༸གོང་ས་ལྔ་པ་ཆེན་པོའི་གསུང་དོལ་རྒྱལ་གྱི་སྐོར།

http://shugdenfacts.com/gadenjangtsemonastery/དོལ་རྒྱལ་ཐོག་མར་ྋརྒྱལ་དབང་ལྔ་པའི་སྐབས་སུ་བྱུང་ཡོད། དེས་ན་༸གོང་ལྔ་པ་ཆེན་པོའི་གསུང་ནང་དོལ་རྒྱལ་སྐོར་ཇི་ལྟར་ཡོད་ཅེས་ན།

དེ་ཡང༌། ྋརྒྱལ་བ་ལྔ་པ་ཆེན་པོའི་(༡༦༡༧ ནས་ ༡༦༨༢ བར་)རྣམ་ཐར་དུ་ཀཱུ་ལའི་གོས་བཟང་སྟེ། ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་གླེགས་བམ་གཉིས་པའི་ཤོག་གྲངས་ ༡༧༣ རྒྱབ་ཤོག་ཡིག་ཕྲེང་ལྔ་པར།

༼ཤིང་སྟག་ལོ། ༡༦༧༤༽ དོལ་ཆུ་མིག་དཀར་རྒྱལ་གྱི་ཚ་ངད་ཆེར་སོང་བ་དང་གཞན་ཡང་མི་བསྲུན་འགོང་པོའི་ཆོ་འཕྲུལ་སྣང་བར་དམིགས་གྲྭ་ཚང་དུ་རྡོ་རྗེ་སློབ་དཔོན་བྲག་སྣ་ཆོས་རྗེས་བྱས་པའི་ཨར་གཏད་མཇུག་ཏུ་སྲེག་པ་ཧོམ་གྱི་ལས་ལ་སྦྱར། ཞེས་དོལ་ཆུ་མིག་དཀར་པོའི་རྒྱལ་པོ་ཞེས་པ་ནི་དོལ་རྒྱལ་ལ་བརྗོད་ཀྱི་ཡོད།

༧གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་ཀཱུ་ལའི་གོས་བཟང་ནང་དོལ་རྒྱལ་གྱི་སྐོར།
༧གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་ཀཱུ་ལའི་གོས་བཟང་ནང་དོལ་རྒྱལ་གྱི་སྐོར།

ཡང་དེ་ཉིད་ཀྱི་ཤོག་གྲངས་ ༢༣༩  མདུན་ཤོག་གྱི་ཕྲེང་དང་པོར།

༼ཤིང་ཡོས་ལོ། ༡༦༧༥༽ ལུས་མེད་ཀྱི་འཚུབ་སྟས་ཆེ་བར་རྡོ་རྗེ་སློབ་དཔོན་དགེ་སློང་བློ་གྲོས་རྒྱལ་བས་བྱས་ཏེ་གྲྭ་ཚང་གིས་རིག་འཛིན་རྡོ་རྗེ་དྲག་པོ་རྩལ་གྱི་སྒོ་ནས་འགོང་པོ་སྤྱི་དང། བྱེ་བྲག་ཆུ་མིག་་དཀར་མོའི་དམ་སྲི་ཨར་ལ་གཏད་པའི་དྲག་སྔགས་བྱེ་བའི་མཇུག་ཏུ་ཧོམ་གྱི་ལས་སྦྱོར་དང་བཅས་བོད་འབངས་ཀྱི་བདེ་ཐབས་བསྒྲུབས། ཞེས་དང།

༸གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ནང་དོལ་རྒྱལ་གྱི་སྐོར།
༸གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ནང་དོལ་རྒྱལ་གྱི་སྐོར།

