དེ་ཡང་དོལ་རྒྱལ་གྱི་ཆོས་འཁོར་རྣམས་༸སྐྱབས་རྗེ་ཕ་བོང་ཁར་དྭགས་པོ་སྐལ་བཟང་མཁས་གྲུབ་ནས་བྱུང་བ་ཞིག་ཡིན་ཡང་དེ་དུས་དོལ་རྒྱལ་གྱི་སྲོག་གཏད་ཀྱི་བརྒྱུད་པ་ཆད་ནས་མེད་པ་ནི་༸སྐྱབས་རྗེ་ཕ་བོང་ཁའི་གསུང་འབུམ་པོད་ཇ་པའི་ནང་སྲོག་གཏད་ཀྱི་ཆོ་ག་དེའི་སྔོན་གླེང་དུ་འདི་ལྟར་བྱུང་སྟེ།
རྡོ་རྗེ་ཤུགས་ལྡན་རྩལ་གྱི་སྲོག་གཏད་ཀྱི་བཀའ་ཟབ་མོ་སྔ་སོར་བླ་མ་རིན་ཆེན་དབང་རྒྱལ་གྱི་ཡིག་ཆའི་སྟེང་ནས་གནང་སྲོལ་ཟབ་མོ་དེ་ལྟར་ཡང་དུས་ཕྱིས་དབང་རྒྱུན་ལྟ་ཅི། རྗེས་ཆོག་ཡིག་ཆ་ཙམ་ཡང་ནམ་མཁའི་མེ་ཏོག་གི་སྤུན་ཟླར་གྱུར་བ་ལྟ་བུར་མ་རྙེད་ཅིང་། ཆོས་སྐྱོང་ཆེན་པོ་རང་ཉིད་ནས་ངོས་ལ་དབང་བཀའ་གསར་དུ་བརྩོམ་དགོས་ཀྱི་བཀའ་ལན་གཉིས་ཙམ་ཕེབས་ཤིང་། རང་གི་ཉམས་དང་སྦྱར་ནས་སྲོག་དབང་ལན་གཉིས་རེ་ཙམ་སློབ་མ་འགའ་རེ་ལ་ཚིག་བརྒྱུད་དུ་སྤེལ་བ་དང་། ཡིག་ཆའི་ས་བོན་ཙམ་བཀོད་པ་ཡོད་ཀྱང་། དེ་ཙམ་ལ་འཕྱོན་མའི་བུ་ལྟར་ཡིད་རྟོན་མ་ནུས་པས། ཞེས་པ་འདི་ལས་ཤེས་ནུས་སོ། །
༸སྐྱབས་རྗེ་ཕ་བོང་ཁར་སྲོག་གཏད་ཀྱི་ཆོ་གའམ་དབང་བརྒྱུད་གསར་དུ་སྤེལ་དགོས་ཀྱི་ནན་སྐུལ་དོལ་རྒྱལ་གྱིས་བྱས་པ་ནི་སྲོག་གཏད་ཀྱི་སྔོན་གླེང་དུ་སྔར་ལྟར་དང་། དེ་བཞིན་དོལ་རྒྱལ་གྱི་བསྐང་ཆོག་དང་སྲོག་གཏད་ཀྱི་ཆོ་ག་ཡང་དོལ་རྒྱལ་རང་ཉིད་ནས་བསྐུལ་བ་ནི་རྗེ་ཕ་བོང་ཁའི་རྣམ་ཐར་གང་གི་དྲུང་ཡིག་བློ་བཟང་རྡོ་རྗེས་མཛད་པ་བོད་ནས་པར་ཐོན་པར་ཤོག་ངོས་ ༨༡༥ ལས་ཀྱང་འདི་ལྟར་བྱུང་སྟེ།
བསྟན་སྲུང་རྡོ་རྗེ་ཤུགས་ལྡན་པ་རང་ཉིད་ནས་རྗེ་ཉིད་ལ་ཞུ་སྐུལ་ཡང་ཡང་མཛད་པ་བཞིན་༼ཤིང་གླང་ ༡༩༢༥ ལོར༽ཧོར་ཟླ་གསུམ་པའི་ནང་དུ་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་གྱི་བསྐང་ཆོག་རྒྱས་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ་དབྱངས་ཞེས་པའི་བཀའ་རྩོམ་གྱི་དབུ་འཛུགས་མཛད།
ཅེས་པ་དང་། ཡང་ཤོག་གྲགས་ ༧༦༠ པར་འདི་ལྟར་བྱུང་སྟེ།
སྔོན་དུས་རྣམས་ནས་བསྟན་སྲུང་རྡོ་རྗེ་ཤུགས་ལྡན་པས་རྗེ་བླ་མ་མཆོག་གི་སྐུ་ལུས་དང་གྲིབ་མ་ཇི་བཞིན་འབྲལ་མེད་དུ་འགྲོགས་ཏེ་བཞེད་དགུའི་འཕྲིན་ལས་མཐའ་དག་གཡེལ་མེད་དུ་སྒྲུབ་པར་མཛད་ལ། སྐབས་འགར་བསྟན་སྲུང་གཉན་པོ་རང་ཉིད་མིའི་རྟེན་གཞིའི་ཁོག་ཏུ་ཞུགས་ཏེ་རྡོ་རྗེ་ཤུགས་ལྡན་པ་རང་ཉིད་ཀྱི་སྲོག་གཏད་ཀྱི་ཆོ་ག་གསར་དུ་བཀའ་རྩོམ་གནང་དགོས་པའི་སྐུལ་མ་ཡང་ཡང་ཞུས་པ་ལྟར་རེ་ཞིག་ཆོས་སྐྱོང་ཆེན་པོས་གསུང་སྐུལ་གནང་བ་རས་བོར་མ་མཛད་པར་རྗེ་ཉིད་ཀྱི་ཐུགས་ཉམས་སུ་ཇི་ལྟར་ཤར་བ་བཞིན་གྱི་སྲོག་དབང་གི་ཆོ་ག་ཡང་བཀའ་རྩོམ་མཛད། །ཅེས་པ་ལས་ཤིན་ཏུ་གསལ་ལ།
དེ་ཙམ་དུ་མ་ཟད་༸སྐྱབས་རྗེ་ཕ་བོོང་ཁས་སྐུ་ཚེ་སྟོད་ལ་རིས་མེད་མཛད་ཀྱང་སྐུ་ཚེ་སྨད་ལ་རིས་མེད་ཀྱི་དགོངས་པ་དོར་ནས་རྗེ་འདི་པའི་དགོངས་པ་ཐུན་མོང་གདུལ་བྱའི་སྣང་ངོར་ཕྱོགས་རིས་ཅན་དུ་སོང་བ་ནི་དོལ་རྒྱལ་གྱིས་ནན་སྐུལ་ཡང་ཡང་བྱས་པས་ཡིན་པ་ནི་རྗེ་འདི་པའི་རྣམ་ཐར་འདི་ཉིད་ལས་ཤིན་ཏུ་གསལ་བས་འདིའི་སྐོར་སྐབས་གཞན་དུ་འཆད་པར་བྱའོ། །
དེ་ལྟར་དོལ་རྒྱལ་གྱི་སྲོག་གཏད་དེའི་ཆོ་ག་༸སྐྱབས་རྗེ་ཕ་བོང་ཁས་སྔར་ནས་མཛད་མུས་ལ་སྟག་ཕུ་རྡོ་རྗེ་འཆང་ལ་དེའི་རྒྱབ་རྟེན་དུ་ནན་གྱིས་གསོལ་བ་བཏབ་པ་ན། བླ་མ་རྣམ་གཉིས་ནི་ཕན་ཚུན་བླ་སློབ་ཡིན་པས་༸སྐྱབས་རྗེ་ཕ་བོང་ཁའི་ཐུགས་རེ་ལྟར་དག་སྣང་དུ་གྲགས་པའི་ཚིགས་བཅད་གཉིས་པོ་དེ་གནང་བར་གྲགས། དག་སྣང་དུ་གྲགས་པ་འདི་ནི་སྟག་ཕུ་རྡོ་རྗེ་འཆང་མནལ་གཟིམས་སྐབས་རྨི་ལམ་དུ་སྣང་བའི་གཟིགས་སྣང་གི་རིགས་ཤིག་ཡིན། དོལ་རྒྱལ་བསྟེན་མི་ཚོས་དོལ་རྒྱལ་ལ་རྒྱུད་ཀྱི་བརྒྱུད་པ་རིང་བརྒྱུད་དེ་མེད་ཀྱང་དག་སྣང་ཉེ་བརྒྱུད་བྱིན་རླབས་ཅན་ཞིག་ཡོད་པར་འདོད་པ་ཡང་དེ་ཉིད་དོ། །
དེ་ལྟ་བུའི་དག་སྣང་དེ་ཅི་སྟེ་སྟག་ཕུ་རྡོ་རྗེ་འཆང་གི་ཐུགས་ཡིད་ཆེས་པའི་དག་སྣང་ཞིག་ཡིན་ན་ནི་དོལ་རྒྱལ་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཡིན་མིན་གྱི་གནས་ཚུལ་དེ་རང་དགར་དོར་དུ་མི་རུང་ཞིང་། ཤིན་ཏུ་ནས་གལ་འགངས་ཅན་ཞིག་ཡིན་བའི་ཕྱིར་སྟག་ཕུའི་དག་སྣང་གི་ཆོས་སྐོར་སོགས་གསུང་གང་རུང་ཞིག་ཏུ་ངེས་པར་སྣང་དགོས་ལ། དེ་ལྟ་བུའི་དག་སྣང་གི་སྐོར་ནི་སྟག་ཕུའི་གསང་བའི་རྣམ་ཐར་དང་གསུང་གཞན། དེ་བཞིན་དག་སྣང་གི་ཆོས་འཁོར་སོགས་གང་དུ་ཡང་མི་སྣང་བ་ནི་ཡ་མཚན་སྐྱེ་ཡུལ་དང་དོགས་གཞིའི་གནས་སུ་འཁུམས་སོ། །
