༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར་གང་ཐོན་པ་དེར་དཔྱད་པ།

ཕྱི་ལོ་༢༠༡༣ཕྱི་ཟླ་༣ཚེས་༢༡ཉིན་བཏོན་པའི་དོལ་རྒྱལ་ཚོགས་པའི་དྲ་རྒྱར་༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར་ནང་དོལ་རྒྱལ་གྱིས་ཕུལ་བའི་ལུང་གཞིར་བཟུང་༸རྒྱལ་དབང་བཅུ་གསུམ་པས་རྩེ་ཕོ་བྲང་སོགས་ཀྱི་ཞིག་གསོ་མཛད་ཅེས་པའི་ཚིག་འགའ་ཐོན་པ་ལ། དེར་བསྙད་དེ་དེས་བོད་ལ་རྒྱ་དམར་གྱི་དམག་འབྱུང་འགྱུར་གང་ཡིན་དེ་བཟློག་ཐབས་མཛད་ཚུལ་འགྲེལ་བརྗོད་བྱས་འདུག་ཅིང་། ཞར་ལ་རང་རེའི་བོད་མིའི་སྒྲིག་འཛུགས་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་ཡང་སྐུར་བ་བཏབ་འདུག་པས། ཞིབ་པར་ཇི་ལྟར་ཡིན་མིན་རྣམ་ཐར་དེ་ཉིད་དང་ཁུངས་གཞན་ལས་དྲངས་ཏེ་གསལ་བཤད་དགོས་ངེས་མཐོང་སྟེ་ལན་ལྡོན་པར་བྱ་བ་ལ།

དེ་ཡང་དེ་དག་གིས་༸རྒྱལ་བའི་རྣམ་ཐར་གྱི་ལུང་དྲངས་ཏེ་དེ་དབྱིན་སྐད་ཐོག་བསྒྱུར་ཅིང་དེའི་ལྷན་ཐབས་སུ་ཝ་ར་ན་སིའི་པར་མ་ཡིན་པའི་དེབ་གཟུགས་ཀྱི་ཤོག་གྲངས་ ༦༢༠ བྱས་པ་ལ་པར་བརྒྱབ་ཏེ་དཔང་རྟགས་ཁུངས་བསྟན་བྱས་འདུག་ན། ངེས་པ་དོན་ལ་ཇི་ལྟར་ཡིན་མིན་གསལ་བཤད་མ་བྱས་གོང་རྣམ་ཐར་གྱི་ཚིག་དངོས་སུ་ཇི་ལྟར་ཡོད་པ་ལྟར་འགོད་ན་ལེགས་ཆར་སྣང་བས། དེས་ན་དེར་ཇི་ལྟར་ཡོད་ཅེས་ན།

དེ་ཡང་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་རྣམ་སྤྲུལ་རིམ་བྱོན་གྱི་འཁྲུངས་རབས་དེབ་ཐེར་ནོར་བའི་ཕྲེང་བ་ལས། པོད་ལྔ་པ་ཞེས་པར་འདི་ལྟར་གསལ་ཏེ།

ཆུ་ཁྱི་ལོ་གྲོ་སྟོད་དུང་དཀར་དགོན་གྱི་འཚོ་འཛིན་དགེ་བའི་བཤེས་གཉེན་ངག་དབང་སྐལ་བཟང་ཞེས་རང་བྱུང་གྲུབ་པའི་བརྟུལ་ཞུགས་ལ་གནས་ཤིང་། བོད་ཕྱིའི་སྐྱེ་བོ་ཀུན་གྱིས་བླ་མར་བཀུར་བ། ཕྱོགས་ནས་ཕྱོགས་སུ་གྲགས་པའི་དྲིལ་ཆེན་སྙན་པར་འཁྲོལ་བ་དེ་ཉིད་ཀྱི་གམ་དུ་འཇམ་མགོན་བསྟན་པ་སྲུང་བ་ལ་གཡར་དམ་ཤིན་ཏུ་བཙན་པ་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་གཟུགས་ཅན་མིའི་ཁོག་ཏུ་བརླམས་ནས། དེང་སྐབས་སྨད་ཧོར་ལྡང་བའི་དུས་ཡིན་པས་བཟློག་ཐབས་སུ་དབུས་ལྟེ་བའི་ཤར་དང་ནུབ་ཀྱི་མཆོད་རྟེན་ལ་ཉམས་གསོ་འཕྲལ་དུ་བྱེད་པ་གལ་ཆེ་ཞེས་རྡོ་རྗེའི་ལུང་གསལ་བར་བསྟན་པའི་ཚུལ་དེ་དགེ་བཤེས་ནས་གྲོ་མོ་སྤྱི་ཁྱབ་བརྒྱུད་༸གོང་ས་ཆེན་པོར་སྙན་སྒྲོན་ཞུས་པ་དང་། དེའི་ཚེ་རི་ཕིན་ནས་ཕྱི་རོལ་རྒྱལ་ཁག་གཞན་ལ་གཡུལ་གཤོམས་པའི་གཏམ་ཡང་ཡོད་པར་བརྟེན། འཕྲལ་དང་ཕུགས་ཀྱི་བདེ་དྭོག་ལ་དགོངས་བཞེད་རྒྱ་ཆེ་ཉེ་བར་འཁྲུངས་ཏེ་གངས་ལྗོངས་ཆབ་འབངས་སུ་གཏོགས་པའི་མི་ཕྱུགས་རེ་རེའི་ས་ནས་འབྲེལ་མཚོན་གྱི་ཁྲལ་དངུལ་སྣེ་སེལ་རེ་བསྡུ་བཞེས་བསྐྱངས་པའི་དངུལ་ཕུད་ལ་ཆ་རྐྱེན་མཛད་ནས།

ཞེས་དང་། ཡང་ཤོག་གྲངས་༦༤༨ལ་ལྷག་པར་གྲོ་མོ་དགེ་བཤེས་ལ་རྒྱལ་ཆེན་ཤུགས་ལྡན་གྱིས་ལུང་བསྟན་པའི་ཚུལ་གོང་དུ་སྨོས་པ་ལྟར་ཤར་གྱི་མཆོད་རྟེན་ཞེས་པ་ནི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་རྟེན་གཙོ་གསེར་སྡོང་རིན་པོ་ཆེ་ཡིན་པར་ཐུགས་ངེས་འདྲོངས་ནས་འབྲོག་རི་བོ་ཆེར་ཆིབས་བསྒྱུར་ཐོག །རྗེ་རིན་པོ་ཆེའི་སྐུ་གདུང་རིན་པོ་ཆེ་ལ་དངོས་སུ་ཐོ་རེག་སྐྱོན་ཆགས་ཕྲ་མོ་ཙམ་ཡང་མ་ཤོར་བའི་ངོས་ནས།

