྙིང་ནོར་ངོ་མ་ཡིན།རྩ་ཆེའི་པོད་བཅོ་བརྒྱད་དེ་དག་ཕར་བཞག་སྟེ་རྩོད་གཞི་ཅན་གྱི་དྲེགས་པའི་ཆོས་སྐྱོང་ཞིག་རྩ་ཆེར་འཛིན་ན། དེ་ནི་དོན་དངོས་ཐོག་དགེ་ལྡན་པའི་ཞབས་འདྲེན་དང༌། ངོ་ཚ་དགོས་པའི་གནས་ཡིན། དགེ་ལྡན་པར་ཡང་དག་པའི་ཞེན་ཁོག་ཡོད་མཁན་ཞིག་ཡིན་ན་ངེས་པར་ཞེན་ཁོག་བྱེད་ས་མ་ནོར་བ་ཞིག་དགོས། བླ་མ་མཆོད་པ་འདོན་ཤེས་ཙམ་དང༌། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཞིག་ལ་དགེ་ལུགས་པའི་སྙིང་ནོར་དུ་བརྩིས་ནས་ཞེན་ཁོག་བྱས་ན་ནོར་འཁྲུལ་དང༌། བྱབ་ཆུང་གི་ལས་ཡིན།རྗེ་བླ་མའི་གསུང་པོད་བཅོ་བརྒྱད་ལ་བདག་པོ་ཡག་པོ་ཞིག་བརྒྱབ་ཐུབ་ན་འདི་ནི་དངོས་གནས་ངོ་མཚར་ཆེན་པོ་རེད།

     ཕྱི་ལོ ༢༠༠༧ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ བར་ཉིན་བཞི་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཆེན་པོ་ཧོར་གྱི་ཡུལ་ཁག་ནས་ཆོས་ཞུར་ཕེབས་པ་རྣམས་ལ་བླ་མ་མཆོད་པའི་བཀའ་ཁྲིད་གནང་སྐབས་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།

   སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་བསྟན་སྲུང་རྒྱ་མཚོས་བསྐོར་ནས་བཞུགས། །

ཞེས་པ་ནི་པད་རིམ་རིམ་པ་དང་པོར་པད་འདབ་བཞི་དང༌། དེའི་གསུམ་གྱི་པད་འདབ་བཅུ་པོ་དེ་ལ་དུས་འཁོར་གཙོ་བོར་གྱུར་པའི་བླ་མེད་ཀྱི་རྒྱུད་སྡེའི་ལྷ་ཚོགས་དང༌། དེ་ནས་རྣལ་འབྱོར་རྒྱུད་དང༌། སྤྱོད་རྒྱུད། བྱ་རྒྱུད། དེ་ནས་སྐལ་བཟང་སངས་རྒྱས་སྟོང་དང༌། རང་རྒྱལ་དགྲ་བཅོམ་པ་དང༌། ཉན་ཐོས་དགྲ་བཅོམ་པ། དཔའ་བོ་དཔའ་མོ། ཆོས་སྐྱོང་སྲུང་མ་བཅས་གསུངས་ཡོད། ཆོས་སྐྱོང་ལ་མགོན་པོ་དང༌། རྣམ་སྲས། དམ་ཅན་ཆོས་རྒྱལ་གསུམ་ནི་གཙོ་བོ་ཡིན་ལ། དེ་དག་ནི་འཇིག་རྟེན་ལས་འདས་པ་འབའ་ཞིག་ཡིན། རྒྱལ་ཆེན་རིགས་བཞི་སྒོམ་པ་ནི་དཔག་བསམ་ལྗོན་པའི་ཕྱོགས་བཞིར་སྤྲིན་ཕུང་ཟུར་དུ་ཡོད་པའི་སྟེང་དུ་བཀོད་ཡོད་པ་ལས་པད་འདབ་ཀྱི་སྟེང་དུ་མེད། དེས་ན་འཇིག་རྟེན་པའི་དྲེགས་པ་དེའི་ནང་གཏན་ནས་མི་དགོས་པ་ཡིན།

སྔར་མི་ཞིག་གིས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ལ་ཆོས་སྐྱོང་གི་གྲས་སུ་གཞི་བདག་གཅིག་བཅུག་ཡོད་པའི་བླ་མ་མཆོད་པའི་ཚོགས་ཞིང་ཞིག་སྤྱན་བསྟར་ཞུས་པར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་མཆོག་ནས་གཞི་བདག་དེའི་ཚབ་ཏུ་ནོར་བུ་ཞིག་བྲིས་ན་ལེགས་ཞེས་གསུངས་པའི་ལོ་རྒྱུས་ཡོད། ཉེ་ཆར་ངས་ཨི་ཊ་ལི་ནང་ཆོས་ཀྱི་འགྲེལ་བཤད་ཉིན་ཤས་བྱས་པའི་སྐབས་དེར་གངས་ཅན་བླ་མ་དང༌། དོལ་རྒྱལ་ཚོགས་པའི་གྲས་ཀྱིས་བླ་མ་མཆོད་པའི་ཚོགས་ཞིང་ཞིག་བཀྲམས་འདུག་ཅིང༌། ཚོགས་ཞིང་གི་ཆོས་སྐྱོང་གཙོ་བོ་དེ་ཤུགས་ལྡན་བྲིས་འདུག་ཅེས་བརྗོད་ཀྱི་འདུག དེས་ན་དེང་སང་བླ་མ་མཆོད་པའི་ཚོགས་ཞིང་གི་དཔར་གསར་པ་ཞིག་ཐོན་ཡོད། ཕྱི་ཉིན་དེར་ཁྲོམ་ཐོག་རིན་པོ་ཆེའི་ལེགས་སྦྱར་ཉན་མཁན་རྣམས་ལ་གསལ་བཤད་ཅིག་ཀྱང་གནང་དགོས་བྱུང་ཡོད། འབྲེལ་བཤད་མ་བྱས་ཚེ་ཁོང་ཚོས་མ་ཤེས་པར་བླ་མ་མཆོད་པའི་ཚོགས་ཞིང་དེ་ཚད་ལྡན་ཞིག་རེད་འདུག་བསམ་པའི་ཉེན་ཁ་ཡོད། དེ་མིན་དབྱིན་ལན་སྐལ་བཟང་རྒྱ་མཚོས་རྒྱལ་པོ་ཤུགས་ལྡན་ཡི་དམ་ལ་མངའ་གསོལ་བྱས་ཡོད། ཡི་དམ་ལ་མངའ་གསོལ་ན་རྒྱལ་པོ་ཤུགས་ལྡན་གྱི་རྒྱུད་ཅིག་ཡོད་དགོས་ལ། རྒྱུད་དེ་ནས་བཤད་པའི་བསྙེན་སྒྲུབ་བཀོད་དགོས་པ་ཆགས་ཀྱི་ཡོད། སྐུ་གསུམ་ལམ་འཁྱེར་གྱི་ལྷ་ཡི་རྣལ་འབྱོར་ཞིག་ཀྱང་དགོས་པ་ཆགས་གྲབས་བྱེད་ཀྱི་ཡོད། ཡི་དམ་ལ་བཀོད་ན་དེ་དག་དགོས་པ་ཡིན།

ཕྱི་ལོ་ ༡༩༩༧ ཟླ་ ༡༢ ཚེས་ ༩ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སེ་ར་ཐེག་ཆེན་གླིང་གི་ཆོས་སྒར་དུ་སེར་སྐྱ་མང་ཚོགས་ལ་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།