ཡང་གཤམ་གྱི་ཤོག་གྲངས་ ༢༥༧ མདུན་ཤོག་ཡིག་ཕྲེང་དང་པོར།

༼ཤིང་ཡོས། ༡༦༧༥༽ དོལ་ཆུ་མིག་དཀར་མོར་སྨོན་ལམ་ལོག་པའི་དམ་སྲི་མཐུ་རྩལ་ཤིན་ཏུ་ཆེ་བ་ཞིག་གིས་བསྟན་འགྲོ་སྤྱི་བྱེ་བྲག་ལ་གནོད་པའི་གྲགས་པ་མེ་བྱ་ནས་ཇེ་ཆེར་སོང་བའི་དོན་ཐོག་ཏུའང་ཁེལ་བ་མང་རུང་ང་ལ་མ་རག་ལྟ་བུའི་བྱེད་མི་དཀོན་ཞིང་དོལ་ཆུ་མིག་དཀར་མོར་ས་བྱའི་མཇུག་ལ་ཁང་པ་གསར་བརྩིགས་དང་ཀ་ཅ་སོགས་སྤོས་པའི་རྒྱལ་པོ་ཆགས་རྟེན་ཡོང་ལ་རེ་བྱས་ནའང༌་གནོད་པ་ཇེ་ཆེར་འཕེལ་བྱུང་ཞིང། ཉེ་ཆར་སྐྱ་སེར་དུ་མར་ནད་ཡམས་དང། གྲྭ་པ་རེ་གཉིས་ཤི་ཆད་བྱུང་བས་རྐྱེན་བྱས་གྲྭ་ཚང་གི་གྲྭ་པ་རྣམས་མགྲིན་གཅིག་པ་ལྟ་བུའི་ལས་སྦྱོར་བྱེད་ཟེར་བར་བརྟེན། འདི་གར་རྡོ་རྗེ་གྲོ་ལོད་ཀྱི་སློབ་དཔོན་སྔགས་རམས་པ་དོན་འགྲུབ་རྒྱ་མཚོ་དང། ཡང་གསང་ཀརྨ་དྲག་པོའི་རྡོ་རྗེ་སློབ་དཔོན་གནས་ཆུང་སྔགས་འཆང་བློ་བཟང་མཁྱེན་བརྩེས་བྱས་པའི་གྲངས་བཅད་ཀྱི་སྒྲུབ་ཁང་གཉིས། རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུ་མཆོག   ཆོས་རྒྱལ་གཏེར་བདག་གླིང་པ། འུག་བྱ་ལུང་པ། འབྲི་གུང་སྤྲུལ་སྐུ་རིན་པོ་ཆེ། ཀ་ཚལ་ཟུར་པ་མངའ་རིས་དཀོན་མཆོག་་ལྷུན་གྲུབ། དཔལ་རི་སྤྲུལ་སྐུ་རྣམས་ཀྱིས་བླ་མ་དྲག་པོ། གཤིན་རྗེ། ཕུར་པ།་ལོག་ཏྲི་སོགས་ཀྱི་སྒོ་ནས་སྒྲུབ་ཞག་བདུན་སྔོན་དུ་འགྲོ་བའི་སྲེག་པ་མེའི་ལས་སྦྱོར་གྱིས་དམ་སྲི་འབྱུང་པོ་འཁོར་བཅས་བསྲེགས་པ་རྟགས་མཚན་གྱི་རིགས་ངོ་མཚར་བ་ཤིན་ཏུ་མང་ཞིང༌། རོ་བསྲེགས་པའི་དྲི་མ་ལྟ་བུ་ཀུན་གྱིས་ཚོར་བའི་ཡིད་ཆེས་ཀྱི་གནས་སུ་གྱུར་པ་དངོས་སུ་འགྲོ་བ་མང་པོར་མི་འཇིགས་པ་སྲོག་གི་སྦྱིན་པ་དང་རྒྱུད་ནས་འབྱུང་པོ་དེ་དག་ལས་ངན་ཇེ་རྒྱས་སུ་སོང་སྟེ་གནས་ངན་ལེན་གྱི་དུཿཁ་མི་བཟད་པ་མྱོང་བ་ལས་ཐར་པའི་བདེ་བ་ལ་བཀོད། འདི་སྐབས་འབྱུང་པོ་དེ་དག་མགོན་སྐྱབས་དང་བྲལ་བའི་གཟུང་དཔང་བྲིས་ཤིང༌། གྲྭ་ཚང་རྡོ་རྗེ་བྲག་དར་སྡིངས་པ་རྣམས་ཀྱིས་སྔགས་བསྡེབས་ཀྱང་མཛད། རྒྱབ་ཆོས་ལ་སེར་འབྲས་གཉིས་སུ་ཇ་ཚུལ་བཅུ་གཅིག་རེའི་ཐོག་གདུགས་་དཀར་བཞི་ཁྲི་བཞི་སྟོང། ཤེར་སྙིང་ཆིག་འབུམ་ཆིག་ཁྲི་བརྒྱད་སྟོང་སོང་བའི་ཡོན་གྲྭ་པ་རེ་རེར་འབྲུ་ཁལ་གཉིས་རེ། ཉེ་སྐོར་དགོན་གྲྭ་གཙང་བ་རེ་འདུན་ལ་མང་ཇ་སྦྱོར་སྦྲེལ་བསྔོ་རྟེན་གྲྭ་པ་རེ་ལ་འབྲུ་ཁལ་རེ་འབབ་རྩིས་ཀྱི་གསེར་བཏང་བའི་གདུགས་དཀར་འགྲོ་གང་ཆེ། ཡེར་པར་རྒྱུད་སྟོད་པས་ཞག་གསུམ་གྱི་བར་མགོན་ཆོས་ཀྱི་བསྐང་བ་དྲུག་བརྒྱ་གོ་གསུམ། ཤ་ས་ན་ས་ཡ་གཅིག་ཆིག་འབུམ་ཉི་ཁྲི་ཆིག་སྟོང་བརྒྱད་བརྒྱ། དྲུག་ཅུ་མའི་གཏོར་བཟློག། ཆོས་འཁོར་རྒྱལ་དུ་དམག་ཟོར་མ། གུར་ཞལ། བེག་ཙེ། དགའ་འཚལ་དུ་ཆོས་སྐྱོང་སྤྱིའི་བསྐང་བ་རྣམས་ཁྲི། ཕྱག་དྲུག་པ། ལས་གཤིན། རྣམ་སྲས་གསུམ་ལ་སྟོང། རྫོང་མགོ་བཅུ་གཅིག་ཏུ་དགྲ་ལྷ་དཔངས་བསྟོད། ཡུལ་ལྷ་གཞི་བདག་ལ་གསོལ་མཆོད་རྣམས་བསྒྲུབས།