ཞེས་སོགས་གསུངས་པ་འདི་ཁུངས་སུ་བྱས་ནས་དེ་དོལ་རྒྱལ་གྱིས་བོད་བསྟན་སྲིད་ལ་ཕན་པའི་སྒྲུབ་བྱེད་དུ་སྦྱར་འདུག་ཀྱང་། སྤྱིར་ན་དེ་ཙམ་ཞིག་བདེན་པ་ཡིན་དུ་ཆུག་ཀྱང་ཕན་པ་ལན་གཅིག་གིས་དོལ་རྒྱལ་ཆོས་སྲུང་ཚད་ལྡན་དང་། བོད་བསྟན་སྲིད་ལ་སྙིང་ནས་བརྩེ་བ་ཡིན་པ་སྒྲུབ་ག་ལ་ནུས་ཏེ། དགེ་བའི་བློ་རྣལ་མ་གཅིག་གཉིས་ཙམ་བདུད་ཀྱི་རྗེ་བོ་རྣམས་ལའང་ཡོད་པའི་ཕྱིེར་ཏེ། སངས་རྒྱས་ཀྱིས་འཕྲིན་ལས་མི་འཇུག་པའི་སེམས་ཅན་གཅིག་ཀྱང་མེད་པས། སེམས་ཅན་ཀུན་ལ་གཞན་ཕན་གྱི་བློ་སྣ་རེ་ཡོད་པས་དེས་དེ་དག་ཀུན་བྱང་ཆུབ་སེམས་དཔར་སྒྲུབ་མི་ནུས་པ་བཞིན་ནོ། །དོལ་རྒྱལ་གྱི་ཕན་གནོད་གཉི་ག་ཁོ་སྟེན་པ་པོ་ལ་འབྱུང་ཡང་། ཕུགས་སུ་གནོད་པ་མང་བས་དགག་བྱར་སྣང་ནས་དེ་བསྟེན་ན་མི་ལེགས་པའི་བླང་དོར་བཀའ་སློབ་ཀྱི་དགོངས་པ་ལེན་སྟངས་མ་ནོར་བ་དགོས་ཞེས་སྔོན་དུ་རང་ལུགས་ངོ་སྤྲོད་ཀྱི་ཚུལ་དུ་གཏན་ལ་ཕབ་སྟེ། ད་ནི་དེ་དག་གིས་ཇི་ལྟར་ཡི་དྭགས་བཀྲེས་སྐོམ་གྱིས་གདུང་བས་ཆུ་མཐོང་ན་དགའ་བ་ཆེན་པོ་སྐྱེ་བ་ལྟར་རྣམ་ཐར་གྱི་ཚིག་འགའ་འཐད་ཕྱོགས་སུ་སྣང་བ་ན་དགའ་བར་བྱས་ཏེ། རང་རེའི་༸རྒྱལ་དབང་ཐམས་ཅད་མཁྱེན་པ་དང་། བོད་མི་སྒྲིག་འཛུགས་གཉི་གར་སྐུར་བ་བཏབ་པ་ཡང་། ལོ་རྒྱུས་སོགས་ཀྱི་ཁུངས་མ་མཐོང་བ་དང་། མཐོང་རྒྱ་ཆུང་བ། ཁྱད་པར་རྣམ་ཐར་གྱི་ལོ་རྒྱུས་རྣམས་གོང་འོག་བསྒྲིགས་ནས་གོ་བ་མ་ལོངས་པའི་རྟགས་སུ་གསལ་བར་སྣང་བས། དེ་ལྟར་མིན་པ་ལེགས་པར་ཁུངས་དང་བཅས་ཏེ་མ་བཤད་ན་ཇི་ལྟར་བོད་ཀྱི་གཏམ་དཔེར། ལུག་གི་རིལ་མ་ལ་གཡག་གི་ངོ་སོ། ཞེས་པ་དང་མཚུངས་པར་འགྱུར་བས་ཁོ་བོས་ལེགས་པར་བཤད་ཀྱི་ཉོན་ཅིག

དེ་ཡང་སྤྱི་ནོར་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ནི་འཕགས་མཆོད་འཇིག་རྟེན་དབང་ཕྱུག་བོད་སྐྱེ་འགྲོ་སྤྱིའི་བསོད་ནམས་གྱི་དཔལ་དང་ཞིང་མཆོག་དམ་པར་ཤར་བ། དེ་ཡང་བསམ་བཞིན་སེམས་ཅན་གྱི་དོན་ཐབས་མཁས་ཀྱི་སྒོ་ནས་མཛད་ཕྱིར་སྲིད་པ་བཟུང་ནས་དགེ་སློང་ངུར་སྨྲིག་གར་གྱི་རྣམ་པར་རོལ་ཞིང་། འཕགས་མཆོག་སྤྱན་རས་གཟིགས་ནི་མདོ་སྡེ་པདྨ་དཀར་པོ་སོགས་ལས་བོད་ཀྱི་ལྷ་སྐལ་དུ་ལུང་གི་ཟིན་པ། འཕགས་ཡུལ་གྱི་པཎྜིཏའི་རིགས་ཀྱི་བསྟན་བཅོས་རྣམས་སུ་ཡང་བོད་སྤྱན་རས་གཟིགས། རྒྱ་ནག་འཇམ་དཔལ་དབྱངས། རྒྱ་གར་སྒྲོལ་མའི་འདུལ་ཞིང་སོགས་སུ་བཞེད་པ་ལྟར་དོན་ལ་གནས་པས། བོད་སྲིད་པ་འཆགས་པ་ནས་བཟུང་ཆོས་རྒྱལ་ལོ་པཎ་རིམ་བྱོན་སོགས་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་རོལ་གར་མཐའ་ཡས་ཀྱང་། ཡོངས་སུ་གྲགས་པ་ཆོས་རྒྱལ་མེ་དབོན་རྣམ་གསུམ་དང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམས་ཡིན་པ་ནི་བོད་གངས་ཅན་གྱི་ལྗོངས་ཀྱི་མཁས་གྲུབ་ཀུན་གྱིས་མགྲིན་གཅིག་ཏུ་སྒྲོག་པས་ཡིད་ཆེས་པའི་གནས་ཁོ་ན་ཡིན་ལ། དེས་ན་འཇུག་པ་ལས།