     ང་རང་ཚོ་དངོས་གནས་སངས་རྒྱས་དཀོན་མཆོག་དང༌། ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་ཅེས་བཤད་དུས་དགེ་འདུན་དཀོན་མཆོག་ནི་འཇིག་རྟེན་ལས་འདས་པ་ཡིན་ཅིང༌། དེའི་ཁོངས་འཇིག་རྟེན་དྲེགས་པ་ཚུད་ཀྱི་མེད། གཞན་དག་ཕར་བཞག རྒྱལ་པོ་སྐུ་ལྔ་ལྟ་བུ་ལ་ཆ་མཚོན་ན། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ནང་དག་མ་དག་གི་གླེང་གཞི་རྩ་བ་ནས་མེད་ཅིང༌། ཚང་མས་སློབ་དཔོན་རིན་པོ་ཆེས་དམ་འདོགས་གནང་བའི་དགོན་སྡེ་སྲུང་མཁན་གྱི་སྲུང་མ་གཙོ་བོའི་གྲས་ལ་རྩི་གི་ཡོད། ཡིན་ནའང་དྲེགས་པ་ཡིན་པས་ང་ཚོས་སྐྱབས་འགྲོའི་ཡུལ་ལ་བཞག་ན་འགྲིག་གི་མེད་ལ་ཆོག་གི་ཡང་མེད། དེ་འདྲ་ཡིན་དུས་རྩོད་པ་ཅན་དང༌། གླེང་གཞི་ཅན་དགེ་ལུགས་པའི་བླ་མ་ཚད་ལྡན་འགས་དམ་སྲི་རེད་གསུངས་པ་དང༌། འགའ་ཤས་ཀྱིས་རྒྱལ་འགོང་རེད་གསུངས་པ། འགའ་ཤས་ཀྱིས་འདྲེ་རེད་གསུངས་པ་དེ་འདྲ་ཞིག་ང་རང་ཚོས་སྐྱབས་གནས་ཀྱི་གྲས་ལ་བརྩིས་ན་ནོར་བ་ཡིན། སྡེ་པ་གཞུང་གི་སྲུང་མ་དམར་ནག་གཉིས་ཞེས་བཤད་དུས་དཔལ་ལྡན་ལྷ་མོ་འཇིག་རྟེན་ལས་འདས་ཀྱང་འཇིག་རྟེན་པའི་ཚུལ་བཟུང་བ་དེ་འདྲ་ཤོད་སྲོལ་ཡོད། ཡིན་ནའང༌། ས་བཅུའི་དབང་ཕྱུག་ཁྲོ་བོ་ཉེར་ཞི་ཡང༌། །ཞེས་གསུངས་ནས་ས་བཅུའི་དབང་ཕྱུག་ལ་རྩི་གི་ཡོད། དེར་བརྟེན་དཔལ་ལྡན་ལྷ་མོ་འཇིག་རྟེན་ལས་འདས་པ་ཡིན། སྲུང་མ་དམར་པོ་གནས་ཆུང་རྡོ་རྗེ་གྲགས་ལྡན་དྲེགས་པའི་ཚུལ་བཟུང་བ་ཡིན་དུས་དགེ་འདུན་དཀོན་མཆོག་གི་གྲས་ལ་ཚུད་ཀྱི་མེད། འཇིག་རྟེན་པའི་གྲས་ལ་བཞག་དགོས་པ་ཡིན། ངོ་བོ་གང་ཞིག་ཡིན་ཡང་ང་རང་ཚོ་ནང་པ་ཡིན་དུས་སྐྱབས་འགྲོའི་བསླབ་བྱ་དང་མ་འགལ་བ་དང༌། སྐྱབས་ཡུལ་མ་ནོར་བ་ཞིག་བྱེད་དགོས་པ་ཡིན། ཤེས་སོང་ངམ།

   ཁྱེད་རང་ཚོ་ཁ་ཤས་ཀྱིས་དོལ་རྒྱལ་བསྟེན་ན་ལམ་འགྲོ་དང༌། དངུལ་ཡོང་གི་རེད་ཟེར་བ་དེ་ནི་ནོར་འཁྲུལ་ཡིན། དངུལ་ཕྲན་བུ་ཡོང་བ་རྒྱུ་མཚན་དུ་བྱས་ནས་རྩ་བ་ཆེན་པོ་རེད་ཅེས་བརྗོད་པ་སངས་རྒྱས་ཀྱི་བསྟན་པའི་གནད་མ་ཤེས་པའི་རྟགས་ཡིན། རིགས་ཁ་ཤས་ཀྱིས་ངས་ད་ལྟ་དམ་བསྒྲགས་བྱས་པ་འདིས་ཆོས་དད་རང་མོས་ལ་འགལ་རྐྱེན་བཟོ་གི་འདུག ཆོས་དད་རང་མོས་སྤྲོད་ཀྱི་མི་འདུག་ཅེས་ཤོད་ཀྱི་ཡོད། དངོས་གནས་བྱས་ན་དམ་བསྒྲགས་བྱེད་པ་དེ་ནི་ཆོས་དད་རང་མོས་སྲུང་སྐྱོབས་བྱེད་ཀྱི་ཡོད། གོང་དུ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཕྱག་བྲིས་ནང་ཡོད་པ་ལྟར་གནས་ཚུལ་དེ་ཁམས་ཁུལ་ཙམ་དུ་མ་ཟད། གཙང་ཁུལ་དང༌། ལྷོ་ཁ་ཁུལ་སོགས་མང་པོ་ཞིག་ལ་གནས་ཚུལ་དེ་བྱུང་འདུག ང་ཚོ་རྒྱ་གར་ལ་སླེབས་ནས་གནས་ཚུལ་མང་པོ་དེ་འདྲ་བྱུང་ཡོད། གོང་གི་གནས་ཚུལ་ཤེས་མཁན་གྱི་མི་ད་ལྟ་གསོན་པོ་བསྡད་ཡོད། དེ་འདྲའི་ལྷ་གཅིག་བསྟེན་པ་ཡིན་ན་དགེ་ལུགས་པ་གཅིག་གིས་གལ་ཏེ་རིས་མེད་ཀྱི་ཆོས་ལུགས་གཞན་དག་རྙིང་མ་དང༌། བཀའ་བརྒྱུད་སོགས་ཉམས་ལེན་བྱས་ན་རྗེ་རིན་པོ་ཆེ་ཐུགས་ཁྲོས་ཀྱི་རེད་ཤོད་ཀྱི་ཡོད། ཐུགས་ཁྲོས་ཀྱི་མ་རེད་ཀྱང་ཤོད་སྟངས་དེ་འདྲ་འཐོན་གྱི་ཡོད། ཡང་ན་ཆོས་ལུགས་གཞན་དག་ལ་འགྲམ་ཆུ་ལྡང་དགོས་མ་རེད་ཟེར།