༸གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ནང་དོལ་རྒྱལ་གྱི་སྐོར།
༸གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ནང་དོལ་རྒྱལ་གྱི་སྐོར།
༸གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ནང་དོལ་རྒྱལ་གྱི་སྐོར།
༸གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ནང་དོལ་རྒྱལ་གྱི་སྐོར།

ཅེས་པ་ལྟར་ྋརྒྱལ་བ་ལྔ་པའི་རྣམ་ཐར་ནང་གྲགས་པ་རྒྱལ་མཚན་སྨོན་ལམ་ལོག་ནས་དམ་སྲིར་སྐྱེས་པ་དེ་ཐོག་མར་ཞི་འཇམ་དུ་གནས་ཐབས་གནས་ཁང་བརྩིགས་པ་སོགས་ཀྱི་སྒོ་ནས་མཛད་ཀྱང་མ་ཕན་པས་ན། མངོན་སྤྱོད་སྦྱིན་བསྲེག་མཛད་པ་གསུངས་པ་ལྟར་རོ།

འདི་སྐབས་འབྱུང་པོ་དེ་དག་མགོན་སྐྱབས་དང་བྲལ་བའི་གཟུང་དཔང་བྲིས་ཤིང༌། གྲྭ་ཚང་རྡོ་རྗེ་བྲག་དར་སྡིངས་པ་རྣམས་ཀྱིས་སྔགས་བསྡེབས་ཀྱང་མཛད། ཅེས་སྐབས་དེར་གཟུ་དཔང་བྲིས་པ་ཡིན་ཞེས་གསུངས་པའི་གཟུ་དཔང་དེ་ནི། ྋརྒྱལ་བ་ལྔ་པའི་གསུང་ཕྱི་མ་པོད་ད་པ་སྟེ། ཐོགས་མེད་དྲག་རྩལ་ནུས་སྟོབས་ལྡན་པའི་དམ་ཅན་ཆོས་སྲུང་རྒྱ་མཚོའི་མངོན་རྟོགས་མཆོད་འབུལ་བསྐང་བཤགས་བསྟོད་ཚོགས་སོགས་འཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཅེས་བྱ་བའི་ཤོག་གྲངས་ ༡༤༨ མདུན་ཤོག་ཡིག་ཕྲེང་དྲུག་པར།

གད་ཁ་སའི་ལགས་ཨ་རྒྱལ་གྱི་འཕྲུལ་ལ་བརྟེན་ནས། ༼ཞེས་པའི་གད་ཁ་ས་ནི་སྟོད་ལུང་གད་ཁ་ས་ཞེས་གྲགས་པ་རྒྱལ་མཚན་འཁྲུངས་ས་དེ་ཡིན་པ་དང༌།ལགས་ཨ་རྒྱལ་ཞེས་པ་ནི་གྲགས་པ་རྒྱལ་མཚན་གྱི་ཨ་མ་ལགས་ཡིན་ཅིང༌།ཨ་མ་དེ་འཇོན་པོ་དང་ཐབས་ཤེས་ཟབ་པོ་ཡོད་སྟབས། པཎ་ཆེན་བློ་བཟང་ཆོས་རྒྱན་ལ་ཞུ་སྦྱོར་བྱས་པ་སོགས་ཀྱི་འཕྲུལ་ལ་བརྟེན་ནས།༽ སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ ༼ཞེས་པ་ནི་གཟིམ་ཁང་གོང་དུ་བཞུགས་པའི་པཎ་ཆེན་བསོད་ནམས་གྲགས་པའི་ཡང་སྲིད་ཀྱི་ཡང་སྲིད་ལ་ཟེར།༽ སྐུ་སྐྱེ་བརྫུས་མ་ལམ་དུ་སོང་བ་༼ཞེས་པ་ནི་གྲགས་པ་རྒྱལ་མཚན་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་དམ་སྐུ་སྐྱེ་བརྫུས་མ་ཞིག་ཡིན་ནའང༌། ལགས་ཨ་རྒྱལ་གྱི་འཕྲུལ་ལ་བརྟེན་ནས་སྐུ་སྐྱེ་བརྫུས་མ་དེ་སྐུ་སྐྱེ་ངོ་མའི་གོ་སར་སླེབས་ཐུབ་པ་བྱུང་སྟབས། སྐུ་སྐྱེ་བརྫུས་མ་ལམ་དུ་སོང་བ་ཞེས་གསུངས། མཐར་༽ སྨོན་ལམ་ལོག་པའི་དམ་སྲིར་གྱུར་ཏེ། འགྲོ་བ་མང་པོར་གནོད་ཚབས་ཆེས་པར་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། ཆོས་རྒྱལ་གཏེར་བདག་གླིང་པ། ཆོས་རྗེ་འུག་བྱ་ལུང་པ། མངའ་རི་སྔགས་འཆང་དཀོན་མཆོག་ལྷུན་གྲུབ། དཔལ་རི་སྤྲུལ་སྐུ། ཕན་བདེ་ལེགས་བཤད་གླིང་པའི་མཚམས་ཁག་གཉིས་དང་བཅས་སྒྲུབ་གྲྭ་ཁག་བདུན་གྱིས་བསྲེག་པ་མེའི་ལས་སྦྱོར་གྱིས་གཏན་མེད་དུ་བཏང་སྐབས་གཟུར་དཔང་བཀོད་པ། ཞེས་དང༌། གཟུ་དཔང་གི་ཚིགས་བཅད་ལ།