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་དོལ་རྒྱལ་གྱི་སྐོར་གནས་ཆུང་ཆོས་རྒྱལ་ཆེན་པོར་དོགས་འདྲི་མཛད་པ་ན་ཆོས་སྐྱོང་ཆེན་པོས་དག་སྣང་ལ་སྤྱིར་རྩ་གསུམ་གྱི་ལྷའི་བྱིན་རླབས་ཀྱི་དབང་གིས་འབྱུང་བ་དང་བར་ཆད་ཀྱི་དབང་གིས་འབྱུང་བ་གཉིས་ཡོད། དོལ་རྒྱལ་གྱི་སྐོར་དེ་བར་ཆད་ཀྱི་དབང་གིས་ཡིན་པའི་གསུང་ལན་ཕུལ་བ་ནི་དོལ་རྒྱལ་གྱི་སྐོར་༸རྒྱལ་བའི་བཀའ་སློབ་རིམ་པར་ཕེབས་པའི་ནང་གསལ་བས་དེ་དག་ཏུ་གཟིགས་པར་མཛོད།
དེ་ཡང་དེ་ལྟར་བླ་མ་རྟོགས་ལྡན་རྣམས་ལ་དག་སྣང་བར་ཆད་ཀྱི་དབང་གིས་འབྱུང་བ་སྲིད་དམ་སྙམ་པར་དོགས་པ་བྱེད་མཁན་མང་དག་སྣང་བས། འདིར་དེ་ལྟར་ཅི་ནས་ཀྱང་རུང་བའི་རྒྱུ་མཚན་ཁུངས་དང་བཅས་ཏེ་བསྒྲུབ་འདོད་པས། དེས་ན་འདི་ལྟར་ཏེ། དེ་ཡང་རང་ཅག་དགེ་ལྡན་པ་ཡོངས་ཀྱི་བསྟན་པའི་བདག་པོའང་སྲོལ་འབྱེད་དམ་པའམ་གཙོ་བོ་ནི་རྗེ་བདག་ཉིད་ཆེན་པོ་ཡིན་ལ། རྗེ་བདག་ཉིད་ཆེན་པོ་བོད་གངས་ཅན་གྱི་མཁས་གྲུབ་ཀུན་གྱི་གཙུག་རྒྱན་དམ་པར་བཞུགས་པ་ནི་རྗེའི་མཛད་པ་སྤྱི་དང་ཁྱད་པར་སངས་རྒྱས་ཀྱི་གཞུང་གི་དཀའ་གནད་རྣམས་བླ་མའི་མན་ངག་དུ་སྐད་བྱས་ནས་ཟེར་ལོ་ཐོས་ལོ་ལ་ཡིད་རྟོན་མ་མཛད་པར་ཁས་ཆེས་བའི་དོན་རྣམས་ལ་རིགས་པ་ཕྲ་མོ་དང་དྲི་མ་མེད་པས་དཔྱད་དེ། བསྟན་པའི་གནད་ཕྲ་མོ་རྣམས་རིགས་པ་ཡང་དག་ལ་བརྟེན་པའི་ཉམས་མྱོང་ཚད་མས་གཏན་ལ་ཕབ་པའི་རྣམ་ཐར་རྨད་དུ་བྱུང་བ་བཞུགས་པའི་མཐུས་ཡིན་ལ། དེ་ཡང་སྐབས་ཞིག་བླ་མ་དབུ་མ་པ་ཞེས་པ་ཆུང་དུས་ཕྱུགས་རྫིའི་སྐབས་ཉིད་ནས་འཇམ་དབྱངས་དམར་པོའི་ཞལ་གཟིགས་ཡོད་ཅིང་། ཉིན་རེའི་བྱ་བ་ཕྲན་ཚེགས་རྣམས་ལ་ཡང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ལམ་སྟོན་བཞིན་དུ་འཇུག་པའི་རྣམ་ཐར་ངོ་མཚར་ཅན་གྱི་བླ་མ་ཞིག་སྟེ། དེ་ལྟ་བུའི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གསུང་ཀྱིས་བསྐུལ་ནས་ཀྱང་རྗེ་ཙོང་ཁ་པའི་དྲུང་ནས་དབྱངས་ཅན་མའི་རྗེས་གནང་ཞུ་བར་ཕེབས་པའི་ཚེ་བླ་མ་དབུ་མ་པས་རྗེ་ཙོང་ཁ་པར་བླ་མ་དབུ་མ་པ་རང་ཉིད་ལ་སྔར་ཆུང་བྱིས་པའི་དུས་ནས་སྣང་བའི་རྗེ་བཙུན་འཇམ་དཔལ་དབྱངས་དེ་ཚད་ཐུབ་ཞིག་ཡིན་མིན་གྱི་བརྟག་པའང་མཛད་པར་གསོལ་བ་བཏབ་པ་ལྟར། རྗེ་བདག་ཉིད་ཆེན་པོས་ཀྱང་དེ་ལྟར་དབུ་མ་སོགས་ཆོས་ཀྱི་དཀའ་གནད་ཀྱི་ཚུལ་ལས་བརྩམས་པའི་དྲི་ལན་གྱི་སྒོ་ནས་བརྟག་པ་མཛད་དེ། འདི་ནི་ཚད་ལྡན་ཞིག་ཡིན་པས་རྩེ་གཅིག་ཏུ་གསོལ་བ་ཐོབ་ཅེས་བཀའ་གནང་བ་ནི་ཐུགས་སྲས་མཁས་གྲུབ་རྗེས་མཛད་པའི་རྗེ་འདི་པའི་རྣམ་ཐར་དད་པའི་འཇུག་ངོགས་ནང་འདི་ལྟར་བྱུང་སྟེ།
བླ་མ་དབུ་མ་པ་ཁོང་རང་ལ་མདོ་ཁམས་ནས་ཕྱུགས་མ་སྐྱོང་བའི་དུས་ཉིད་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་དང་གསུང་གི་སྣང་བ་ནར་མར་འོང་ཚུལ་དང་། དེ་ལ་སྔ་ཕྱིར་བརྟག་པ་བྱས་ཚུལ་ལ་སོགས་པ་ཞིབ་པར་ཞུས་ནས། ད་དུང་ཡང་ངེད་འདི་ལ་གཏིང་ནས་ངེས་པ་རྙེད་པ་མེད་པས་བརྟག་དཔྱད་ཡང་དག་ཅིག་ཐུགས་ལ་འདོགས་པར་ཞུ། ད་ལན་རྗེ་བཙུན་གྱི་སྐུའི་སྣང་བ་དེའི་གསུང་ལས་རང་རེ་ལ་དབྱངས་ཅན་མའི་རྗེས་གནང་ཞུ་བར་རྒྱུགས་གསུངས་ནས་འོངས་པ་ཡིན། ཞེས་གསུངས་པ་ལ་རྗེ་འདི་པས་དབུ་མའི་ལྟ་བ་སོགས་ཀྱི་ཆོས་ཀྱི་གནད་ཟབ་མོ་རྣམས་ཀྱི་དྲི་གཏུགས་མཛད་པ་སོགས་ཀྱི་སྒོ་ནས་ལེགས་པར་བརྟགས་པས་བརྟག་ཐུབ་པར་འདུག་པས། ཐུགས་ཡིད་གཉིས་ཟ་དགོས་པར་མི་གདའ། གསོལ་བ་དྲག་ཏུ་ཐོབ་མཛོད། འོན་ཀྱང་རྗེ་བཙུན་གྱི་སྐུ་དང་གསུང་རང་མཚན་པ་ད་ལྟ་དབང་ཤེས་ལ་སྣང་བ་མིན། ཡི་དམ་གྱི་སྐུ་དངོས་ཀྱིས་གཏད་པའི་རྣམ་པ་ཡིད་ལ་དངོས་སུ་སྣང་བ་ཞིག་ཡིན།
ཞེས་གསུངས་པ་འདིས་ཀྱང་འགྲུབ་སྟེ། དེ་ཡང་བླ་མ་དབུ་མ་པས་དེ་འདྲའི་འཇམ་དཔལ་དབྱངས་ཀྱི་སྣང་བ་ནར་མར་འོང་བ་ལའང་ཐུགས་ཡིད་མ་ཆེས་ནས་བླ་མ་རང་ཉིད་ཀྱིས་བརྟག་པའམ་ལན་དུ་མར་མཛད། རྗེ་བདག་ཉིད་ཆེན་པོར་ཡང་དེ་ལྟར་མཛད་དགོས་ཀྱི་གསོལ་བ་བཏབ་པ་ནི་སྤྱིེར་ཆོས་པ་རྣམས་ལ་སྣང་བའི་དག་སྣང་དུ་གྲགས་པའི་རིགས་ལ་བར་ཆད་ཀྱི་དབང་གིས་འོང་སྲིད་པ་དོན་གྱིས་འགྲུབ་སྟེ། གཞན་དུ་ན་བླ་མ་དབུ་མ་པར་ཡང་དེར་ཐུགས་དོགས་འཁྲུངས་དོན་མེད་ལ། རྗེ་བདག་ཉིད་ཆེན་པོས་ཀྱང་དག་སྣང་དུ་གྲགས་ཚད་ཚད་མ་ཡིན་ན་དེ་ནི་དག་སྣང་ཡིན་པས་བརྟག་པ་བྱེད་དགོས་དོན་མེད་ཅེས་གསུང་ལན་གནང་རིགས་པ་ལ། དེ་ལྟར་མ་མཛད་པར་བླ་མ་དབུ་མ་པའི་ཐུགས་རེ་ལྟར་བརྟག་པ་ཅིས་ཕྱིན་པར་མཛད་ནས་བརྟག་ཐུབ་པ་འདུག་པས་གསོལ་བ་དྲག་ཏུ་ཐོབ་ཅེས་གསུངས་པ་དེས་བརྟག་མ་ཐུབ་པའི་ལྷ་ལྟ་བུའི་སྣང་བ་གཞན་མང་པོར་དག་སྣང་དུ་གྲགས་ཀྱང་བར་ཆད་ཀྱི་དབང་གིས་འབྱུང་བ་འགའ་ཞིག་ཡོད་པ་དོན་གྱིས་འགྲུབ་པ་ཡིན་ནོ། །
དེས་ན་སྟག་ཕུ་རྡོ་རྗེ་འཆང་གིས་༸སྐྱབས་རྗེ་ཕ་བོང་ཁར་གནང་བའི་དག་སྣང་གི་ཚིགས་བཅད་དེར།