     རྗེ་རིན་པོ་ཆེ་ཡི་པོ་ཏི་བཅོ་བརྒྱད་དེ་མདོ་རྒྱུད་གང་ལའང་མ་ལྡང་བ་དང༌། མ་འགྲིགས་པ་རྩ་བ་ནས་མེད་ཅེས་བཤད་ན་དེ་ནི་རྒྱུ་མཚན་ཡང་དག་པ་ཡིན། དེ་མིན་དགེ་ལུགས་པ་ཞིག་གིས་རྙིང་མ་དང་བཀའ་བརྒྱུད་ཀྱི་ཆོས་བྱས་ན་འདྲེས་གནོད་ཀྱི་རེད། ལྷས་གནོད་ཀྱི་རེད་ཅེས་བཤད་ན་དེ་ནི་ཞེད་སྣང་བྱེད་པ་འདི་དགེ་ལུགས་པའི་བསྟན་པ་གཙང་མ་ཡིན་ཞེས་བཤད་ན་བྱབ་ཆུང་དང༌། གད་མོ་ཤོར་བའི་གནས་ཡིན། ངས་དེ་ལ་དག་ཐེར་བྱེད་པ་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་ལ་དག་ཐེར་བྱེད་ཀྱི་ཡོད་བསམ་གྱི་འདུག མི་ཁ་ཤས་ཀྱིས་ྋརྒྱལ་བ་རིན་པོ་ཆེའི་བྱེད་སྟངས་ཀྱིས་རྐྱེན་པས་དགེ་ལུགས་པའི་བསྟན་པ་ལ་གནོད་ཀྱི་འདུག་མདོག་མདོག་བཤད་ཀྱི་འདུག དེ་འདྲ་མིན་བསམ་གྱི་ཡོད། ངས་འཇམ་མགོན་བླ་མའི་བསྟན་པ་ལ་དངོས་གནས་དག་ཐེར་བྱེད་ཀྱི་ཡོད་བསམ་པ་དྲན་གྱི་འདུག རྗེ་བླ་མའི་བསྟན་པ་ཕྱི་གཙང་ནང་གཙང་གང་ནས་བལྟས་ཀྱང་རྟགས་ཐོན་པ་ཞིག་ཡོད་པ་འདི་གནས་ན་ཡག་པོ་ཡོད། རྗེ་རིན་པོ་ཆེའི་གསུང་འབུམ་པོ་ཏི་བཅོ་བརྒྱད་སྤུས་དག་པོ་དེ་ལ་སྐྱོན་འདོགས་ས་ཅུང་ཟད་ཙམ་ཡང་མེད། འདས་པའི་ལོ་དྲུག་བརྒྱའི་ནང་བྱུང་ཡོད་པ་མ་རེད་ལ་ད་དུང་ཡང་ཡོང་གི་མ་རེད། འོན་ཀྱང་དགེ་ལུགས་པའི་ལྷ་དེ་གནོད་པ་ཚ་པོ་འདུག་ཅེས་བཤད་ནས་ལྟ་ཕྱོགས་འཛིན་གྱི་འདུག དེ་ལ་ཆོ་གང་ཡང་མི་འདུག ཁྱེད་རང་ཚོས་བསམ་བློ་བཏང་ནས་ལྐུག་པ་ཨུ་ཚུགས་དང༌། གཏི་མུག་སྙིང་རྗེའི་ཡུལ་དུ་གྱུར་པ་དེ་འདྲ་བྱེད་རྒྱུ་མེད།

  ཕྱི་ལོ་ ༡༩༩༨ ཟླ་ ༩ ཚེས་ ༡༠ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོལ་ཁ་གསུམ་གྱི་ཚོགས་བཅར་བ་རྣམས་ལ་དོལ་རྒྱལ་སྐོར་བཀའ་སློབ་སྩལ་བ།

     དགེ་ལུགས་པའི་ཆོས་འདི་ཉིད་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱིས་གཏན་ལ་ཕབ་པ་དང༌། བཀའ་གདམས་པའི་བླ་མ་ཚོས་གསུངས་པ་ལྟར་དངོས་གནས་ཕྱི་གཙང་ནང་གཙང་ཡོད་པ་འདི་ལྷ་གསོལ་ཀླུ་གསོལ་བྱེད་རྒྱུ་གལ་ཆེན་པོར་རྩ་བ་ནས་རྩི་གི་མེད། རྗེ་རིན་པོ་རང་ཉིད་ཀྱི་འཁྲུངས་ལྷ་རྨ་ཆེན་སྤོམ་ར་ཡང་དགོན་པའི་ནང་བསྡད་མི་ཆོག་པར་དགོན་པའི་ཕྱི་རོལ་དུ་བཞག་གནང་འདུག རྗེ་རིན་པོ་ཆེས་རྨ་ཆེན་སྤོམ་རར་དམིགས་བསལ་གང་གཟབ་གནང་དགོས་ཡིན་ནའང་དེ་ལྟར་གཏན་ནས་གནང་མི་འདུག རྗེ་རིན་པོ་ཆེ་ཨ་མདོ་ཡིན་པའི་ཆ་ནས་རྨ་ཆེན་སྤོམ་རར་ཞེན་ཁོག་ཡོད་དགོས་ཡང༌། རྗེ་རིན་པོ་ཆེ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་ཚད་ཐུབ་ཅིག་ཡིན་པས་འཇིག་རྟེན་པའི་ལྷ་འདྲེར་ཐུགས་སྣང་གཏན་ནས་གནང་གི་མེད་པ་དང༌། དེ་བཞིན་རྒྱ་ནག་གོང་མ་ལའང་ཐུགས་སྣང་གནང་མེད། རྒྱ་ནག་གོང་མ་ཏ་མིང་རྒྱལ་པོས་རྗེ་རིན་པོ་ཆེར་གདན་ཞུ་ཕུལ་སྐབས་སྐུ་ཚབ་ལ་བྱམས་ཆེན་ཆོས་རྗེ་གཏོང་བ་གནང་འདུག དེ་དག་ནི་སངས་རྒྱས་ཀྱི་ཆོས་པ་ངོ་མ་ཡིན་པའི་རྟགས་ཡིན། འཇིག་རྟེན་ཆོས་བརྒྱད་གཏན་ནས་གནང་གི་མེད།

རྨ་ཆེན་སྤོམ་ར་རྗེའི་འཁྲུངས་ལྷ་ཡིན་སྟབས་རྗེ་རིན་པོ་ཆེའི་རྗེས་སུ་འབྲངས་ནས་ཡོང་བ་དེ་ཡང་དགོན་པའི་ཕྱི་རོལ་དུ་བཞག་པ་གནང་བ་ལས་རྩ་ཆེར་བརྩིས་གནང་མེད་པ་འདི་དགེ་ལུགས་པའི་འགྲོ་སྟངས་ངོ་མ་ཡིན། ལྷ་ལའང་འཇིག་རྟེན་པའི་ལྷ་དང༌། འཇིག་རྟེན་ལས་འདས་པའི་ལྷ་བཅས་གཉིས་ཡོད། འཇིག་རྟེན་ལས་འདས་པ་ནི་མགོན་པོ་དང༌། ཆོས་རྒྱལ་དེ་ཚོའི་གྲས་རྗེ་རིན་པོ་ཆེ་ཞལ་བཞུགས་དུས་བཀའ་སྲུང་གི་གཙོ་བོ་ཡིན། དེའི་ཐོག་རྣམ་སྲས་ལ་བཀའ་བསྒོ་གཉེར་གཏད་གནང་བ་བཅས་དགེ་ལུགས་པའི་སྲུང་མ་དེ་གསུམ་ནི་འཇིག་རྟེན་ལས་འདས་པ་ཡིན། དེ་མིན་འཇིག་རྟེན་པའི་ལྷ་ལ་རྗེ་རིན་པོ་ཆེས་ཐུགས་སྣང་རྩ་བ་ནས་གནང་གི་མེད། རྒྱལ་པོ་སྐུ་ལྔ་ལྟ་བུར་ཆ་བཞག་ན་འཇིག་རྟེན་དྲེགས་པའི་ལྷ་ཡིན། ངོ་བོ་རྒྱལ་བ་རིགས་ལྔ་ཡིན་མིན་གང་ལྟར་ཡང་ཐུན་མོང་ལ་འཇིག་རྟེན་དྲེགས་པའི་ཚུལ་བསྟན་ཡོད་དུས་དྲེགས་པའི་གྲས་ལ་འཇོག་རྒྱུ་རེད། ང་ཚོས་སྲུང་མ་དམར་ནག་གཉིས་གསོལ་དུས་དགའ་ལྡན་ཕོ་བྲང་གི་ཐུན་མོང་མ་ཡིན་པའི་སྲུང་མ་ཡིན་པའི་ཆ་ནས་གསོལ་གྱི་ཡོད་པ་ལས། གནས་ཆུང་རྡོ་རྗེ་གྲགས་ལྡན་སྐྱབས་གནས་དགེ་འདུན་དཀོན་མཆོག་གི་གྲས་སུ་བརྩིས་ནས་གསོལ་གྱི་མེད་པ་གསལ་པོ་ཤེས་དགོས།

   ྋརྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང༌། དཔེར་ན་ངའི་ངོས་ལ་ཆ་བཞག་ན་གནས་ཆུང་དང་ཐུན་མོང་མ་ཡིན་པ་ཡིན། འོན་ཀྱང་འཇིག་རྟེན་དྲེགས་པ་ཡིན་པས་དྲེགས་པ་དྲེགས་པའི་གནས་ལ་བཞག་ནས་བསྟེན་གྱི་ཡོད། གནས་ཆུང་རྗོ་རྗེ་གྲགས་ལྡན་ལ་ཆ་བཞག་ན་བཀའ་བརྒྱུད་དང༌། རྙིང་མ། ས་སྐྱ། དགེ་ལུགས་པ་བཅས་ཚང་མས་རྒྱལ་པོ་སྐུ་ལྔ་ཚད་ལྡན་མ་རེད་ཅེས་བརྗོད་མཁན་སུ་ཡང་མེད། འོན་ཀྱང་དེ་དྲེགས་པའི་གནས་ལ་བཞག་པ་ལས་སྐྱབས་གནས་ཀྱི་གྲས་ལ་འཇོག་གི་མེད། དོལ་རྒྱལ་ནི་དྲེགས་པའི་ནང་ནས་ཀྱང་རྩོད་པ་ཅན་ཞིག་དང༌། ྋགོང་ས་ལྔ་པས་སྨོན་ལམ་ལོག་པའི་དམ་སྲིར་བརྩིས་གནང་བ་དང༌། ཕུར་ལྕོག་ངག་དབང་བྱམས་པ་དང༌། ཁྲི་ཆེན་ངག་དབང་མཆོག་ལྡན། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་མང་པོ་ཞིག་གིས་རྒྱལ་འགོང་ལ་བརྩིས་གནང་འདུག པཎ་ཆེན་བསྟན་པའི་དབང་ཕྱུག་གིས་ཧ་ཅང་གསལ་པོ་གསུངས་འདུག

ས་སྐྱའི་བླ་མ་གོང་མ་ཚོས་ཀྱང་རྒྱལ་པོ་དཀོར་བདག་ལ་བརྩིས་གནང་བ་ལས། སྐྱབས་གནས་ལ་བརྩིས་གནང་མི་འདུག ཉེ་སྔོན་དབྱིན་ལན་ཁུལ་སྡོད་དོལ་རྒྱལ་བསྟེན་མཁན་དེ་ཚོའི་གྲས་ཀྱིས་དོལ་རྒྱལ་ཡི་དམ་ལ་རྩི་གི་ཡོད། དགེ་ལུགས་པའི་ཆོས་ཉམས་ལེན་གྱི་སྙིང་པོ་དོལ་རྒྱལ་ལ་བརྩི་བཀུར་བྱེད་རྒྱུ་དེ་རེད་ཅེས་བརྗོད་ཀྱི་འདུག ངས་འདི་འདྲ་མ་རེད་ཅེས་བཤད་པ་ཡིན། དེ་ལྟ་བུའི་གོ་བ་ལོག་སྒྲུབ་ཆེན་པོ་བྱེད་མཁན་འདུག

   ཆོས་དད་རང་དབང་དགོས་ཞེས་བརྗོད་པ་འདི་ཆོས་དད་ཀྱི་གནས་ཚུལ་གང་ཡང་མ་རེད། དོལ་རྒྱལ་བསྟེན་མཁན་ཚོས་ང་ཚོ་དགེ་ལུགས་པ་མིན་ཞེས་དེང་སང་དུས་རབས་ཉེར་གཅིག་པའི་ནང་གི་ཆོས་གསར་པ་སྤེལ་མཁན་ཡིན་ཞེས་བརྗོད་ན་དེ་ནི་ཁོ་རང་ཚོའི་རང་དབང་ཡིན་པས་ང་ལ་བཤད་རྒྱུ་གང་ཡང་མེད། སྤྱིར་ནང་པ་དང༌། དེའི་ནང་ནས་ཀྱང་དགེ་ལུགས་པ་ཡིན་ཞེས་བརྗོད་ནས། དགེ་ལུགས་པ་སྤྱིའི་འགྲོ་སྟངས་དང་མ་མཐུན་པ་ཞིག་བྱེད་པ་འདི་འགྲིགས་ཀྱི་མི་འདུག་ཅེས་བརྗོད་ཀྱི་ཡོད། ཁོ་རང་ཚོ་དགེ་ལུགས་པ་མིན་ཟེར་བའམ། ཡང་ན་དགེ་ལུགས་པ་ཡིན་ཀྱང་དེང་སང་གི་དགེ་ལུགས་པ་ཡ་མཚན་ཅན་ཞིག་ཡིན་ཟེར་བ། ཡང་ན་དགེ་ལུགས་པ་དང་མི་འདྲ་བ་ཁྱད་དུ་འཕགས་པ་ཞིག་ཡིན་ཞེས་བཤད་པ་ན་དེ་ལ་ངས་བཤད་རྒྱུ་གང་ཡང་མེད། ༸འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱིས་གཏན་ལ་ཕབ་པའི་གཞུང་ཐིག་འདིའི་ཐོག་ནས་འགྲོ་མཁན་ཞིག་ཡིན་ཞེས་བཤད་བཞིན་དུ་བྱེད་སྟངས་དེ་འདྲ་བྱས་ན་དགེ་ལུགས་པ་སྤྱིའི་བསྟན་པའི་རྣམ་གཞག་དང་མ་མཐུན་པ་ཆགས་ཀྱི་ཡོད་སྟབས་དེ་འགྲིགས་ཀྱི་མི་འདུག་ཅེས་བརྗོད་ཀྱི་ཡོད། དེ་ནི་ཆོས་དད་རང་མོས་ཀྱི་གནད་དོན་མིན་པར་ལྷ་གསོལ་རྒྱུའི་རང་དབང་གི་གནད་དོན་རེད། ལྷ་དེ་ཡང་རྩོད་པ་ཅན། ས་དགེའི་བླ་མ་མང་པོ་ཞིག་གི་དཀོར་བདག་དང༌། དམ་སྲི། འདྲེ་དང༌། རྒྱལ་འགོང་

བཅས་ལ་ངོས་འཛིན་གནང་བ་ཞིག་རྩ་བ་ཆེན་པོ་ཡིན་ཞེས་ཟེར་བ་དེ་དོན་དང་མི་མཐུན་པས་དོན་ཚན་གཅིག་འདིར་ཐུག་ཡོད།