ལེགས་ལྡན་ཕྱག་དྲུག་ལས་གཤིན་དམར་གཟོར་ལྷ། །གདོང་བཞི་མགོན་པོ་ལྕམ་དྲལ་བེག་ཙེ་སོགས། །
བསྟེན་མཆོད་བསྒྲུབ་པའི་སྲུང་མ་དམ་ཅན་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། །
དམ་མིན་དམ་བརྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །
བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །

     གནོད་སྦྱིན་ཡང་གྷ་བཟང་སོགས་བསྟན་མ་དང། །རྒྱལ་པོ་སྐུ་ལྔ་ཁྱབ་འཇུག་རྡོ་རྗེ་ལེགས། །
ཁྱད་པར་གནས་ཆུང་ཆོས་རྒྱལ་འཁོར་བཅས་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། །
དམ་མིན་དམ་བརྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །
བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །

ཙིའུ་དམར་ལ་སོགས་འབར་བ་སྤུན་བདུན་དང། །གསང་ཕུ་བསེ་ཡི་ཁྲབ་ཅན་གྱིས་མཚོན་པ། །
འདྲེ་འདིའི་སྐྱབས་གསོལ་ལྷ་འདྲེ་དྲག་པོ་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། །
དམ་མིན་དམ་བརྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །
བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །

     རྡོ་རྗེ་འཆང་དབང་རྩ་བརྒྱུད་བླ་མ་ཡི། །སྤྱན་སྔར་བསྟན་འགྲོའི་ཕན་བདེ་སྤེལ་བ་རུ། །
ཞལ་གྱིས་བཞེས་ནས་དམ་སྲི་འདི་སྐྱབས་ཚེ། །སྔོན་གྱི་དམ་ཚིག་ཉམས་པར་མི་འགྱུར་རམ།།
མི་ནད་ཕྱུགས་ནད་སད་སེར་མུ་གེ་ཐན། །མི་རུང་ཆོས་འཕྲུལ་སྣ་ཚོགས་སྟོན་བྱེད་པ། །
འབྱུང་པོའི་སྡེར་བཅས་མཐུ་སྟོབས་ནུས་པ་དང། །ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་རློག །

ཅེས་གསུངས་ཤིང༌། དམ་མིན་དམ་བརྫུ་གྲགས་པ་རྒྱལ་མཚན་ཞེས་པའི་སྐབས་ཀྱི་དམ་པ་ནི་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་སྟེ་སྐྱེས་བུ་དམ་པ་དེའི་ཡང་སྲིད་མིན་བཞིན་དུ་དེའི་ཡང་སྲིད་དུ་བརྫུས་ནས་སླེབས་པ་ལ་དམ་བརྫུ་ཟེར། དེ་ལྟར་དམ་པར་བརྫུས་ཏེ་ལམ་དུ་སོང་བའི་ཡང་སྲིད་དེའི་མིང་ལ་གྲགས་པ་རྒྱལ་མཚན་ཞེས་ཐོབ་པ་དེ་རྒྱུ་སྨོན་ལམ་ལོག་པའི་དབང་གིས་དང༌། ངོ་བོ་དམ་སྲི་འབྱུང་པོར་སྐྱེས་པ། བྱེད་ལས་བསྟན་པ་དང་འགྲོ་བ་ཀུན་ལ་འཚེ་བ་བྱེད་པ་བཅས་གཟུར་དཔང་འདིར་ཤིན་ཏུ་ཁ་གསལ་བར་འཁོད་ཡོད།