ཤིན་ཏུ་འཁྲུལ་ཡང་ཉིང་འཁྲུལ་བག་ཆགས་སྡེབས།
བླ་མའི་བཀའ་བཞིན་གསོལ་བ་བཏབ་པའི་མོད།
ཞེས་པ་ནི་གོ་རྒྱུ་ཤིན་ཏུ་ནས་ཆེ་ལ་རང་གི་སྣང་བ་དེར་སྟག་ཕུ་རྡོ་རྗེ་འཆང་རང་ཉིད་ཀྱིས་ཡིད་རྟོན་མི་མཛད་པ་ནི་ཚིག་འདིའི་དོན་ན་གསལ་ཏེ། ཤིན་ཏུ་འཁྲུལ་ཡང་ཞེས་པ་༸སྐྱབས་རྗེ་ཕ་བོང་ཁ་དོལ་རྒྱལ་འདུལ་འཛིན་གྲགས་པ་རྒྱལ་མཚན་དྲག་ཏུ་ཁྲོས་པའི་གྲགས་ཚུལ་དེར་ཤིན་ཏུ་འཁྲུལ་ནས་བདེན་པར་འཛིན་པ་དེ་ལ་གོ་ཆོག་སྙམ། ཉིང་འཁྲུལ་སྡེབས་ཞེས་པ་ནི་འདི་ལྟ་བུ་རྒྱུད་ཀྱི་ཁུངས་གང་ཡང་མེད་ཀྱང་བླ་མའི་དག་སྣང་དུ་གྲགས་པ་དེར་ཕུགས་བཅོལ་པའི་དོལ་རྒྱལ་གྱི་སྲོག་གཏད་འདིས་མ་འོངས་པའི་གདུལ་བྱ་མང་དག་ཕུང་ལ་སྦྱོར་བས་ཉིང་འཁྲུལ་སྡེབས་པ་སྟེ་འཁྲུལ་བའི་ཡང་འཁྲུལ་གྱི་ས་བོན་སྡེབས་པ་ཡིན་ཞེས་པའི་དོན་འདི་སྦས་པའི་ཚུལ་གྱིས་གསུངས་པར་གདོན་མི་ཟའོ། །
དེ་ལྟར་དོལ་རྒྱལ་གྱིས་སྔར་རང་ཉིད་སྤྲུལ་སྐུ་གྲགས་རྒྱན་ཡིན་དུས་ལྷའི་རྣལ་འབྱོར་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས། དེ་བཞིན་སྟོང་པ་ཉིད་ཀྱི་ལྟ་བ་དང་བདེ་སྟོང་གྱི་རྣལ་འབྱོར་སོགས་ཀྱིས་དབེན་པའི་ཐ་མལ་པའི་སྒོམ་ལུགས་ཀྱིས་སྒོམ་འཆལ་བའི་མཐུས་རང་ཉིད་འདྲེར་སྐྱེས་པ་ན་རང་ལ་སྐབས་འགར་ཡི་དམ་གྱི་རྣམ་པ་སོགས་སྟོན་ནུས་པ་བྱུང་ལ། དོལ་རྒྱལ་ཙམ་དུ་མ་ཟད་སྔོན་བོད་དུ་ས་དགེ་བཀའ་རྙིང་བཞི་གར་རྣལ་འབྱོར་པ་ལམ་གོལ་སར་ལྟུངས་ནས་ཡི་དྭགས་སུ་སྐྱེས་ཀྱང་གཏོར་མ་སློང་དུ་འོང་པའི་ཚེ་ཡི་དམ་གྱི་རྣམ་པ་ཇི་ལྟ་བ་བཞིན་བསྟན་པའི་ལོ་རྒྱུས་མང་བས། གཞི་བདག་ལྷ་འདྲེ་ཡི་དྭགས་རྣམས་ལ་སྐྱེས་སྟོབས་ཀྱིས་མངོན་ཤེས་དང་རྫུ་འཕྲུལ་ཐན་ཐུན་ཙམ་ཡོད་པ་ནི་སྔར་བསགས་ཀྱི་བསོད་ནམས་ཀྱི་མཐུས་ཡིན་པ་ཡང། ཇི་ལྟར་མི་ལ་སྐྱེས་ཙམ་ནས་དབང་པོ་ལྔ་ཚང་བ་ལྟར་ཡི་དྭགས་འགའ་ཞིག་དང་ལྷ་དང་ལྷ་མིན་ལ་སོགས་པར་ཡང་སྐྱེས་སྟོབས་ཀྱིས་མངོན་ཤེས་སོགས་ཡོད་པ་ནི་མདོ་དང་མཛོད་ལས་བྱུང་བས། དེ་ཡང་སྔར་གྱི་བསམ་གཏན་སྒོམ་སྟོབས་དང་ཞིང་དམ་པར་རྙེད་བཀུར་བྱས་པའི་ལས་ཀྱི་མཐུས་བྱུང་བ་ཡིན་ནོ། །དེས་ན་དེ་ལྟ་བུའི་མངོན་ཤེས་དང་རྗུ་འཕྲུལ་ཕྱོགས་རེ་བ་ནི་བདུད་ཀྱི་རིགས་དགའ་རབ་དབང་ཕྱུག་སོགས་ལའང་ཡོད་པས་ཅོལ་ཆུང་རྣམས་དེ་ཙམ་ལ་ཡ་མཚན་པར་མི་རིགས་སོ། །
གཞན་ཡང་དོལ་རྒྱལ་གྱིས་༸སྐྱབས་རྗེ་ཕ་བོང་ཁ་སོགས་དོལ་རྒྱལ་བསྟེན་མི་རྣམས་ལ་རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་ཡིན་ཚུལ་གྱི་རྫུན་གྱིས་བསླུས་པའི་རྒྱབ་རྟེན་དུ་རྗེ་བཙུན་འཇམ་དཔལ་དབྱངས་སོགས་ཀྱི་རྣམ་པ་སྐབས་འགར་སྤྲུལ་པ་སྲིད་ཀྱང་། དེ་དག་ནི་ཡི་དྭགས་རྫུ་འཕྲུལ་ལ་མཁས་པས་ཡིན་ལ། དེ་ལྟ་བུ་ནི་ཅི་ནས་སྲིད་དེ། རང་ཉིད་བདུད་ཡིན་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུའི་རྣམ་པ་ཇི་ལྟ་བ་བཞིན་དུ་སྤྲུལ་པ་ཡོད་པ་དང་མཚུངས་པའི་ཕྱིར། དེ་ཡོད་པ་ནི་ལམ་རིམ་རྣམ་གྲོལ་ལག་བཅངས་སུ་གསལ་ཏེ།
དེ་ཉིད་ལས་ས་བཅད་བཤེས་གཉེན་བསྟེན་ཚུལ་གྱི་ཐད་དུ་འདི་ལྟར་བྱུང་སྟེ།
སངས་རྒྱས་སུ་མ་སྣང་ཡང་སངས་རྒྱས་མིན་མི་དགོས། སངས་རྒྱས་དངོས་ལྟར་སྣང་ཡང་སངས་རྒྱས་ཡིན་པའི་ངེས་པ་མེད་དེ། སྔོན་གཏད་རབས་བཞི་པ་དགྲ་བཅོམ་པ་ཉེར་སྦས་ཀྱིས་ཆོས་གནང་སྐབས་བདུད་དགའ་རབ་དབང་ཕྱུག་གིས་གནོད་པ་བྱས་པས་ཉེར་སྦས་ཀྱིས་བདུད་བཏུལ་ནས་ང་ཡིས་སངས་རྒྱས་མཇལ་མ་མྱོང་སྟབས་ཁྱོད་ཀྱིས་སངས་རྒྱས་ཇི་བཞིན་དུ་སྤྲུལ་ཞིག་ཅེས་གསུངས་པས་བདུད་ཀྱིས་སངས་རྒྱས་ཀྱི་མཚན་བཟང་སོགས་སངས་རྒྱས་ཀྱི་སྐུ་ལྷག་ཆད་མེད་པར་སྤྲུལ་པར་ཉེར་སྦས་ཀྱིས་སངས་རྒྱས་དངོས་སུ་མཐོང་ནས་ཕྱག་འཚལ་གྲབས་བྱས་པས་བདུད་ཀྱིས་སྤྲུལ་པ་མྱུར་དུ་བཤིག་པ་ལྟ་བུ་ཡིན།
ཞེས་སངས་རྒྱས་ཀྱི་བསྟན་པའི་གཏད་རབས་བཞི་པ་དགྲ་བཅོམ་པའི་གོ་འཕང་ཐོབ་པའི་ཉེར་སྦས་ལའང་དེ་ལྟར་འཁྲུལ་བ་བྱུང་ན། ༸སྐྱབས་རྗེ་ཕ་བོང་ཁ་ལ་དེ་ལྟར་མིན་པ་སུས་བསྒྲུབ་ནུས།
གཞན་ཡང་བདུད་ཀྱིས་སངས་རྒྱས་དངོས་ལྟར་སྤྲུལ་པ་ནི་ཤིན་ཏུ་ནས་སྲིད་དེ། སྔོན་དགྲ་བཅོམ་ཨུ་པ་གུབ་ཏས་བདུད་སྡིག་ཏོ་ཅན་བཏུལ་ནས་ངས་སྔར་སངས་རྒྱས་མཐོང་མ་མྱོང་བས་ཁྱོད་ཀྱིས་ཁོོ་བོས་མཐོང་བར་སྟོན་ཅིག་གསུངས་པ་ན། བདུད་ཀྱིས་སངས་རྒྱས་དངོས་ལྟར་སྤྲུལ་པ་ནི་མདོ་སྡེ་ཨ་པ་སྟེ། ལི་ཐང་བཀའ་འགྱུར་གྱི་ཤོག་གྲངས་༣༢༥ན་འདི་ལྟར་གསལ་ཏེ།