   དེང་སང་དོལ་རྒྱལ་བསྟེན་མཁན་ཚོས་དགེ་ལུགས་པ་དོལ་རྒྱལ་བསྟེན་མཁན་ཞིག་གིས་རྙིང་མ་དང་བཀའ་བརྒྱུད་བྱས་པ་ཡིན་ན་དོལ་རྒྱལ་གྱིས་གནོད་པ་སྐྱེལ་གྱི་རེད་ཅེས་ཞེད་སྣང་བསྐུལ་གྱི་ཡོད། དཔེར་ན། དགེ་ལུགས་པ་གྲུབ་མཐའ་ཁེ་གཙང་འཛིན་མཁན་ཞིག་གི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྨད་དུ་བྱུང་བའི་ལེགས་བཤད་འདི་དག་གི་ཐོག་ནས་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པ་ཞིག་ཡོད་པ་རྣམས་སོ་སོས་ཤེས་ནས་རྒྱུ་མཚན་མཐོང་སྟེ་དད་པ་སྐྱེས། འདིས་རང་ཉིད་ཡིད་ཚིམས་ཏེ། རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ་སོགས་ལ་ལྟ་རྟོག་བྱེད་དགོས་མེད་པ་མཐོང་ན་དེ་ནི་གནས་ཚུལ་ཐ་དད་ཡིན། རྙིང་མའི་ཆོས་ཞུ་འདོད་ཀྱང་དོལ་རྒྱལ་གྱིས་གནོད་མི་ཡོང་ངམ་བསམ་ནས་ཞེད་སྣང་བྱས་ཏེ་སྡོད་དགོས་བྱུང་ན། དེ་ནི་ཆོས་དད་རང་མོས་འཕྲོག་པ་ཡིན། དགེ་ལུགས་པ་ཞིག་གིས་རིས་མེད་བྱེད་རྒྱུར་བར་ཆད་བྱེད་ཀྱི་ཡོད་པ་ནི་འགལ་རྐྱེན་རེད།

   ས་དགེ་དཀའ་རྙིང་ཚང་མར་འཇིག་རྟེན་ལས་འདས་དང་མ་འདས་ཀྱི་སྲུང་མ་བརྒྱ་ཕྲག་བརྒལ་བ་ཡོད། དེ་ཚོ་བསྟེན་གསོལ་བྱེད་སྟངས་ལ་ང་ཚོས་བསམ་བློ་ཡག་པོ་གཏོང་དགོས། དཔེར་ན། ང་ཚོས་བསྐང་གསོ་གཏོང་རྒྱུ་གལ་ཆེར་འཛིན་གྱི་ཡོད་ཀྱང༌། གསང་སྔགས་གསར་མའི་གསང་བདེ་འཇིགས་གསུམ་གྱི་ནང་བསྐང་གསོའི་རྣམ་གཞག་མེད། དུས་ཀྱི་འཁོར་ལོའི་ནང་རྩ་དང་རླུང་གི་རྣམ་བཞག་རྒྱས་པོ་ཡོད་པ་ལས། ཆོས་སྐྱོང་གི་བསྐང་གསོའི་རྣམ་གཞག་གཏན་ནས་མེད། གསང་སྔགས་ཉམས་ལེན་གཙོ་བོ་ལྷ་ཡི་རྣལ་འབྱོར་ཡིན་པ་ལས་བསྐང་གསོ་མིན། གང་ལྟར་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པར་བསྐང་གསོ་གཏོང་བ་དང༌། འཕྲིན་བཅོལ་བྱེད་པ། གསེར་སྐྱེམས་གཏོང་བ་བཅས་ཧ་ཅང་མང་པོ་ཡོད། དེ་ཚོའི་སྐོར་བདག་ཁྲི་རིན་པོ་ཆེ་དང་བཀའ་མོལ་བྱུང༌། དེ་བཞིན་ཁོང་ཚོ་གཞན་ཁ་ཤས་ལ་བཀའ་འདྲི་ཞུས་པར་ས་སྐྱའི་ཁོངས་ནས་དགེ་ལུགས་པའི་ཆོས་བྱས་ན་གནོད་ཀྱི་རེད་ཟེར་བའི་ས་སྐྱའི་སྲུང་མ་ཡོད་མེད་དང༌། རྙིང་མའི་ཆོས་བྱེད་མཁན་ཞིག་གིས་གསར་མའི་ཆོས་བརྒྱུད་ངན་སོང་ཀུན་གྲོལ་ལྟ་བུ་བྱས་པ་ཡིན་ན་རྙིང་མའི་བཀའ་སྲུང་འདིས་གནོད་ཀྱི་རེད་ཟེར་བ་དེ་འདྲའི་ལོ་རྒྱུས་ཡོད་དམ་ཞེས་ངས་བཀའ་འདྲི་ཞུ་མྱོང༌། དེ་འདྲ་ཡོད་ལུགས་སུ་གཅིག་ལ་གསུང་རྒྱུ་མི་འདུག དགེ་ལུགས་པས་རྙིང་མ་བྱས་ན་གནོད་པ་སྐྱེལ་གྱི་རེད་ཟེར་མཁན་དོལ་རྒྱལ་གཅིག་པུ་རེད། དེ་འདྲའི་ཆ་ནས་རྒྱལ་བསྟན་རིས་མེད་ལ་དད་པ་དག་སྣང་བྱེད་རྒྱུའི་འགལ་རྐྱེན་བྱེད་ཀྱི་ཡོད་པར་བརྟེན་ངས་དམ་བསྒྲགས་བྱེད་པའི་རྒྱུ་མཚན་དེ་འདྲ་ཡིན།

     ཕྱི་ལོ་ ༡༩༨༦ ཟླ་ ༡༢ ཚེས་ ༢༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་དགའ་ལྡན་དང༌། འབྲས་སྤུངས་དགེ་འདུན་གཙོ་གྱུར་གྱི་སེར་སྐྱ་མི་མང་ཉིས་སྟོང་བརྒལ་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དབང་ཆེན་སྩལ་སྐབས་དོལ་རྒྱལ་བསྟེན་ཕྱོགས་སྐོར་ལ་དམིགས་བསལ་སྩལ་བའི་བཀའ་སློབ།

   ཁྱེད་རང་ཚོ་ངོ་ཐོག་རྩ་བ་འཆད་ཉན་སོགས་ཚང་མ་ཧུར་ཐག་བྱེད་ཀྱི་ཡོད། དོལ་རྒྱལ་བསྟེན་ཕྱོགས་ཀྱི་ཐོག་ལ་བར་ལམ་རྙོག་ཁྲ་མང་པོ་ཞིག་བྱུང་བ་ཡོད་ཀྱང༌། ཁྱེད་རང་ཚོས་དོན་གཉེར་བྱས་ཏེ་ཧུར་ཐག་བྱས་བྱུང༌། ཚང་མ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ང་འདི་འདྲ་དྲན་གྱི་འདུག རྗེ་རིན་པོ་ཆེའི་ཁྱད་ཆོས་དེ་པུ་ཏི་བཅོ་བརྒྱད་ཀྱི་ཐོག་ནས་འདོན་དགོས། མདོ་དང་སྔགས་ཀྱི་དཀའ་གནད་དེ་ཚོ་ལ་རྗེ་རིན་པོ་ཆེས་ག་འདྲ་གསུངས་ཡོད་པ་དེ་འདྲའི་ཐོག་ནས་བསྟན་པའི་ཟབ་ཁྱད་འདོན་པ་དང༌། བོགས་འབྱིན་ཐུབ་པ་ཞིག་དགོས་པ་ལས། རྗེ་རིན་པོ་ཆེའི་དངོས་གནས་གསུང་བྱིན་ཅན་དེ་དག་ལ་ཆ་རྒྱུས་གང་ཡང་མེད་པ་ཞིག་ལ། རྩོད་གཞི་ཅན་གྱི་དྲེགས་པ་དེ་འདྲའི་ཐོག་ནས་དགེ་ལུགས་པའི་ཟབ་ཁྱད་བཤད་དགོས་བྱུང་ན་ཧ་ཅང་ཐབས་སྡུག་རེད། ཞེན་ཁོག་ཡོད་ན་ཞེན་ཁོག་བྱེད་ལུགས་ཤེས་དགོས། རྣམ་དཔྱོད་ཅན་གྱི་ཞེན་ཁོག་བྱུང་ན་ཡག་པོ་རེད།