སླར་ཡང་མི་གཡོའི་སྐུ་མངའ་ཁྱོད་ཀྱིས་སྲིད་གསུམ་བྱོན་ནས་སྤྲུལ་རྣམས་ཀྱིས། །
གཤེགས་པ་དང་ནི་བལྟམས་དང་བྱང་ཆུབ་ཞི་བའི་འཁོར་ལོའང་སྟོན་པར་མཛད། །
དེ་ལྟར་ཁྱོད་ཀྱིས་འཇིག་རྟེན་གཡོ་བག་སྤྱོད་ཅན་རེ་བའི་ཞགས་པ་ནི། །
མང་པོས་བཅིངས་པ་མ་ལུས་ཐུགས་རྗེས་མྱ་ངན་འདས་པར་བཀྲི་བ་མཛད། །

ཅེས་ཆོས་སྐུ་བརྙེས་ཟིན་ཀྱང་སླར་ཡང་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པ་ལས་མི་གཡོ་བའི་སྐུ་མངའ་བས་ས་འོག་ས་སྟེང་ས་བླའི་སྲིད་པ་གསུམ་དུ་བྱོན་ནས། སྤྲུལ་པའི་རོལ་གར་མཐའ་ཡས་པས་གདུལ་བྱ་རྣམས་བྱང་ཆུབ་ཞི་བ་མྱང་འདས་ཀྱི་གྲོང་ཁྱེར་དུ་འཇུག་པའི་ཆོས་ཀྱི་འཁོར་ལོ་སྐོར་བ་སོགས་ཀྱི་སྒོ་ནས་མཛད་པ་མཛད་པ་ལས། རང་ཅག་ཐ་མལ་པ་ལྟར་ཀུན་སློང་གི་རྟོག་པ་ཕྲ་མོ་ཙམ་ལ་ཡང་ལྟོས་མི་དགོས་ཤིང་། དེ་མི་དགོས་ན་སྒྲ་རྟོག་འཇུག་པ་གཅིག་པའི་གནད་ཀྱིས་གཞན་གྱི་ཀུན་སློང་གི་ངག་ལ་ཡང་མི་ལྟོས་པར་སེམས་ཅན་གྱི་དོན་རང་གི་ངང་གིས་མཛད་པ་ཁོ་ན་ཡིན་ཏེ། འཇུག་པ་ལས།

རྣམ་རྟོག་མི་མངའ་ཁྱོད་ཀྱིས་སྲིད་མཐའི་བར། །སྐད་ཅིག་དེ་རེ་རེ་ལ་སྤྱོད་སྣ་ཚོགས། །

ཅེས་པའི་ཐད་རྗེ་བདག་ཉིད་ཆེན་པོས་དགོངས་པ་རབ་གསལ་ལས།

རྣམ་པར་རྟོག་པ་མི་མངའ་བ་ཁྱོད་ཀྱིས་སྲིད་པ་འཁོར་བའི་མཐའི་བར་དུ། སྐད་ཅིག་རེ་རེ་ལ་སྤྱོད་པ་སྣ་ཚོགས་པ་ཇི་སྙེད་སྟོན་པ་དེ་སྙེད་ཀྱི་གྲངས་ནི། ཞེས་སངས་རྒྱས་ཟིན་ན་ཀུན་སློང་གི་རྣམ་པར་རྟོག་པའི་རྗེས་སུ་མི་འབྲང་བར་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པས་སེམས་ཅན་གྱི་དོན་འབད་རྩོལ་ཅུང་ཟད་ལ་ཡང་མི་ལྟོས་པར་མཛད་ཅེས་གསུངས་ལ།