ཁོ་བོ་༼ཨུ་པ་གུབ་ཏ།༽ནི་དུས་ངན་པའི་མཐར་སྐྱེས་ཏེ། དེ་བཞིན་གཤེགས་པ་ཡང་མ་མཐོང་ན། ཁྱོད་ཀྱི་རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་སྐུར་སྤྲུལ་ནུས་སོ་ཞེས་ཐོས་ཀྱིས། ཁྱོད་ཀྱིས་ཁོ་བོས་མཐོང་བར་སྟོན་ཅིག་བལྟ་བར་བྱའོ། །བདུད་ཀྱིས་སྨྲས་པ། །ངས་དེ་དང་འདྲ་བར་སྤྲུལ་གྱིས་ཁྱོད་ཀྱིས་ཁོ་བོ་ལ་ཕྱག་མ་བྱེད་ཅིག སྨྲས་པ། ཕྱག་མི་བྱེད་དོ། །
དེ་ནས་བདུད་ཀྱི་རྒྱལ་པོས་ཀྱང་སངས་རྒྱས་ཀྱི་སྐུར་སྤྲུལ་ཏེ། སྐུ་ཆེན་པོ་ཁྲུ་བཅུ་དྲུག་པ་གསེར་གྱི་མདོག་ཅན། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། འོད་ཟེར་གསལ་བ་ལྷམ་མེ་ལྷང་ངེར་གསལ་བ། ཉི་ཟླ་བས་ཀྱང་ལྷག་པར་སྤྲུལ་པ་དང་། ཨུ་པ་གུབ་ཏ་རབ་ཏུ་དགའ་ནས་ཕྱག་བྱས་པར་གཟས་པ་དང་། བདུད་ཀྱི་རྒྱལ་པོས་ཕྱིར་ཡང་བདུད་ཀྱི་ལུས་སུ་བསྒྱུར་ནས། ཨུ་པ་གུབ་ཏ་ལ་བཙུན་པ་ཁྱོད་ཀྱིས་ཕྱག་མི་བྱ་བར་བྱས་ན། ཅིའི་ཕྱིར་ཕྱག་བྱེད་ཅེས་སྨྲས་སོ། །ཨུ་པ་གུབ་ཏས་སྨྲས་པ། ཁོ་བོ་སངས་རྒྱས་ལ་ཕྱག་བྱེད་ཀྱི་ཁྱོད་ལ་ཕྱག་མི་བྱེད་དོ། །
ཞེས་གསུངས་པ་ལྟར་བདུད་ཀྱིས་སངས་རྒྱས་དངོས་ལྟར་མཚན་དང་དཔེ་བྱད་དང་ལྡན་པར་བཅོས་ནས་སྤྲུལ་ནུས་ཀྱང་། བདུད་སངས་རྒྱས་དངོས་མིན་པས་སྐྱབས་གནས་སུ་མི་རུང་ཡང་། དེའི་ཚེ་དགྲ་བཅོམ་ཨུ་པ་གུབ་ཏ་འཁྲུལ་ནས་ཕྱག་བྱས་པ་ལྟར། ཐུན་མོང་སྣང་ངོར་༸སྐྱབས་རྗེ་ཕ་བོང་ཁ་སོགས་དོལ་རྒྱལ་འཇམ་དཔལ་དབྱངས་སུ་བཞེད་པ་དག་ལ་དེ་ལྟར་བྱུང་བ་མིན་ཞེས་སུ་ཞིག་གིས་སྨྲ་བར་སྤོབས།
གོང་གི་ལོ་རྒྱུས་འདི་ནི་སྔར་མཉན་ཡོད་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དེའི་དུས་ཀྱི་སངས་རྒྱས་ལ་རབ་ཏུ་དད་པའི་བྲམ་ཟེ་ཨུ་པ་གུབ་ཏ་ཞེས་བྱ་བ་ཞིག་སྟེ། དེས་མ་འོངས་པར་བསྟན་པ་ལ་ཕན་རབས་ཀྱི་ལུང་བསྟན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བའི་ནང་ནས་དྲངས་པ་ཞིག་སྟེ། འདི་ནི་མདོ་ལས་དངོས་སུ་བྱུང་བའི་ལུང་ཡིན་པས་དེར་གཟིགས་པར་མཛོད་དང་ཡིད་ཆེས་པའི་གནས་ཁོ་ན་ཡིན་ནོ། །
ཡང་དེ་ལྟར་སྤྲུལ་པ་ཙམ་ཡིན་གྱི་བདུད་ཀྱིས་སྐྱེ་བུ་དམ་པ་སླུ་བ་མི་སྲིད་སྙམ་ན། དེ་ནི་སྲིད་དེ། མཁས་གྲུབ་རྗེས་མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས།
དེ་ལ་ལུགས་གཅིག་ལ་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་སུམ་བཅུ་རྩ་བདུན་འདས་པ་ན། གྲོང་ཁྱེར་སྐྱ་བོའི་བུ་ཞེས་བྱ་བར། བདུད་སྡིག་ཅན་བཟང་པོ་ཀུན་ལས་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཞེས་བྱ་བས་དགྲ་བཅོམ་པའི་ཆ་བྱད་དུ་སྤྲུལ་ནས། རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ་དགེ་འདུན་ལྟ་བ་ཐ་དད་དུ་ཕྱེ་ནས་འཁྲུག་ལོང་དུ་གྱུར་ཏེ་ལོ་དྲུག་ཅུར་མི་མཐུན་པར་གྱུར་ཏོ། །
ཞེས་གསུངས་ལ། ཚུལ་དེ་དང་མཐུན་པར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྟོག་གེ་འབར་བར་ཡང་གསུངས་ཏེ། དེ་ཉིད་ལས།
བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་སུམ་ཅུ་རྩ་བདུན་ལོན་པ་ན། རྒྱལ་པོ་དགའ་བོ་དང་། པདྨ་ཆེན་པོ་ཞེས་བྱ་བས་གྲོང་ཁྱེར་པཱ་ཊ་ལ་པུཊྲའི་ནང་དུ་སྡུད་པ་ལ་སོགས་པའི་འཕགས་པ་ལ་ལ་ནི་ཡང་ལེན་པ་མེད་པ་ན་བསིལ་བའི་དངོས་པོ་ཐོབ་པར་གྱུར་པ་ན། འཕགས་པ་འོད་སྲུང་ཆེན་པོ་དང་། འཕགས་པ་སྤུ་ཆེན་པོ་དང་། གཏོང་བ་ཆེན་པོ་དང་། བླ་མ་དང་། རེ་པ་ཏ་ལ་སོགས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་དགྲ་བཅོམ་པའི་དགེ་འདུན་དེ་ལྟར་བཞུགས་པ་ན་བདུད་སྡིག་ཅན་བཟང་པོ་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་དགེ་སློང་གི་ཆ་བྱད་འཛིན་པས་རྫུ་འཕྲུལ་སྣ་ཚོགས་བསྟན་ནས། གཞི་ལྔས་དགེ་འདུན་གྱི་དབྱེན་ཆེན་པོ་བསྐྱེད་དེ། །ཅེས་གསུངས་པའི་ཕྱིར།
དེས་ན་སྔ་དུས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་སུམ་བཅུ་རྩ་བདུན་འདས་པའི་ཚེ་ན་དགྲ་བཅོམ་པ་འོད་སྲུངས་ཆེན་པོ་༼འདི་བསྟན་པའི་གཏད་རབས་ཀྱི་དང་པོ་དང་གཅིག་པ་མིན་སྙམ་ཡང་བརྟག་དགོས།༽སོགས་དགྲ་བཅོམ་པའི་དགེ་འདུན་མང་པོ་བཞུགས་དུས་ན་བདུད་སྡིག་ཏོ་ཅན་གྱིས་དགྲ་བཅོམ་པའི་དགེ་སློང་དུ་སྤྲུལ་ནས་རྫུ་འཕྲུལ་སྣ་ཚོགས་ཀྱིས་དགེ་འདུན་གྱི་དབྱེན་བྱས་ནས། འདུལ་བའི་བསླབ་པའི་གནད་ལ་མི་མཐུན་པའི་གནད་ཀྱིས་དགེ་འདུན་གྱི་སྡེ་པ་ཐ་དད་པར་དགྱེས་པ་སྲིད་ན། སྟོན་པ་མྱ་ངན་ལས་འདས་ན་ལོ་ཉི་སྟོང་ལྷག་གི་རྗེས་སུ་བདུད་དགེ་སློང་༼གྲགས་པ་རྒྱལ་མཚན།༽གི་ཆ་བྱད་འཛིན་ཏེ་གཡོ་སྒྱུ་དང་རྫུ་འཕྲུལ་སྣ་ཚོགས་ཀྱིས་བསྟན་པ་ལ་འགལ་རྐྱེན་དང་སྡེ་དཀྲུག་ཕུ་དཀྲུག་སོགས་བྱེད་པ་མི་སྲིད་ཅེས་སུ་ཞིག་གིས་སྨྲ་བར་ནུས།