ཕྱི་ལོ་ ༡༩༩༡ ཟླ་ ༣ ཚེས་ ༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་བཀའ་དབང་སྩལ་ནོད་བཀའ་དྲིན་ཆེ་བའི་མཇུག་ཏུ་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།

   དེར་ང་ཚོས་ཞིབ་ཚགས་པོའི་ཐོག་ནས་ཉམས་ཞིབ་བྱས་ནས་བལྟས་ན། ག་རེ་བྱས་ནའང་བོད་སྤྱི་པའི་དོན་ལ་ཡིན་ནའང་འགལ་བ་ཞིག་ཡོང་གི་རེད་ལ། འདི་ཡག་པོ་ཡོད་པ་མ་རེད། རྩ་བ་ཤུགས་ལྡན་དར་སོ་ཡོད་ས་ས་སྐྱ་དང༌། དགེ་ལུགས་ཆགས་ཡོད། གཙོ་བོ་ས་སྐྱའི་ནང་གང་ལ་གང་འཚམས་ཀྱི་ཤུགས་རྐྱེན་སླེབས་ཡོད། དེ་བཞིན་དགེ་ལུགས་པའི་ནང་དུའང་ཕྱིས་སུ་དོ་སྣང་བྱེད་མཁན་དེ་འདྲ་ཕྲན་ཙམ་བྱུང་བ་ལས་སྔ་མོ་ནས་དེ་འདྲ་ཡོད་ས་མ་རེད། དཔེར་ན། ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར། ཐུའུ་བཀྭན་ཆོས་ཀྱི་ཉི་མས་བསྒྲིགས་པ་དེའི་ནང་ྋརྒྱལ་མཆོག་བདུན་པ་ཆེན་པོའི་ཡོངས་འཛིན་བསམ་གྱིས་མི་ཁྱབ་པ་ཁྲི་ཆེན་ངག་དབང་མཆོག་ལྡན་ཁོང་དགའ་ལྡན་ཁྲི་པ་གནང་བའི་སྐབས་ཤིག་ཏུ་དགའ་ལྡན་ལ་དོལ་རྒྱལ་དར་སོ་བྱུང༌། དོལ་རྒྱལ་གྱི་རྟེན་མཁར་ཞིག་ཀྱང་བཞེངས་ཡོད། སྐབས་དེར་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་དོལ་རྒྱལ་རྟེན་མཁར་དེ་ཕར་བཤིག་དགོན་པའི་ནང་ནས་ཕྱིར་འབུད་གནང་ཡོད། དེ་ནས་བཟུང་དགའ་ལྡན་ལ་བསྟེན་གསོལ་མི་ཆོག་པ་ཞིག་སྐབས་དེ་དུས་བཟོས་པ་གནང་ཡོད། ཁྲི་ཆེན་ངག་དབང་མཆོག་ལྡན་ནི་རྙིང་མའི་དྲི་མ་མེད་པའི་དགེ་ལུགས་པའི་བླ་མ་གཙང་གཙང་རེད། ཁ་སང་བཀའ་མོལ་བྱུང་བ་བཞིན་ྋརྒྱལ་མཆོག་བདུན་པ་ཆེན་པོའི་ཡོངས་འཛིན་གནང་སྟེ་དགེ་ལུགས་གཙང་གཙང་འདྲ་པོ་ཆགས་ཡོད། གནས་ཚུལ་དེ་འདྲ་ཞིག་བྱུང་བ་རེད། དེ་དངོས་ཡོད་གནས་ཚུལ་རེད།

   ངས་ནམ་རྒྱུན་རྟག་པར་ཞུ་བ་དེ་རེད། རི་བོ་དགེ་ལུགས་པ་ལ་བཀའ་གདམས་གསར་མ་ཟེར་གྱི་ཡོད། བཀའ་གདམས་གསར་མ་ཟེར་རྒྱུ་དེ་ཇོ་བོ་བཀའ་གདམས་པའི་རྣམ་ཐར་ལ་སློབ་མཁན་ཞིག་ཡིན་ཞིང༌། ཇོ་བོ་བཀའ་གདམས་པའི་མཛད་སྟངས་དེ་ལྷ་བཞི་ཆོས་གསུམ་ཞེས་ལྷ་ཆོས་བདུན་ལྡན་ཟེར་བ་དེ་དངོས་གནས་གཟི་བརྗིད་ཆེན་པོ་རེད། ལྷ་གང་བྱུང་མང་བྱུང་ཡོད་པ་མ་རེད། བསྟན་པའི་བདག་པོ་ཡིན་པས་སྟོན་པ་བཅོམ་ལྡན་འདས་དང༌། སྙིང་རྗེའི་ལྷ་ཡིན་པས་འཕགས་པ་སྤྱན་རས་གཟིགས། འཕྲིན་ལས་ཀྱི་ལྷ་ཡིན་པས་རྗེ་བཙུན་སྒྲོལ་མ། བར་ཆད་སེལ་བའི་ལྷ་ཡིན་པས་མི་གཡོ་བ་ཟེར་བ་མ་གཏོགས་འདྲ་མིན་མང་པོ་མེད། བཀའ་གདམས་པའི་གསུང་སྒྲོས་རང་ནི་ཇོ་བོའི་སྐྱེས་བུ་གསུམ་གྱི་ལམ་རིམ་ལ་ཉམས་ལེན་དང༌། བཀའ་གདམས་ལྷ་བཞི་པོ་དེ་བསྟེན་པ་མ་གཏོགས་དེ་ལས་སྤྲོས་པའི་ཡི་དམ་རེ་རེ་སྣོན་མ་རྒྱབ། ཆོས་སྐྱོང་རེ་རེ་སྣོན་མ་རྒྱབ་པ་ཡིན་ན། བཀའ་གདམས་པའི་ཕྱག་བཞེས་དེ་ཉམས་སླད་འགྲོ་གི་རེད་ཅེས་དེ་འདྲ་གསུང་རྒྱུན་དུ་ཡོད་པ་དེ་བདེན་པ་རེད། རྗེ་རིན་པོ་ཆེས་བཀའ་གདམས་གསར་མ་གསར་གཏོད་གནང་སྐབས། བཀའ་སྡེ་སྣོད་གསུམ་གྱི་བརྗོད་བྱ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་ཚུར་བསྡུས་ནས་ཇོ་བོའི་སྐྱེས་བུ་གསུམ་གྱི་ལམ་རིམ་བློ་སྦྱོང་དེ་ཚོ་གཞི་རྩར་བཞག་པའི་ཐོག་ལ་རྒྱུད་རྒྱལ་གསང་བ་འདུས་པ་དང༌། འཁོར་ལོ་བདེ་མཆོག ཡི་དམ་རྡོ་རྗེ་འཇིགས་བྱེད་དེ་རྣམས་གཙོ་བོར་གྱུར་པའི་སྔགས་བླ་མེད། དེ་ཡང་ཚད་ཐུབ་རྒྱུད་སྡེ་བཞི་དང༌། རྒྱུད་སྡེའི་ཚད་ཐུབ་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དེ་ཚོས་ཁ་སྣོན་གནང༌། གཙོ་བོ་ཡི་དམ་གསང་བདེ་འཇིགས་གསུམ་གྱི་ཉམས་ལེན་གསུམ་བསྒྲིལ་དུ་གནང་རྒྱུ་དེ་འདྲ་ཞིག་གི་ཕྱག་སྲོལ་གཏོད་པ་གནང་ཡོད། རྗེ་རིན་པོ་ཆེས་རྗེ་བཙུན་ཤེས་རབ་སེང་གེ་དང༌། དེ་ནས་མར་རྒྱུད་གྲྭ་སོ་སོ་བཙུགས་ཏེ་གང་ལྟར་ཆོས་སྐྱོང་མགོན་ཆོས་གཉིས་ཞེས་བཤད་པ་ལས་དཔལ་ལྡན་ལྷ་མོ་ཡང་སྐད་ཆ་མེད། དངོས་གནས་ཡག་པོ་རེད། གང་ལྟར་རི་བོ་དགེ་ལུགས་པའི་དངོས་གནས་ཚད་འཇོག་བྱ་ས་དང༌། དང་པོའི་རྩ་འཛུགས་ཡོང་སྟངས་ཀྱི་ཁུངས་ལུང་དེ་འདྲ་ཞིག་རེད།

