ཕུར་ལྕོག་ངག་དབང་བྱམས་པས་མཛད་པའི་གྲྭ་ས་ཆེན་པོ་བཞི་དང་རྒྱུད་པ་སྟོད་སྨད་ཆགས་ཚུལ་པད་དཀར་འཕྲེང་བའི་ཤོག་གྲངས་ ༡༣ རྒྱབ་ཤོག་ཡིག་ཕྲེང་དང་པོར།
དེ་ལྟར་ན་རྗེ་རང་ཞལ་བཞུགས་སྐབས་རྒྱུད་ནས་བཤད་པའི་ཆོས་སྐྱོང་དམ་ཚིག་ཅན་རྣམས་མ་གཏོགས། འཇིག་རྟེན་པའི་འདྲེ་གདུག་པ་ཅན་ཅུང་ཟད་རེ་ལའང་ཀོ་ལོང་བྱེད་པའི་རྟེན་དགོན་གནས་འདིར་བཙུགས་པ་ཅུང་ཟད་ཀྱང་མེད་ལ། དེའི་མཐུས་
སློབ་དཔོན་ཐམས་ཅད་ཐུགས་མཐུན་ཞིང་བཤད་སྒྲུབ་འཕེལ་བར་བྱུང་། འཁྲུངས་ལྷ་རྨ་ཆེན་ཡང་དགོན་པའི་ཕྱི་རོལ་དུ་འཇོག་པར་གནང་བ་ཡིན་ནའང༌། དེང་སང་རྗེས་འཇུག་ཏུ་རློམ་ནས་ཆོས་གོས་རྣམ་གསུམ་གྱོན་ཏེ་སྐྱབས་གནས་འདྲེ་ལ་འཆོལ་བ་རྣམས་ལ་མི་འདོད་པ་ཐོག་ཏུ་འབབ་པ་མང་དུ་འབྱུང་བ་ཡིན་ནོ། །དེ་ལྟར་ན་རང་ཅག་རབ་ཏུ་བྱུང་བ་རྣམས་རང་གི་སྲུང་སྡོམ་དག་པར་བསྲུངས་ན་སྔོན་སངས་རྒྱས་མཐོང་བའི་སྲུང་མ་དམ་ཚིག་ཅན་རྣམས་ཀྱིས་འཕྲིན་ལས་སྒྲུབ་པར་གདོན་མི་ཟའོ། །
ཞེས་དགའ་ལྡན་དུ་སྔར་འཇིག་རྟེན་པའི་དྲེགས་པ་བསྟེན་གསོལ་བྱེད་མཁན་གཏན་ནས་མེད་ཅིང༌། དེང་སང་ལུས་ལ་ཆོས་གོས་རྣམ་གསུམ་གྱོན་ནས་སྐྱབས་གནས་འདྲེ་ལ་བཅོལ་མཁན་དེ་འདྲ་འདུག་པས། དེ་ལྟ་བུས་རྐྱེན་བྱས་ཏེ་མི་འདོད་སྣ་ཚོགས་ཤིག་ཡོང་གི་འདུག་ཅེས་གསུངས་ཀྱང། འདིའི་ནང་གི་སྐྱབས་གནས་འདྲེ་ལ་བཅོལ་ཞེས་པའི་འདྲེ་དེ་གང་ཞིག་ཡིན་མིན་གསལ་པོ་མེད།