དེ་ཇི་ལྟར་ཡིན་ཞེ་ན། དཔེ་དང་བཅས་ཏེ་འཇུག་པ་རྩ་བ་ལས་གསུངས་པའི་ཕྱིར་ཏེ། དེ་ཉིད་ལས།

ཇི་ལྟར་རྫ་མཁན་སྟོབས་ཆེན་ལྡན་པས་འདིར། །ཡུན་རིང་ཆེས་འབད་པས་བསྐོར་འཁོར་ལོ་ནི། །
དེའི་རྩོལ་ད་ལྟར་སྐྱེས་པ་མེད་བཞིན་དུའང་། །འཁོར་བཞིན་བུམ་པ་ལ་སོགས་རྒྱུར་མཐོང་ལྟར། །
དེ་བཞིན་ད་ལྟ་སྐྱེས་རྩོལ་མེད་བཞིན་དུ། །ཆོས་ཀྱི་བདག་ཅན་སྐུ་ཉིད་ལ་བཞུགས་དེའི། །
འཇུག་པ་སྐྱེ་བོའི་དགེ་དང་སྨོན་ལམ་གྱི། །ཁྱད་པར་གྱིས་འཕངས་ལས་ཆེས་བསམ་མི་ཁྱབ། །

ཞེས་པ་ལྟར་འཕགས་པ་སྤྱན་རས་གཟིགས་ཀྱིས་སྔར་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་ཀྱི་མཐུ་དང་རང་ཅག་སྐལ་ལྡན་གྱི་གདུལ་བྱའི་བསོད་ནམས་གཉིས་ཚོགས་པའི་མཐུ་ལས་མགོན་པོ་དམ་པ་༸སྐྱབས་མགོན་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་མཛད་པ་རྣམས་བོད་འབངས་ཀྱི་སྐལ་བར་ཤར་བ་ཡིན་པའི་གནད་དེ་ཤེས་ན། དྲེགས་པ་གཅིག་གཉིས་ཀྱི་ལུང་ཕུལ་བ་གསན་པས་༸རྒྱལ་བའི་མཛད་པ་ཆེས་ཆེར་དར་ཚུལ་སོགས་སྨྲ་བ་ནི་གསེར་ལ་ལྕགས་ཀྱི་ལྷན་པ་བརྒྱབ་ན་མཛེས་པར་སྨྲ་བ་དང་མཚུངས་པས། གོང་དུ་ལུག་གི་རིལ་མ་ལ་གཡག་གི་ངོ་སོ་ཞེས་པའི་དོན་ཡང་དེ་ལ་གོ་དགོས་ལ། དེ་ནི་ངེས་པ་དོན་གྱི་ཡིན་ལུགས་རང་ཅག་ཐ་མལ་པ་རྣམས་ཀྱི་སེམས་ལ་འཆར་དཀའ་བ་ལྟ་བུ་ཡིན་ལ། འོན་ཀྱང་ཐ་མལ་པའི་ཚུལ་བཟུང་ནས་སེམས་ཅན་གྱི་ཁམས་དང་འཚམ་པར་མཛད་པ་མཛད་པའི་སྐབས་མིའི་རྟེན་ཅན་གྱི་འཁོར་བློན་པོ་སོགས་ཀྱི་བསམ་འཆར་དང་། ལྷ་ཀླུ་འབྱུང་པོ་སོགས་ཁོག་ཏུ་བརླམ་པ་རྣམས་ཀྱི་ལུང་དུ་གྲགས་པའི་བསམ་འཆར་རྣམས་དགོངས་པའི་དཔྱད་གཞིར་མཛད་པ་ལ་འགལ་བ་མེད་ཀྱང་། ལྷ་ཀླུ་སོགས་ཀྱི་ངག་གི་རྗེས་སུ་འབྲང་པ་ལས་༸རྒྱལ་བའི་མཛད་པའི་ཟབ་རྒྱའི་ཆེ་བ་འདོན་པ་ནི་ཆོས་ཀྱི་གནད་མི་ཤེས་པའི་གཏམ་ཡིན་ལ།