༸སྐྱབས་རྗེ་ཕ་བོང་ཁ་དཔལ་ཧེ་རུ་ཀ་དངོས་ཡིན་པས་དེ་ལྟར་འཁྲུལ་བ་ག་ལ་སྲིད་སྙམ་ན། ངེས་པ་དོན་ལ་སངས་རྒྱས་ཡིན་མིན་ནི་རང་ཅག་ཐ་མལ་པ་སུས་ཀྱང་དཔོག་ཤིན་ཏུ་དཀའ་བའི་གནས་ཁོ་ན་ཡིན་ལ། དེ་ལྟར་ན་ཡང་རྗེ་བླ་མ་དེ་སངས་རྒྱས་སུ་མོས་པ་ཡང་སྤྱིར་ནས་རུང་བ་ཁོ་ན་ཡིན་ལ། འོན་ཀྱང་༸སྐྱབས་རྗེ་ཉིད་སངས་རྒྱས་དངོས་ཡིན་པའི་དབང་དུ་བྱས་ཀྱང་གདུལ་བྱའི་དབང་གིས་འཁྲུལ་བ་སྲིད་དེ། འཕགས་པ་ཐོགས་མེད་ཐུན་མོང་གདུལ་བྱའི་སྣང་ངོར་ས་གསུམ་བརྙེས་པས་ཀྱང་ཤེར་ཕྱིན་གྱི་འགྲེལ་པ་རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་བསྟན་བཅོས་མངོན་རྟོགས་རྒྱན་གྱི་དགོངས་པ་བཀྲལ་བ་ན། གདུལ་བྱའི་དབང་གིས་སེམས་ཙམ་དུ་བཀྲལ་བ་རྗེ་བདག་ཉིད་ཆེན་པོས་ལེགས་བཤད་གསེར་ཕྲེང་དུ་གསུངས་པ་དེས་ཀྱང་དེ་ལྟར་སྲིད་པ་བསྒྲུབ་པའི་ཕྱིར། དེ་ཇི་ལྟར་ཡིན་ཞེ་ན། ཡང་ན་གདུལ་བྱའི་ལས་དབང་གིས་སམ། ཡང་ན་ཆེད་དུ་གཉེར་ནས་གདུལ་བྱའི་མོས་ངོ་དང་འཚམ་པར་བླ་མས་མཛད་པ་སྟོན་པའང་སྲིད་པའི་ཕྱིར། དེ་ལྟར་མིན་ན་བླ་མ་མར་པ་ལོ་ཙཱ་བ་སྟེ་བོད་འདིར་དཔལ་གསང་བ་འདུས་པ་དངོས་ཡིན་པ་ཡོངས་སུ་གྲགས་པ་དེས་ཀྱང་རང་གི་བླ་མ་ན་རོ་པར་ཕྱག་འཚལ་ལུགས་ཀྱིས་བརྒྱུད་པའི་རྟེན་འབྲེལ་འཆུགས་པ་ག་ལ་སྲིད། དེས་ན་དོལ་རྒྱལ་དང་འབྲེལ་བའི་བླ་མ་དམ་པ་རྣམས་ཀྱི་མཛད་པར་སྐྱོན་སོང་བ་ལ་རང་རེས་བླ་མ་དེ་དག་ལ་སྡང་བའམ་མ་དད་པར་སོང་ན་རང་ཉིད་སྡིག་པ་མི་བཟད་པ་གསོག་པ་ཁོ་ན་ལས་དགེ་མཚན་མེད་པས། བསྟན་པའི་འགལ་རྐྱེན་དང་གདུལ་བྱའི་བསོད་ནམས་ཞན་སྟབས་ལས་བྱུང་བར་བསམ་སྟེ་དད་པ་ནམ་ཡང་དོར་བ་མི་བྱ་ལ། རྗེ་ཕ་བོང་ཁ་ནི་ཐུན་མོང་གདུལ་བྱའི་སྣང་ངོར་ཡང་བྱང་ཆུབ་སེམས་དཔའ་ཞིག་ཡིན་པ་ནི་རྗེ་འདི་པའི་རྣམ་ཐར་ལེགས་པར་མཇལ་བའི་གཟུ་བོའི་བློས་དཔོག་པར་མི་དཀའ་བས། ༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ཡང་དེ་བཞིན་ཏེ། དེས་ན་བླ་མ་ཡབ་སྲས་རྣམ་གཉིས་ལ་ཆོས་འབྲེལ་ཡོད་མེད་ལ་མ་ལྟོས་པར་བྱང་ཆུབ་སེམས་ཀྱི་བདག་ཉིད་ཀྱི་བླ་མ་དེ་གཉིས་ལ་སྐུར་བ་ནམ་ཡང་འདེབས་པར་མི་བྱའོ་ཞེས་སྙིང་ནས་སྐུལ་ལོ། །
འོན་ཀྱང་གང་ཟག་ལ་དག་སྣང་སྦྱོངས། ཆོས་ལ་དཔྱད་དགོས་ཞེས་པ་ལྟར་དོལ་རྒྱལ་རྗེ་ཕ་བོང་ཁར་འཇམ་དབྱངས་དྲག་ཏུ་ཁྲོས་པར་སྣང་བའང་དོལ་རྒྱལ་གྱི་བསླུ་བྲིད་ཀྱི་འོག་བསྟན་པའི་བགེགས་དབང་གིས་སོང་བ་དང་། ཡང་ན་དོན་ལ་འཁྲུལ་བ་སོགས་ཇི་ལྟར་ཡིན་རུང། དངོས་ཡོད་ལོ་རྒྱུས་ཀྱི་བྱུང་རབས་དང་། དམ་པ་གཞན་མང་པོས་དགག་བྱ་མཛད་ཚུལ་དང་། དོལ་རྒྱལ་དང་འབྲེལ་བའི་བཀྲ་མི་ཤིས་ཀྱི་མཚན་མ་བྱུང་བའི་ལོ་རྒྱུས་མང་དག་རྣམས་དང་། རྒྱུད་སྡེ་ཚད་ལྡན་གྱི་ཁུངས་འབྲུ་གཅིག་ཀྱང་སྟོན་རྒྱུ་མེད་པ་སོགས་ལ་བསམ་ན་འཇམ་མགོན་རྒྱལ་བའི་བསྟན་སྲུང་ལྟ་ཅི། དྲེགས་པ་བརྟག་ཐུབ་པ་ཞིག་ཀྱང་མིན་པ་ནི་དཔྱད་ན་ཤིན་ཏུ་གསལ་ལོ། །
དེ་ལྟར་ན་རྗེ་ཕ་བོང་ཁས་དོལ་རྒྱལ་ངེས་པ་དོན་ལ་རྗེ་བཙུན་འཇམ་དཔལ་དབྱངས་སུ་ཞལ་གྱིས་བཞེས་པ་དེ་ཇི་ལྟར་ཡིན་ཞེ་ན། འདི་ནི་དོལ་རྒྱལ་ནི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་སྐྱེ་བ་ཕྱི་མ་ཡིན་པ་དང་། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་རྫུན་མ་ལམ་དུ་སོང་བ་དེ་དེའི་ཡང་སྲིད་ངོ་མར་འཛིན་ནས་དང་། དོལ་རྒྱལ་གྱི་གཡོ་སྒྱུར་ཡང་འཁྲུལ་ནས་དེ་དག་ལ་བློ་རྩེ་གཏད་པའི་དགོངས་པ་ཞིག་སྟེ། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་ནི་པཎ་ཆེན་བསོད་ནམས་གྲགས་པའི་སྐུ་ཕྲེང་གསུམ་པ་དང་། པཎ་ཆེན་བསོད་ནམས་གྲགས་པ་ནི་བུ་སྟོན་ཐམས་ཅད་མཁྱེན་པ་སོགས་ཀྱི་སྐུ་སྐྱེར་དང་། རྣམ་པ་གཉིས་ཀ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པར་ཡོངས་སུ་གྲགས་པས་དེ་ལ་དགོངས་ཏེ་ངེས་པ་དོན་ལ་དོལ་རྒྱལ་འཇམ་དབྱངས་དྲག་ཏུ་ཁྲོས་པ་ཡིན་ཞེས་པ་དེ་བྱུང། འོན་ཀྱང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ནི་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་རྫུན་མ་ལམ་དུ་སོང་༸གོང་ས་ལྔ་པ་ཆེན་པོ་སྟེ། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་བླ་མ་དང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཡོངས་སུ་གྲགས་པ་དེ་ལྟ་བུ་དང་། དེ་ཡང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་མི་ཐོག་གཅིག་པ་ཡིན་པ་དེས་ནན་གྱིས་གསུངས་པས་ན། གསུང་དེ་རྣམས་ཀྱིས་གྲགས་རྒྱན་པཎ་ཆེན་གྱི་ཡང་སྲིད་རྫུན་མ་ཡིན་པ་ལ་ངེས་པ་འདྲེན་པར་འགྱུར་ལ། དེ་ལྟར་ཡང་སྲིད་རྫུན་མ་ཡིན་ན་བརྒྱུད་པ་ཡར་དེད་ཀྱི་རྣམ་ཐར་དེ་དོལ་རྒྱལ་ལ་གཏན་ནས་མི་རུང་བར་ཡང་དོན་གྱིས་འགྲུབ་པ་ཡང་ཤེས་པར་འགྱུར་རོ། །