༸གོང་ས་ལྔ་པ་ཆེན་པོའི་གསུང་འབུམ་པོད་ད་པའི་ནང་གི་གཟུ་དཔང་།
༸གོང་ས་ལྔ་པ་ཆེན་པོའི་གསུང་འབུམ་པོད་ད་པའི་ནང་གི་གཟུ་དཔང་།
༸གོང་ས་ལྔ་པ་ཆེན་པོའི་གསུང་འབུམ་པོད་ད་པའི་ནང་གི་གཟུ་དཔང་།
༸གོང་ས་ལྔ་པ་ཆེན་པོའི་གསུང་འབུམ་པོད་ད་པའི་ནང་གི་གཟུ་དཔང་།

  དོལ་རྒྱལ་ལ་ལས་སྦྱོར་དེ་ལྟར་མཛད་པ་ནི་སྐབས་དེའི་ལས་སྦྱོར་མཛད་མཁན་གྱི་བླ་ཆེན་ཁོངས་གྲུབ་ཆེན་གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེའི་རྣམ་ཐར་སྨིན་གླིང་ལོ་ཆེན་དྷརྨ་ཤྲིས་མཛད་པའི་ནང་ཤོག་གྲངས་ ༧༧ ནང་འདི་ལྟར་གསལ་ཏེ།

   ཟླ་བ་དྲུག་པའི་ཚེས་བཅུ་ནས་བཟུང་ཕུར་པའི་ལྗགས་བསྙེན་ཁ་གསོ་མཛད་དེ། དོལ་རྒྱལ་དུ་གྲགས་པའི་དམ་སྲི་གདུག་པ་ཅན་དེ་སྲེག་པའི་ལས་སྦྱོར་གྱི་སྒོ་ནས་མིང་གྱི་ལྷག་མ་ཙམ་དུ་མཛད། དེ་དུས་དགུག་གཞུག་གི་ཚེ་ལྔ་པོའི་ཁུ་སྒྲ་དང། ཧོ་མཆོད་ཀྱི་རོ་སྲེག་པ་ལྟ་བུའི་དྲི་ངན་ཀུན་གྱིས་ཚོར་བྱུང་བ་སོགས་ཀྱི་ལྟས་མངོན་དུ་གྱུར།

ཞེས་པ་ལྟར་དང། དེ་ལྟར་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་འདྲེར་སྐྱེ་བའི་ཚུལ་དེ་༸གོང་ས་ལྔ་པ་ཆེན་པོའི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་དགའ་ལྡན་ཆོས་འབྱུང་བེེེཌཱུརྱ་སེར་པོ་ལས་ཀྱང་འདི་ལྟར་གསུངས་ཏེ།

   དེ་ཡི་སྤྲུལ་སྐུ་ངག་དབང་བསོད་ནམས་དགེ་ལེགས། དེའི་རྗེས་སུ་གད་ཁ་སའི་ནང་སོ་གྲོད་ལྷུག་ཐོག་མར་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་སྤྲུལ་སྐུ་ཡོང་དུ་རེ་ཡང་རྗེས་སུ་ངག་དབང་དགེ་ལེགས་ཀྱི་སྤྲུལ་སྐུ་བྱས་པས་མཐར་སྐྱེ་གནས་ཀྱང་མི་བཟང་བར་འགྱུར་རོ།

   ཞེས་པ་ལྟར་ལོ་རྒྱུས་ཀྱི་གོ་རིམ་དང་མཐུན་པར་དཔྱད་ན་གྲྭ་སྒོམ་བླ་མ་སོགས་ཀྱིས་༸གོང་ས་ལྔ་པ་ཆེན་པོའི་གསུང་ལས་ཐོན་པ་རྣམས་དྲང་དོན་དགོངས་པ་ཅན་དུ་རྟོག་བཟོ་འབའ་ཞིག་བྱས་པ་རྣམས་ལ་ཡིད་བརྟན་མེད་པ་ཡང་ཤེས་པར་འགྱུར་རོ། །