ལྷག་པར་པོ་ཏ་ལ་དང་དགའ་ལྡན་གྱི་གསེར་སྡོང་རིན་པོ་ཆེར་ཞིག་གསོ་མཛད་པ་ཡང་རྣམ་ཐར་ནང་གསལ་ལྟར་ཡིན་པ་བདེན་མོད། དེ་ནི་དོལ་རྒྱལ་གྱིས་ལུང་ཕུལ་བའི་དབང་གིས་བྱུང་ཞེས་ཟེར་བའི་གཏམ་དེ་བདེན་མིན་དོགས་གཞིར་འགྱུར་ཚུལ་འོག་ཏུ་འཆད་ལ། འོན་ཀྱང་རེ་ཞིག་དེ་ཡིན་པའི་དབང་དུ་བྱས་ཀྱང་། དེ་ནི་དོལ་རྒྱལ་གྱིས་དེ་ལྟར་ལུང་ཕུལ་བ་དེས་རྐྱེན་ཙམ་བྱས་སྲིད་ཀྱང་། དོལ་རྒྱལ་ལས་བླ་ལྷག་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲུང་ཚད་ལྡན་གནས་ཆུང་ཆོས་རྒྱལ་སོགས་ནས་ཀྱང་བཀའ་ལུང་ཕུལ་བས་ཀྱང་དེ་ལྟར་མཛད་པ་མིན་པར་ཇི་ལྟར་བསྒྲུབ། དེ་ཡང་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་རྣམ་ཐར་ཞིབ་པར་གོང་འོག་སྒྲིག་སྟེ་མཇལ་ན། པོ་ཏ་ལ་དང་། དགའ་ལྡན་གྱི་གསེར་སྡོང་ཆེན་མོའི་ཉམས་གསོའི་གོང་ཉིད་དུ་བོད་བདེ་ཐབས་སུ་རིགས་ཀྱི་ཅོད་པན་ཡོངས་འཛིན་བྱམས་པ་རྒྱ་མཆོའི་ཞལ་སྔ་ནས་སྙིགས་ལྔའི་རྒུད་པ་དུས་མཐའི་རླུང་བཞིན་ལྡང་བའི་སྐབས་འདིར་ལྷག་པའི་ལྷ་གཞན་ལས་མཐུ་སྟོབས་ཁྱད་པར་འཕགས་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཆེན་ཐེངས་གཅིག་མ་མཛད་ན་ཕྱི་ནང་གི་བར་ཆད་མང་བས་འཕྲིན་ལས་ལམ་དུ་འགྲོ་བ་ཆེ་དཀའ་ལ། མཛད་ན་མཐའ་བཞིའི་རྒོལ་བ་གང་གིས་ཀྱང་གླགས་བལྟ་བར་མི་ནུས་ཤིང་། ཆོས་སྲིད་ཀྱི་མཛད་པ་མཐའ་དག་ལྷུན་གྱིས་འགྲུབ་པ་ཞིག་འོང་ཞེས་བཀའ་མངགས་ཞལ་ཆེམས་ཀྱི་ཚུལ་དུ་ཕེབས་པ་བཞིན། དགུང་གྲངས་ཞེ་གཅིག་༼༡༩༡༦༽སྐབས་འབྲུག་ལོ་ནས་བཟུང་བསྙེན་ཆེན་མཛད་པ་སོགས་ཀྱིས་མཐུ་ལས་བོད་འབངས་ཀྱི་བདེ་ཐབས་བསྒྲུབས་ཤིང་བགེགས་རིགས་ཀྱང་བཟློག་པ་ཡིན་པ་ནི་རྣམ་ཐར་དེ་གའི་ནང་གསལ་ལ། དེ་ཡང་༸རྒྱལ་དབང་འདིས་བསྙེན་ཆེན་མཛད་འགྱུར་དང་། དེ་ལྟ་བུའི་མཛད་པ་དེས་བོད་འབངས་ཀྱི་བགེགས་རིགས་བཟློག་པ་ནི་ཨོ་ཌཱི་ཡ་ནའི་སློབ་དཔོན་གྱི་འབྱུང་འགྱུར་གྱི་ལུང་གིས་ཟིན་པའང་ཡིན་པ་རྣམ་ཐར་དེ་གའི་ནང་གསལ་ཏེ།