འོ་ན་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་བླ་བརྒྱུད་གསོལ་འདེབས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པ་དང་ཡང་སྲིད་ཀྱང་ངོས་འཛིན་ཡང་རྗེ་འདིས་མཛད་པ་དག་ཇི་ལྟར་འགྲེལ་ཞེས་ན། ཡང་སྲིད་ཀྱི་སྐོར་ཁོ་བོས་སྤྲུལ་སྐུ་གྲགས་རྒྱན་གྱི་ལོ་རྒྱུས་ཀྱི་དཔྱད་པ་དེར་བྱས་ཟིན་པས་འདིར་སྐྱར་མི་དགོས་ལ། བླ་བརྒྱུད་གསོལ་འདེབས་ནི་གྲགས་རྒྱན་གྱི་བླ་བྲང་གི་ཞབས་འབྲིང་པ་ཚོས་ནན་གྱིས་བསྐུལ་ངོར་པཎ་ཆེན་བསོད་གྲགས་ཀྱི་བླ་བརྒྱུད་གཞིར་བཟུང་ནས་མཛད་པ་ཞིག་ཡིན། དེ་ཡང་སྐུལ་ངོ་མ་བཟློག་པ་དང་སྐབས་དེ་དུས་གྲགས་རྒྱན་གྱི་སློབ་མ་རྣམས་ཀྱིས་དེ་ལྟར་གསོལ་བ་བཏབ་ན་དགེ་མཚན་ཡོད་པར་དགོངས་ཏེ་མཛད་པ་ཞིག་སྟེ། དེ་ཡང་རང་གི་བླ་མ་ངེས་པ་དོན་ལ་ཇི་ལྟར་ཡིན་རུང་སློབ་མས་སངས་རྒྱས་བྱང་སེམས་སོགས་སུ་མོས་ཏེ་གསོལ་བ་བཏབ་ན་དེ་དང་དེའི་བྱིན་རླབས་རང་རྒྱུད་ལ་འཇུག་པའི་དགོས་པ་ཡོད་པ་ལ་དགོངས་ནས་དེ་ལྟར་མཛད་པ་ཡིན་ནོ། །དེ་ཡང་བོད་གངས་ཅན་གྱིས་གྲུབ་ཐོབ་ཀྱི་རྒྱལ་པོ་རྗེ་བཙུན་མི་ལ་རས་པར་རས་པའི་སློབ་ཚོགས་རྣམ་པས་རྗེ་བླ་མ་ཉིད་ཀྱི་སྙིང་རུས་དང་ཆེ་བ་རྣམས་ལ་བསམས་པ་ན་ངེས་པ་དོན་ལ་རྗེ་ཉིད་ནི་སྔོན་གྱི་སངས་རྒྱས་བྱང་སེམས་གང་རུང་ཞིག་གི་སྤྲུལ་བར་གདོན་མི་ཟ་བས་ཇི་ལྟར་ཡིན་མིན་རྣམས་གསུང་པར་ཞུ་ཞེས་ཞུས་པ་ན། དེ་ནི་ཁྱེད་རྣམས་གསང་སྔགས་བླ་མེད་ཀྱི་ཆེ་བ་མི་ཤེས་པར་རློམས་པའི་ཡིད་ཆེས་ཤིག་སྟེ། འོན་ཀྱང་ཁྱེད་རྣམས་ལ་ངེད་སངས་རྒྱས་བྱང་སེམས་སོགས་གང་དང་གང་དུ་མོས་པ་དེ་དང་དེའི་བྱིན་རླབས་འབྱུང་བར་འགྱུར་ཞེས་བཀའ་སྩལ་བ་ལས་ཀྱང་དཔོག་པར་ནུས་ལ། བླ་མ་གོང་མའི་གསུང་རྒྱུན་དུ་བྱིན་རླབས་དངོས་ལ་མིན་རང་ལ་རག་ལས། ཞེས་གསུངས་པ་རྣམས་ལྟར་སྐབས་དེ་དུས་གྲགས་རྒྱན་གྱི་སློབ་མ་དང་བླ་བྲང་གི་ཞབས་འབྲིང་པ་རྣམས་ཀྱི་འདོད་པ་བསྐང་ཕྱིར་གྲགས་རྒྱན་གྱི་བླ་བརྒྱུད་གསོལ་འདེབས་དེ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་པཎ་ཆེན་བསོད་ནམས་གྲགས་པའི་སྐུ་ཕྲེང་དང་སྦྱར་ནས་མཛད་པ་བདེན་མོད། འོན་ཀྱང་དེའི་དོན་རྣམས་སྒྲ་ཇི་བཞིན་པ་སྟེ་དོལ་རྒྱལ་གྱི་བླ་བརྒྱུད་ངོ་མར་བརླམ་ན་དགག་བྱ་ཆེ་བས་ངེས་པར་དཔྱད་དེ་འཇུག་དགོས་ཞེས་བྱའོ། །
ཡང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་པཎ་ཆེན་བསོད་གྲགས་ཀྱི་སྐུ་ཕྲེང་ངོ་མ་མིན་པར་གང་ཟག་ཐ་མལ་པ་ཡིན་ན། གྲགས་རྒྱལ་དོལ་རྒྱལ་དུ་གྱུར་རྗེས་ནུས་མཐུ་ཅན་དུ་ཇི་ལྟར་རུང་ཞེ་ན། དེ་ནི་སྔར་ཞིང་གི་མཐུ་ལ་བརྟེན་པའི་དགེ་རྩ་སྟེ། སངས་རྒྱས་སོགས་ལ་རྙེད་བཀུར་བྱས་པ་སོགས་ཀྱི་དགེ་རྩ་བྱང་ཆུབ་ཀྱི་རྒྱུར་མ་སོང་བར་དེ་དག་གི་འབྲས་བུར་འཇིག་རྟེན་པའི་ནུས་མཐུ་དང་རྫུ་འཕྲུལ་སོགས་འབྱུང་བ་ནི་མདོ་ལས་ཀྱང་འབྱུང་བས་ཡིད་ཆེས་པའི་གནས་ཡིན་ལ། མཐུ་དང་རྫུ་འཕྲུལ་སོགས་ལྡན་ཡང་ཡིད་ཐ་མལ་པར་གནས་པས་གཞན་ལ་ཕྲག་དོག་དང་འགྲན་སེམས་སོགས་ཀྱིས་རྒྱུད་བརླམ་པའི་བདུད་རིགས་ཀྱིས་སངས་རྒྱས་ཀྱིས་བསྟན་པར་གནོད་པ་བྱེད་ཚུལ་ནི་རྗེ་བཙུན་ས་པཎ་གྱིས་ལེགས་པར་གསུངས་ཏེ།
དེ་ཉིད་ཀྱིས་མཛད་པའི་སྡོམ་གསུམ་རབ་དབྱེ་ལས།
དེ་ལ་གནད་རྣམས་འཆོལ་བའི་བདུད། །ལ་ལ་སངས་རྒྱས་དངོས་སུ་སྟོན། །ཁ་ཅིག་མཁན་པོ་སློབ་དཔོན་དང་། །བླ་མའི་ཆ་ལུགས་འཛིན་པ་དང་། །ཕ་མའམ་ཉེ་དུའི་ཆ་ལུགས་ཀྱིས། །སེམས་ཅན་རྣམས་ལ་སླུ་བར་བྱེད། །
ཅེས་སངས་རྒྱས་ཀྱི་བསྟན་པའི་གནད་རྣམས་འཆོལ་བར་སྟོན་པའི་བདུད་ལ་ལས་གང་ཟག་འགའ་ཞིག་ལ་སངས་རྒྱས་དངོས་ལྟ་བུའི་རྣམ་པ་སྟོན་པ་དང་། གཞན་མང་དག་ལ་མཁན་པོ། སློབ་དཔོན། བླ་མ། དེ་བཞིན་ཕ་མའམ་གཉེན་ཉེ་དུའི་རྣམ་པ་སྟོན་ནས་སླུ་བར་གསུངས་པ་སྟེ། དེ་ལྟར་ཆ་ལུགས་འདི་བཞིན་འབྱུང་བ་ཤེར་ཕྱིན་གྱི་མདོ་སྡེ་ལས་གསུངས་པ་ས་པཎ་གྱི་རྩ་བ་དང་། ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་གསུང་རབ་དགོངས་འགྲེལ་གཉིས་ཀ་ལས་བྱུང་བས་ན། དེ་དག་ལས་གསུངས་པ་ཇི་ལྟ་བ་བཞིན་དོལ་རྒྱལ་གྱིས་ཀྱང་དགེ་ལྡན་པ་ཞིག་གིས་རྙིང་མའི་ཆོས་བྱས་ན་གྲུབ་མཐའ་གཙང་མའི་ཉམས་ལེན་དགོས་ཚུལ་ལ་བསྙད་དེ་སྲོག་གི་ཆད་པས་བསྡིགས་ཏེ་ཆོས་སྤོང་གི་ལས་ལ་མང་དག་སྦྱོར་ཚུལ་ལ་སོམས་དང་། ཁོ་འདྲེ་ཡིན་པའི་ཚུལ་ལ་ཡང་ངེས་པ་འདྲེན་པར་འགྱུར་རོ། །
དེས་ན་ཚུལ་ཇི་ལྟ་བུས་བདུད་ཀྱི་སྤྲུལ་པས་ཆོས་བྱེད་རྣམས་སླུ་བར་བྱེད་ཅེས་ན།