   ཡང་ཁ་ཤས་ནས་ྋརྒྱལ་བ་ལྔ་པ་ཆེན་པོའི་གསུང་ཕྱི་མ་སོགས་འགའ་ཞིག་དགོས་པའི་དབང་གིས་གསུངས་པ་ཡོང་སྲིད། ྋརྒྱལ་བ་ལྔ་པའི་གསུང་གི་ནང་དོན་ངོ་མ་འདི་འདྲ་ཨེ་ཡིན་ཞེས་བརྗོད་པའང་ཡོང་སྲིད་པ་ཡིན།

 དེ་ཡང་ྋརྒྱལ་བ་ལྔ་པའི་གསུང་བཀའ་རྒྱ་མ་དེ་སྔ་བོད་དུ་བྲིས་མ་མ་གཏོགས་མེད་པ་གསང་བ་རྒྱ་ཅན་ཞེས་ཆོས་ཚན་ཉི་ཤུ་རྩ་ལྔ་ཡོད་པའི་ནང་གི་ཆོས་ཚན་པདྨས་མཚན་པའི་བུམ་པའི་རྒྱ་ཅན་གྱི་ཤོག་གྲངས་ ༨ པའི་རྒྱབ་ཕྲེང་གཉིས་པར། འབྲས་སྤུངས་ཀྱི་ཁའིསར་གཀ་ཁོཀ་གི་ཞེས་དཀྱུས་ཀྱི་ཡི་གེ་དེ་ནི་གསང་བ་བྱས་ནས་བཀོད་པའི་དཀྲུག་ཡིག་ཡིན་ཞིང༌། དཀྲུག་ཡིག་ལ་གཅིག་དཀྲུག་དང༌། གཉིས་དཀྲུག གསུམ་དཀྲུག བཞི་དཀྲུག་ལྟ་བུ་དཀྲུག་རྒྱུ་ཡོད་པ་ཡིན། དཀྲུག་ཡིག་ཚུར་ཕབ་པའི་སྐབས་འབྲས་སྤུངས་ཀྱི་གཟིམ་ཁང་གོང་ཞེས་གྲགས་པ་རྒྱལ་མཚན་གང་དུ་བཞུགས་སའི་བླ་བྲང་ལ་གོ་བ་ཡིན། སློབ་དཔོན་གཙོ་འཁོར་གསུམ་གྱིས་འབྲས་སྤུངས་ཀྱི་གཟིམ་ཁང་གོང་གི་ཤུལ་དུ་སྦྱིན་བསྲེག་ལྡུགས། བོད་བདེ་ཐབས་སུ་ཀླུ་རྟ་སྡོམ། ཀླུ་རྟེན་འཛུགས། ཞེས་འབྲས་སྤུངས་གཟིམ་ཁང་གོང་གི་ཤུལ་ཞེས་བརྗོད་པ་ནི་གཟིམ་ཁང་གོང་མེད་པ་བཟོས་ཟིན་པ་དེའི་ཤུལ་དུ་སྦྱིན་བསྲེག་བྱེད་ཅེས་པའི་ལུང་བསྟན་གཅིག་འདུག་ཅིང༌། དེ་ནི་གསང་བ་རྒྱ་ཅན་ནང་གི་ཚིག་ཡིན།

༸གོང་ས་ལྔ་པ་ཆེན་པོའི་གསང་བའི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར།
༸གོང་ས་ལྔ་པ་ཆེན་པོའི་གསང་བའི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར།
༸གོང་ས་ལྔ་པ་ཆེན་པོའི་གསང་བའི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར།
༸གོང་ས་ལྔ་པ་ཆེན་པོའི་གསང་བའི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར།