   རིམ་པས་རིམ་པས་རྗེ་རིན་པོ་ཆེས་མ་ཆད་མ་ལྷག་པར་བསྟན་པའི་ལམ་དེས་ལྡེང་གི་མེད་པའི་བཟོ་ལྟ་བུ་བྱས་ནས་དེའི་སྒང་ལ་གཅིག་ཁ་སྣོན་རྒྱབ། གཉིས་ཁ་སྣོན་རྒྱབ་ན་དངོས་གནས་བསམ་བློ་བཏང་ན། བཀའ་གདམས་གསར་མ་རི་བོ་དགེ་ལུགས་པ་རྗེ་རིན་པོ་ཆེས་དག་ཐེར་གནང་ནས་སྲོལ་བཏོད་པ་དེ་ལ་ཞབས་འདེགས་འགྲོ་གི་ཡོད་དམ། ཞབས་འདྲེན་དུ་འགྲོ་གི་ཡོད་དངོས་གནས་བྱས་ན་བཤད་མ་ཤེས་པ་རེད། དེ་འདྲ་ཡིན་དུས་རི་བོ་དགེ་ལུགས་པ་དངོས་གནས་གཙང་མ་ཞིག་བྱེད་ཀྱི་ཡིན་ན། ད་ལྟ་ཞུས་པ་བཞིན་ཡི་དམ་གསང་བདེ་འཇིགས་གསུམ་དང༌། ཆོས་སྐྱོང་སྐྱེས་བུ་གསུམ་གྱི་སྲུང་མ་བཅས་། རྗེ་རིན་པོ་ཆེའི་སྐྱེས་བུ་གསུམ་གྱི་སྲུང་མ་གསུང་རྒྱུ་དེ་དེ་འདྲ་ཡིན། གཙོ་བོ་མགོན་ཆོས་གཉིས་ཆགས་ཡོད། དེ་ཡག་པོ་འདུག་གམ། དེ་འདྲ་ཡིན་དུས་གནས་ཆུང་དང༌། རྒྱལ་པོ་སྐུ་ལྔའི་སྐད་ཆ་མེད། དཔལ་ལྡན་ལྷ་མོ་ཡང་སྐད་ཆ་ཡོད་པ་མ་རེད། དགེ་ལུགས་རང་གི་ནང་དུ་བྱས་པ་ཡིན་ན། ད་ལྟ་ཞུས་པའི་གནས་ཚུལ་དེ་འདྲ་རེད། ཤེས་སོང་ངམ། དེ་རིང་འདིར་མི་གསར་པ་ཁ་ཤས་ཡོད་པ་ཡིན་དུས་ངས་ཁྱེད་རང་ཚོར་དྲན་གསོ་ཞིག་བཏང་སྟེ་ལབ་པ་ཡིན།

   ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཁུལ་དུ་ཡོད་པའི་བླ་སྤྲུལ་རྣམ་པ་དང༌། དགེ་བཤེས། ཉེ་འཁོར་གྲྭ་ཚང་གི་འཐུས་མི། གྲྭ་བཙུན་གཙོ་བོར་གྱུར་པའི་ཐོག་བཀའ་སྤྱི་དང་སྲི་ཞུའི་ལས་བྱེད་ཁོངས་གཏོགས་དང༌། ཚོགས་པ་ཁག་གི་རྒྱུན་ལས་འཐུས་མི། གཞན་ཡང་སེར་སྐྱ་མི་མང་ཁག་གཅིག་བཅས་ལ་དོལ་རྒྱལ་ལམ། རྒྱལ་ཆེན་ཤུགས་ལྡན་གྱི་སྐོར་ལ་ལོ་རྒྱུས་ཀྱི་ཡིག་ཆའི་ཁུངས་སྐྱེལ་དང་བཅས་སྤང་བླང་བྱེད་སྒོའི་བཀའ་སློབ་གསལ་བཤད་ཤིན་ཏུ་གལ་ཆེ་བ་ཞིག་སྩལ་བའི་བཀའ་སློབ།