ཡང་སྡོམ་གསུམ་རབ་དབྱེ་དེ་ཉིད་ལས།
འགའ་ཞིག་རྩུབ་མོར་སྨྲ་བྱེད་ཅིང་། །བསྡིགས་པའི་ཚུལ་གྱིས་སྒྱུར་བར་བྱེད། །ལ་ལ་འཇམ་པོར་སྨྲ་བྱེད་ཅིང་། །བྱམས་པའི་ཚུལ་གྱིས་སླུ་བར་བྱེད། །ལ་ལར་སངས་རྒྱས་གསུངས་པའི་ལུང་། །ཕྱིན་ཅི་ལོག་ཏུ་བཤད་ནས་བསྒྱུར། །
ལ་ལ་རིགས་པ་བཟང་པོ་ལ། །ངན་པ་ཡིན་ཞེས་བཤད་ནས་བསྒྱུར། །ལ་ལ་རིགས་པ་ངན་པ་ལ། །བཟང་པོ་ལྟ་བུར་བཅོས་ནས་བསྒྱུར། །ལ་ལ་ཟས་ནོར་ཅི་འདོད་པའི། །རྔན་པ་སྦྱིན་ནས་ཆོས་ལོག་སྟོན། །
ལ་ལ་ལུས་དང་སེམས་ལ་ནི། །ཏིང་ངེ་འཛིན་ཅུང་ཟད་བསྐྱེད་ནས་ཀྱང་། །དེ་ལ་ཡིད་ཆེས་སྐྱེས་པ་དང་། །ལོག་པའི་ཆོས་རྣམས་བསྟན་ནས་སླུ། །ལ་ལ་མངོན་པར་ཤེས་པ་དང་། །རྫུ་འཕྲུལ་ཅུང་ཟད་བསྟན་ནས་ཀྱང་། །བླུན་པོ་ཡིད་ཆེས་བསྐྱེད་ནས་ནི། །ཕྱི་ནས་ཆོས་ལོག་སྟོན་པར་བྱེད། །
ལ་ལ་ང་ཡིས་འདི་ལྟར་བསྒོམས། །དེ་ལ་རྟོགས་པ་འདི་ལྟར་སྐྱེས། །ཁྱེད་ཀྱང་འདི་ལྟར་གྱིས་ཤིག་ཅེས། །རང་གི་ཉམས་མྱོང་ཡིན་པ་ཡི། །ཚུལ་དུ་བྱས་ནས་ལོག་པར་འཆོས། །
མདོར་ན་སངས་རྒྱས་གསུང་རབ་དང་། །ཕལ་ཆེར་མཐུན་པར་སྟོན་བྱེད་ཅིང་། །གནད་རྣམས་ལོག་པར་སྟོན་པའི་ཆོས། །ལེགས་ལེགས་འདྲ་འདྲ་སྟོན་ན་ཡང་། །བདུད་ཀྱི་བྱིན་རླབས་ཡིན་ནོ་ཞེས། །མདོ་རྒྱུད་ཀུན་ལས་གསལ་བར་གསུངས། །
ཞེས་བདུད་ཀྱི་སྤྲུལ་པས་སྐབས་རེར་སངས་རྒྱས་དངོས་ལྟར་བཅོས་པའི་རྫུ་འཕྲུལ་དང་། གཞན་དུ་མངོན་ཤེས་ཕྱོགས་རེ་བ་དང་། ཆོས་སངས་རྒྱས་ཀྱི་གསུང་རབ་ལྟར་ཕལ་ཆེར་མཐུན་པ་སྟོན་ཞིང་། བསྟན་པའི་གནད་རྣམས་འཆོལ་ནས་སྟོན་པ་སོགས་གསུངས་པ་ལྟར་དོལ་རྒྱལ་གྱིས་ཀྱང་ལུང་འདྲ་མིན། ཆོ་འཕྲུལ་སྣ་ཚོགས་པ། ཁོག་ཞུགས་སྐབས་ཆོས་འཆད་པ་སོགས་ཀྱི་སྒོ་ནས་མང་དག་ཡིད་ཆེས་པར་བྱས་ཏེ། གྲུབ་མཐའ་གཙང་མར་བསྙད་དེ་རིགས་པ་བཟང་པོ་སྟེ། ཆོས་ལུགས་རིས་མེད་ཀྱི་ཉམས་བཞེས་ལ་མི་རུང་ཞེས་འདི་ཉིད་རིགས་པ་ངན་པར་བསྟན་ཏེ། སྲོག་གི་ཆད་པས་བསྡིགས་པ་སོགས་སྒོ་དུ་མ་ནས་གྲུབ་མཐའ་ཕན་ཚུན་དབར་འགའ་ཟླ་བཟོས་ཏེ། མང་དག་ཆོས་སྤོང་གི་མཚམས་མེད་ལ་སྦྱར་བ་སོགས་ལ་སོམས་དང་། བོད་འདིར་གྲགས་པའི་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་རྗེ་བཙུན་ས་པཎ་གྱི་གསུང་དེ་ཐོག་ཏུ་བབས་པ་ཡང་ཤེས་སླའོ། །
འདི་ལྟ་བུ་ཞིག་སྔར་བོད་དུ་ལོ་ཙ་རིན་ཆེན་བཟང་པོའི་དུས་སུ་ཡང་བྱུང་སྟེ།
སྡོམ་གསུམ་རབ་དབྱེ་ལས།
འདི་དག་ཇི་ལྟར་བྱུང་བའི་ཚུལ། །མདོ་ཙམ་ང་ཡིས་བཤད་ཀྱིས་ཉོན། །རིན་ཆེན་བཟང་པོ་བཞུགས་པའི་ཚེ། །སངས་རྒྱས་སྐར་རྒྱལ་ཞེས་བྱ་བ། །དཔྲལ་བ་ནས་ནི་འོད་འབྱིན་ཅིང་། །བར་སྣང་ལ་ནི་སྐྱིལ་ཀྲུང་འཆའ། །
རེ་འགའ་འཇག་མའི་ཁྲི་ལ་སྡོད། །སྟོང་པ་ཉིད་ཀྱི་ཆོས་རྣམས་སྟོན། །བྱམས་དང་སྙིང་རྗེ་ཆེ་བར་སྣང་། །དེ་ཡི་ཆོས་ཀྱིས་གཞན་དག་ལ། །ཏིང་ངེ་འཛིན་ཀྱང་སྐྱེ་བར་བྱེད། །དེ་ལ་འཇིག་རྟེན་ཐམས་ཅད་མོས། །ཤཱཀྱའི་རྒྱལ་པོའི་བསྟན་པ་དང་། །འདྲ་མིན་ཅུང་ཟད་བཅོས་པར་འཆད། །དེ་ཡི་བསྟན་པ་ཤིན་ཏུ་འཕེལ། །
དེ་ཚེ་རིན་ཆེན་བཟང་པོ་ཡིས། །སྒྲུབ་པ་ཟླ་བ་དྲུག་མཛད་ནས། །ཏིང་འཛིན་བརྟན་པས་དེ་དྲུང་བྱོན། །སངས་རྒྱས་སྐར་རྒྱལ་བར་སྣང་ལ། །སྐྱིལ་ཀྲུང་བཅས་ནས་ཆོས་འཆད་ཚེ། །རིན་ཆེན་བཟང་པོས་གཟིགས་ཙམ་གྱིས། །ས་ལ་ལྷུང་ནས་བརྒྱལ་ཞེས་གྲགས། །
གལ་ཏེ་རིན་ཆེན་བཟང་པོ་ཞེས་བྱ་བའི། །སྐྱེས་མཆོག་དེ་ཚེ་མི་བཞུགས་ན། །སངས་རྒྱས་སྐར་རྒྱལ་ཞེས་བྱ་བའི། །ཆོས་ལོག་བསྟན་པ་འབྱུང་ཞེས་གསུངས། །ནག་པོའི་ཕྱོགས་ལ་དགའ་བ་ཡི། །སྐར་རྒྱལ་ཞེས་བྱའི་ཀླུ་ཆེན་ཞིག །སྐྱེས་ངན་ཞིག་ལ་ཞུགས་ནས་ནི། །སངས་རྒྱས་གཟུགས་སུ་བརྫུས་ཞེས་གསུངས། །
ཞེས་བྱུང་ལ།
དེའི་འགྲེལ་པ་ཀུན་མཁྱེན་གོ་རམས་པའི་གསུང་གསུང་རབ་དགོངས་འགྲེལ་ལས།
མངའ་རིས་མང་ཡུལ་དུ་བྱུང་བའི་སངས་རྒྱས་སྐར་རྒྱལ་དུ་མིང་བཏགས་པ་དེ་ལ་འཇིག་རྟེན་ཐམས་ཅད་གུས་པས། དེཚེ་རིན་ཆེན་བཟང་པོ་ཡིས་སོགས་ཏེ། སྐྱེས་བུ་དམ་པ་དེས་ཡི་དམ་ལྷ་ཡི་སྟ་སྟངས་ཀྱིས་གཟིགས་པས་ས་ལ་ལྷུང་ནས་དྲན་པ་ཉམས་ཤིང་བརྒྱལ་བར་གྱུར་ཏོ། །དེ་ནས་ལོ་ཙ་བ་ཆེན་པོའི་བླ་གོས་ཀྱིས་ཁོའི་མགུལ་པ་བཅིངས། བཀའ་བསྒོ་དྲག་པོ་མཛད་པས། ཁོ་ན་རེ། མང་ཡུལ་གུ་མའི་མཚོ་ལ་གནས་པའི་ཀླུ་ཡིན། ངས་བསྟན་པའི་ཆོས་རྣམས་བོད་ཡུལ་ཐམས་ཅད་དུ་ཁྱབ་ཡོད། གཞུང་དང་གདམས་ངག་མང་པོ་ལ་ཆུ་ལ་ཚྭ་བཏབ་པ་ལྟར་དབྱེར་མེད་དུ་འདྲེས་པས་ཕྱོགས་གཅིག་ཏུ་སྡུད་མི་ཐུབ། ད་ཕྱིན་ཆད་ཆོས་ལོག་མི་སྟོན་པར་ཞུ། ཞེས་ཟེར་རོ། །