    ཡང༌། གསང་བ་རྒྱ་ཅན། གྲི་ཐོད་རྒྱ་ཅན་ཤོག་གྲངས་ ༡ པོའི་ཡིག་ཕྲེང་གཉིས་པར། ས་མོ་བྱ་ལོའི་གནམ་ལོ་གསར་ཚེས་ལ་འབྲས་སྤུངས་སུ་བུད་མེད་ནག་མོ་རི་བོ་ཙམ་པ་ཞིག་གིས་ཞབས་གཡས་ཁའིས་གཀ་ཁོཀ་གི་སྟེང་དང༌། གཡོན་ཇོར་ཟགབོ་ཁྱིཀ་གི་སྟེང་དུ་བཞག་ནས་ནན་བྱས་པས་ཐལ་བ་བུན་བུན་སོང་བ་ཞིག་བྱུང༌། ཞེས་པ་འདིས་གཟིམ་ཁང་གོང་ལ་དཔལ་ལྡན་ལྷ་མོས་ཟིལ་གྱིས་གནོན་པར་མཛད་ཀྱི་ཡོད་པ་གསུངས་ཡོད། དེ་ཡང་དཀྲུག་ཡིག་ཏུ་བཀོད་པའི་ནང་དོན་བཀྲལ་ན་འདི་ལྟར་ཏེ། དེ་ཡང་ྋགོང་ས་ལྔ་པ་ཆེན་པོའི་གཟིགས་སྣང་ལ། ས་མོ་བྱ་ལོའི་གནམ་ལོ་གསར་ཚེས་ལ་འབྲས་སྤུངས་སུ་བུད་མེད་ནག་མོ་རི་བོ་ཙམ་པ་ཞིག་གིས་ཞབས་གཡས་གཟིམ་ཁང་གོང་གི་སྟེང་དང༌། གཡོན་ཆོས་འཁོར་གླིང་གི་སྟེང་དུ་བཞག་ནས་ནན་བྱས་པས་ཐལ་བ་བུན་བུན་སོང་བ་ཞིག་བྱུང་ཞེས་པའི་དོན་ཡིན། སྐབས་དེར་ཆོས་འཁོར་གླིང་ཞེས་འབྲས་སྤུངས་གྲྭ་ཚང་བདུན་ཙམ་ཡོད་པའི་ནང་གི་གཅིག་ཡིན།

༸གོང་ས་ལྔ་པ་ཆེན་པོའི་གསང་བའི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར།
༸གོང་ས་ལྔ་པ་ཆེན་པོའི་གསང་བའི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར།

 ྋགོང་ས་ལྔ་པ་ཆེན་པོའི་གསུང་ཕྱི་མ་དང༌། གསང་བ་རྒྱ་ཅན་གཉིས་ཀའི་ནང་ནས་གཅིག་མིན་གཉིས་མིན་ནན་པོ་བྱས་ཏེ་ཐོན་ཡོད་དུས། དེང་སྐབས་རིགས་གཅིག་གིསྋགོང་ས་ལྔ་པས་འཕྲིན་བཅོལ་ཡང་མཛད་ཡོད་པས་དྲང་དོན་ལས་ངེས་དོན་མ་རེད་ཅེས་བརྗོད་ཀྱི་ཡོད་ཀྱང༌། དེ་དག་བདེན་པ་མིན་པ་ནི་ཞིབ་ཚགས་པོའི་ཐོག་ནས་ཞིག་འཇུག་བྱས་ན་ཤེས་སླའོ། །

   དེ་དག་གིས་ྋགོང་ས་ལྔ་པ་ཆེན་པོའི་གསུང་ཡོངས་གྲགས་ཕྱི་མ་དང༌། གསུང་ནང་མ་གསང་བ་རྒྱ་ཅན་བཅས་རྩེ་མཐུན་དུ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དེ་མ་འགྲིགས་པ་ཞིག་ཡིན་པ་དང༌། དཔལ་ལྡན་ལྷ་མོ་འཁོན་གྱི་ཡོད་པ་བཅས་འདིར་གསལ་པོ་ཞིག་ཐོན་པ་ཡིན།

Related Articles

ལམ་སྟོན།