   དངོས་གནས་ཇོ་བོ་བཀའ་གདམས་པའི་རྣམ་ཐར་འདི་ཕྱི་གཙང་བ་ནང་གཙང་བ། ཐོག་མཐའ་བར་གསུམ་དུ་དགེ་བ། བརྟག་ཐུབ་པ་བཅས་ཤིན་ཏུ་རྩ་ཆེ་ཡིན། ཚུལ་འདི་ཉམས་ཆག་འགྲོ་བའི་ཉེན་ཁ་གཟིགས་ནས། ཇོ་བོ་བཀའ་གདམས་པའི་བླ་མ་ཚོའི་གསུང་སྒྲོས་ལ་མ་འོངས་པར་ངའི་བཀའ་གདམས་གོང་མའི་སྐྱེས་བུ་གསུམ་གྱི་ལམ་རིམ་གྱིས་མ་ཆོག་པར། དེའི་སྒང་སྔགས་རེ་སྣོན་མ་བརྒྱབ་སྟེ་འཆལ་ཏེ་འགྲོ་ཡོང་ཞེས་དེ་འདྲ་གསུངས་འདུག ད་ཆ་འདི་ལྟར་ཏན་ཏན་ཆགས་ཡོད། རྗེ་རིན་པོ་ཆེས་ཀྱང་བཀའ་གདམས་རྙིང་མ་ཇོ་བོའི་སྐྱེས་བུ་གསུམ་གྱི་ལམ་རིམ་འདི་རྩ་བ་ལ་བཞག་པའི་ཐོག་ནས་ཕྱི་གཙང་ནང་གཙང་འདུལ་བའི་བསྟན་པ་གཞིར་བཟུང་བའི་ཕྱག་སྲོལ་ཐོག ཡི་དམ་གསང་བདེ་འཇིགས་གསུམ་གཙོ་བོར་གྱུར་པའི་དུས་འཁོར་སོགས་བསྣན་ནས་མདོ་སྔགས་ཟུང་འབྲེལ་ཁྱད་དུ་འཕགས་པ་ཞིག་གི་ཕྱག་སྲོལ་བཏོད་ཅིང༌། དེ་ལྟར་འཇམ་མགོན་བླ་མ་༸ཙོང་ཁ་པ་ཆེན་པོར་ལྷ་གང་བྱུང་མང་བྱུང་རྩ་བ་ནས་མེད། དངོས་གནས་སྲེག་གཏུབ་འཕེར་བའི་ཕྱི་གཙང་ནང་གཙང་གི་བཀའ་གདམས་གསར་མ་ཧ་ཅང་སྤུས་དག་པོ་ཞིག་ཕྱག་སྲོལ་བཏོད་ཡོད། དེ་འདྲ་ཡིན་དུས་ད་ལྟ་རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོའི་ནང་པོ་ཏོ་བའི་གསུང་གཅིག་ལུང་འདྲེན་གནང་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་རང་ཚོར་ནད་ན་ཚ་ལ་སོགས་པའི་ཁ་ཆག་སྣ་རལ་བྱུང་བ་ཚང་མ་མཁར་ལན་དང་ཕྱོགས་ལན་གཞན་པ་མི་མཛད་པར། ལས་འདི་དང་འདི་ལྟ་བུ་བསགས་པའི་འབྲས་བུ་འདི་དང་འདི་འདྲ་བ་མྱོང་བ་ཡིན། ཞེས་ལས་འབྲས་ཁོ་ནའི་སྟེང་ནས་འགྲེལ་བཤད་བསྐྱོན་གྱི་ཡོད་པ་ལས། ཁང་པ་རྒྱག་སྟངས་ཀྱི་རྟེན་འབྲེལ་ཉེས་པ་རེད་ཅེས་པ་དང༌། ཚེས་གྲངས་བཟང་ངན་གྱིས་རྟེན་འབྲེལ་ཉེས་པ་རེད་གསུངས་མེད། ང་ཚོའི་བྱེད་སྟངས་འདི་དངོས་གནས་བསྟན་པ་སྤྱིའི་འགྲོ་སྟངས་ཉམས་འཆལ་འགྲོ་བའི་གནས་ཚུལ་ཞིག་ཆགས་ཡོང་གི་ཡོད། བཀའ་གདམས་རྙིང་མའི་ཕྱག་སྲོལ་གྱི་ཐོག་ནས་བཤད་ཀྱང་ང་ཚོའི་བྱེད་སྟངས་འདིས་ཉམས་འཆལ་འགྲོ་གི་འདུག་ལ། དགེ་ལུགས་པ་ཞིག་གི་ངོས་ནས་བཤད་ཀྱང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཕྱག་བཞེས་ཉམས་འཆལ་ལ་འགྲོ་གི་ཡོད། རྗེ་རིན་པོ་ཆེ་ཁོང་ཉིད་ཀྱི་འཁྲུངས་ལྷ་རྨ་ཆེན་སྤོམ་ར་རྗེ་རིན་པོ་ཆེའི་རྗེས་སུ་འབྲངས་ཏེ་ཡོང་བ་རྗེ་རིན་པོ་ཆེས་ཕྱིས་སུ་དགའ་ལྡན་མ་དགོན་ཕྱག་བཏབ་པའི་སྐབས་ལ་རྗེའི་རྗེས་སུ་འབྲངས་ནས་ཕེབས་པའི་རྨ་ཆེན་སྤོམ་རའི་རྟེན་མཁར་དེ་ཡང་དགའ་ལྡན་དགོན་པའི་ཕྱི་ལོགས་སུ་བཞག་ཡོད་པ་ལས། རྨ་ཆེན་སྤོམ་ར་ཡག་པོ་ཞེ་པོ་གཅིག་ཡིན་ཞེས་གསུངས་ནས་རྗེ་རིན་པོ་ཆེའི་གཟིམ་ཆུང་ནང་བསྒྲིགས་པའི་སྐད་ཆ་རྩ་བ་ནས་མེད།

   ཕྱི་ལོ་༢༠༡༢ ཟླ་༡ ཚེས་༧ ཉིན་ཕྱེད་ཡོལ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་རྣམ་རྒྱལ་གྲྭ་ཚང་གི་འདུ་ཁང་ནང་བོད་ཕྱི་ནང་གཉིས་ནས་ཕེབས་པའི་ཆོས་ལུགས་རིས་མེད་ཀྱི་མཁན་བླ་དགེ་བཤེས་སོགས་ལ་བཀའ་སློབ་བཀའ་དྲིན༌སྩལ་པ།

   རི་བོ་དགེ་ལྡན་པ་ཞེས་པ་ནི། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བསྲེགས་བཅད་བརྡར་གསུམ་མཛད་པའི་ལེགས་བཤད་རྨད་དུ་བྱུང་བ་གསུང་པོད་བཅོ་བརྒྱད་ཡོད་པ་དེ་དག་ལ་ཐོས་བསམ་སློབ་གཉེར་དང་། སྒོམ་སྒྲུབ་བྱེད་མཁན་རྣམས་ནི་དགེ་ལུགས་པ་ཡིན། དགེ་ལུགས་པའི་བསྟན་པ་ཞེས་པ་ནི། འདྲེ་ཞིག་གསོལ་ཁ་གཏོང་མིན་ལ་བརྩི་དགོས་བྱུང་ན།དེ་ནི་ངོ་ཚ་བའི་གནས་ཤིག་ཡིན།

   དཔལ་ནཱ་ལེནྡྲའི་ཁྱད་ཡོན་བརྗོད་སྐབས། མགོན་པོ་བྱ་རོག་གདོང་ཅན་དེ་ཉིད་ཧ་ལས་པ་ཞིག་ཡིན་ཞེས་བསྟོད་ར་བྱས་ཏེ་དེ་ལ་བརྟེན་ནས་ནཱ་ལེནྡྲ་རྩ་ཆེན་རེད་ཅེས་བརྗོད་མཁན་སུ་གཅིག་ཀྱང་མེད། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་གི་རྨད་དུ་བྱུང་བའི་ལེགས་བཤད་དང་། དངོས་གནས་དཔྱད་གསུམ་རྣམ་པར་དག་པའི་གསུང་དེ་དག་ལ་བསམ་བློ་བཏང་ནས་དཔལ་ནཱ་ལེནྡྲ་ཞེས་བརྗོད་སྐབས། ཁ་ཁྱག་ཁྱག་བྱ་རྒྱུ་འདི་ལྟར་བྱུང་བ་ལས། ནཱ་ལེནྡྲར་སྲུང་མ་ཡོད་པ་དང་། མགོན་པོ་བྱ་རོག་གདོང་ཅན་ཡོད་པ། འཕྲིན་ལས་མྱུར་པོ་ཡོད་པ་རེད་ཅེས་སུས་ཆ་འཇོག་བྱེད་ཀྱི་འདུག་གམ། དགེ་ལུགས་པའི་ཁྱད་ཆོས་འདྲེ་ཞིག་དང་། དེ་ཡང་རྩོད་གཞི་ཅན་ཞིག་དང་གླེང་གཞི་ཅན་ཡིན་པ། ༸རྒྱལ་དབང་གོང་མ་ལྔ་པ་ཆེན་པོ་མཆོག་ནས་དམ་བསྒྲགས་གནང་བ་ཞིག་དགེ་ལུགས་པའི་ཁྱད་ཆོས་ཡིན་ཞེས་སྟོན་དགོས་བྱུང་ན་ངོ་ཚ་བའི་གནས་ཡིན། དེར་བརྟེན་དེ་རིང་ཁྱེད་རང་ཚོར་མ་གོ་མ་ཐོས་མེད་པ་ཞུས་ཡོད།

Related Articles

ལམ་སྟོན།