ཞེས་བྱུང་བ་ལྟར་༸རྒྱལ་དབང་ལྔ་པ་ཆེན་པོ་དང་། ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་སྔར་དོལ་རྒྱལ་དགག་པར་མཛད་མཁན་རྣམས་དང་། ལྷག་པར་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ལྟ་བུ་ཞིག་མེད་ན། ད་ལྟ་དོལ་རྒྱལ་གྱི་ཆོས་ལོག་ཀྱང་དར་རྒྱས་སུ་ཇི་ལྟར་འགྲོ་མིན་དཔོག་པར་མི་དཀའ་བས། ཀུན་གྱིས་མགོན་པོ་ཐམས་ཅད་མཁྱེན་པ་སོགས་ཀྱིས་བསྟན་པ་སྤྱི་དང་བྱེ་བྲག་རི་བོ་དགེ་ལྡན་པར་བསྐྱངས་པའི་བཀའ་དྲིན་རྣམས་དུས་ནམ་དུ་ཡང་བརྗེད་པར་མི་བྱའོ། །
དེས་ན་དོལ་རྒྱལ་གྱིས་གྲོགས་ཅུང་ཟད་བྱས་པ་དང་ལུང་ཕྲན་བུ་ཐིག་པོ་བྱུང་བ། དེ་བཞིན་ཁོག་ཞུགས་སྐབས་ཆོས་བཤད་བྱས་པ་རྣམས་ལ་ཡ་མཚན་རྒྱུ་མེད་དེ། དེ་དག་ནི་འཇིག་རྟེན་ཕལ་པ་བསླུ་བའི་ཐབས་ཡིན་པའི་ཕྱིར་ཏེ། ཆོས་རྗེ་ས་པཎ་གྱིས་སྡོམ་གསུམ་རབ་དབྱེ་ལས།
འདི་འདྲའི་རིགས་ཀྱི་བདུད་འགའ་ཞིག །མིའམ་འཕགས་པའི་གཟུགས་བཟུང་ནས། །ལོག་པའི་བསྟན་པ་སྤེལ་བའི་ཕྱིར། །ཆོས་དང་བསྲེས་ནས་གནད་རྣམས་སུ། །ལོག་ཆོས་བསྲེས་ནས་འཆད་པ་སྲིད། །དཔེར་ན་ཁ་ཟས་བཟང་པོ་ལ། །སྦྱར་བའི་དུག་གིས་ཕལ་ཆེར་གསོད། །
དུག་རྐྱང་ཡིན་པར་ཤེས་ན་ནི། །འགའ་ཡང་གསོད་པར་ནུས་མ་ཡིན། དེ་བཞིན་ཆོས་བཟང་འགའ་ཞིག་ལ། །ཆོས་ལོག་བསླད་པས་ཕ་རོལ་སླུ། །ཆོས་ལོག་རྐྱང་པར་གོ་ན་ནི། །འགའ་ཡང་བདུད་ཀྱིས་སླུ་མི་ནུས། །
བདུད་ཀྱི་བྱིན་རླབས་ཐམས་ཅད་ཀྱང་། །ངན་པ་ཁོ་ནར་ངེས་པ་མིན། །འོན་ཀྱང་བཟང་པོའི་ནང་ནས་ནི། །གནད་རྣམས་ཅུང་ཟད་བཅོས་པ་ཡིས། །ཕན་པ་ལྟ་བུས་ཕ་རོལ་སླུ། །
ཞེས་གསུངས་པའི་ཕྱིར། །
དེས་ན་བདུད་རིགས་ཀྱིས་བསྟན་པའི་ཆོས་ལྟར་བཅོས་པའི་གནས་རྣམས་ཉམས་སུ་བླངས་པས་རྟོགས་པ་ལྟར་སྣང་རེ་སྐྱེས་པར་ཡིད་རྟོན་པར་མི་བྱ་སྟེ། སྡོམ་གསུམ་རབ་དབྱེ་ལས།
དེང་སང་འགའ་ཞིག་བླ་མ་ཡི། །མོས་གུས་ཙམ་གྱིས་སེམས་བསྒྱུར་ནས། །རྟོག་པ་ཅུང་ཟད་འགགས་པ་ལ། །ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་བྱེད། །དེ་འདྲ་བདུད་ཀྱི་ཡིན་པའང་སྲིད། །ཡང་ན་ཁམས་འདུས་འགའ་ལའང་འབྱུང་། །ཀ་རུ་འཛིན་ཞེས་བྱ་བ་ཡི། །བརྫུན་རླབས་ཅན་གྱི་གྲུབ་ཐོབ་བྱུང་། །དེ་ཡི་དགོན་པ་མཐོང་ཙམ་གྱིས། །འགའ་ལ་ཏིང་འཛིན་སྐྱེས་ཞེས་ཟེར། །ཕྱི་ནས་དེ་ཡི་གྲུབ་ཐོབ་ཞིག །དེ་ནས་ཏིང་འཛིན་དེ་རྒྱུན་ཆད། །དེ་འདྲའི་ཏིང་འཛིན་བདུད་རིགས་ཀྱི། །འབྱུང་པོ་རྣམས་ཀྱིས་བྱེད་པར་གསུངས། །སངས་རྒྱས་གསུང་བཞིན་བསྒྲུབ་པ་ཡི། །བྱིན་རླབས་སངས་རྒྱས་རྣམས་ཀྱི་ཡིན། །
ཞེས་གསུངས་པ་སྟེ། དེའི་འགྲེལ་པ་གོ་རམས་པའི་གསུང་རབ་དགོངས་འགྲེལ་ལས་འདི་ལྟར་བྱུང་ཏེ།
བླ་མའི་མོས་གུས་ཀྱིས་སེམས་བསྒྱུར་ནས་རྟོག་པ་ཅུང་ཟད་འགགས་པ་ལ་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་བྱེད་པ་མི་འཐད་དེ། དེ་འདྲ་བདུད་ཀྱི་བྱིན་བརླབས་ཡིན་པ་ཡང་སྲིད་ཅིང་། ཡང་ན། རྣལ་འབྱོར་བ་ཁམས་འདུས་པ་འགའ་ལ་ཡང་འབྱུང་བའི་ཕྱིར་རོ། །དཔེར་ན་ཀ་རུ་འཛིན་སོགས་ཏེ། རྟོགས་ལྡན་གྱི་ཡུལ་དཔལ་མོ་དཔལ་ཐང་གི་ལྷ་མཚོ་ཁར་ཀ་རུ་འཛིན་ཞེས་བྱ་བ་དེས་གྲུབ་ཐོབ་ཏུ་ཁས་བླངས་ཏེ། ཁ་སྐོར་དུ་པགས་པ་ནག་པོས་སྨ་ར་བྱས། ཉིན་མོ་མཚམས་གཅད་མཚན་མོ་ལོ་ཙཱ་བཅུག་ནས་ཆོས་ལྟར་བཅོས་པ་འགའ་རེ་སྟོན། གཞན་ཡང་གཡོ་སྒྱུའི་སྤྱོད་པ་སྣ་ཚོགས་བསྟན་པས་འཁོར་མང་པོ་འདུས་ཤིང་། དེའི་དགོན་པ་མཐོང་བ་ཙམ་གྱིས་འགའ་ལ་ཏིང་ངེ་འཛིན་སྐྱེས་ཞེས་ཟེར། ཕྱི་ནས་ཐེ་ཚོམ་དུ་གྱུར་ཏེ། རྟོགས་ལྡན་གྱིས་མི་མང་པོའི་དཀྱིལ་དུ་དེའི་སྨ་ར་བཤུས། སྨ་ཕབ་པས་གྲུབ་ཐོབ་ཞིག་ཅིང་། དེ་ནས་ཏིང་ངེ་འཛིན་གྱི་རྒྱུན་ཆད་པར་གྱུར་རོ། །ཞེས་འདུལ་བ་སེང་གེའི་ཕྱོགས་སྔ་མདོར་བསྡུས་ལས་བཤད་ལ། ཁ་ཅིག་སྔར་གྱི་མི་དེས་ཞྭ་དཀར་པོ་ཕུད་པས་གྲུབ་ཐོབ་ཞིག་ཅེས་འཆད་དོ། །མདོར་ན་སངས་རྒྱས་ཀྱི་གསུང་བཞིན་མ་བསྒྲུབས་པའི་གློ་བུར་གྱི་ཏིང་ངེ་འཛིན་བདུད་ཀྱི་བྱིན་རླབས་ཡིན་པར་གསུངས་ལ། སངས་རྒྱས་ཀྱི་གསུང་བཞིན་བསྒྲུབ་པ་ལས་བྱུང་བའི་ཏིང་ངེ་འཛིན་སངས་རྒྱས་རྣམས་ཀྱི་བྱིན་རླབས་ཡིན་པར་གསུངས་སོ། །ཞེས་གསུངས་པའི་ཕྱིར།
དེས་ན་རང་ཅག་ཐ་མལ་པ་རྣམས་ཀྱིས་ལྷ་མི་སོགས་གང་བྱུང་བྱུང་ལ་རང་གི་རྣ་ཐག་མ་སྦྱིན་པར་ངེས་པར་དཔྱད་དེ་འཇུག་ལྡོག་གི་ཚུལ་མ་ནོར་བར་དགོས་པ་ནི་གལ་ཤིན་ཏུ་ནས་ཆེ་ལ། ཇི་ལྟར་དཔྱད་པའི་ཚུལ་ནི་བསྟན་པའི་ཆོས་སམ་བསྒོས་བའི་བསླབ་བྱ་རྣམས་སངས་རྒྱས་ཀྱི་བཀའ་ཡི་དགོངས་པ་དང་མཐུན་མིན་གྱི་སྒོ་ནས་ཡིན་གྱི། ཚུལ་གཞན་གྱིས་མིན་པ་ནི་རྒྱུད་བླ་མའི་དགོངས་པ་སྟེ་སྔར་བཤེས་གཉེན་སྟེན་ཚུལ་གྱི་སྐབས་སུ་དྲངས་ཟིན་པ་ལྟར་རོ། །