ཐུབ་མཚན་ཅན་དང་དེ་ཡི་བཀའ་འབྲེལ་བ། །དགུང་དགུ་སོ་བདུན་སོ་དགུའི་བར་དུ་གསོས། །
གོ་བའི་བློན་དང་འགྲོགས་པའི་བློན་བཅས་ལ། །དྲང་པོ་ཡིན་མིན་གྲགས་པ་སྲུང་མས་དབྱེ། །
དྲང་པོར་བྱུང་མཚམས་ཐབས་ཀྱིས་རིམ་པར་འདུལ། །དེ་ག་བྱས་ན་བོད་མའི་བགེགས་རིགས་བཟློག །
གྲགས་མིང་དགུང་གྲངས་སོ་དགུ་རྫོགས་པའི་དུས། །བར་དུ་གཅོད་རྣམས་དེ་མཚམས་རིམ་པར་རྫོགས། །
གཤིན་རྗེའི་ལས་འབྲེལ་ལས་ཀྱི་རྒྱལ་པོ་བརྔན། །རྒྱ་གར་ཤར་ཕྱོགས་དག་པ་གསེར་གྱི་རི། །
མ་རྒྱུད་འཁོར་ལོ་སྡོམ་པའི་གནས་གཡོན་མདུན། །མཚོ་དཀར་བྲག་མདུན་ལྕགས་མཁར་དོན་དུ་ལས། །
སྡོམ་ལྡན་བཞི་སྡེ་ལོ་ངོ་དགུ་ཙམ་པར། །དགེ་སྡིག་དབྱེ་འབྱེད་རྒྱལ་པོའི་ཚོགས་རྣམས་བསྐུལ། །
མུ་ལེ་མཚོ་ལ་དམིགས་གཏད་ཡོད་ན་སྦ། །གོང་འཁོད་བསྒྲུབས་དང་དམིགས་གཏད་རྣམ་པ་གཉིས། །
པད་བཀོད་རཀྟའི་མཚོ་ངོས་ཡིན་ན་ལེགས། །དེ་དག་གྲུབ་མཐར་བོད་སྡེའི་བགེགས་ཀུན་སེལ། །ཞེས་འཛམ་གླིང་ལུང་བསྟན་མུན་སེལ་སྒྲོན་མེ་ལས་གསུངས་པའི་ཕྱིར། །

ཞེས་བྱུང་ཞིང་། དེའི་དོན་ཡང་ཆོས་རྒྱལ་མེས་དབོན་གསུམ་གྱི་རྣམ་ཐར་ལྟར་དྲང་པོར་སྲོང་བར་མཛད་པ་དང་། གཤིན་རྗེ་གཤེད་ཀྱི་བསྙེན་སྒྲུབ་ལས་གསུམ་དང་འབྲེལ་བཀའ་སྡོད་ལས་ཀྱི་རྒྱལ་པོ་དམ་ཅན་ཆོས་རྒྱལ་ལ་དབྱུག་གཏོར་གྱིས་མཆོད་པ་འབུམ་ཕྲག་མང་པོས་བརྔན་ནས་ལས་བཞིའི་འཕྲིན་ལས་སྒྲུབ་པར་བསྐུལ་བ་དང་། མ་རྒྱུད་འཁོར་ལོ་སྡོམ་པའི་གནས་མཆོག་ཙཱ་རི་ཏྲའི་ཉེ་འདབས་སྦས་ཡུལ་པདྨ་བཀོད་དང་། མ་གཅིག་རེ་མ་ཏིའི་བླ་མཚོ་མུ་ལེ་དིང་ཞེས་གྲགས་པར་ཐུགས་སྨོན་ཅན་གྱི་བུམ་གཏེར་སྦ་ཆོག་སོགས་ཐབས་མཁས་ཀྱི་སྦྱར་བ་སྣ་ཚོགས་ཤིག་མཛད་པས་མཐའ་བཞིའི་རྒོལ་བ་རིམ་གྱིས་ཞི་ནས་བསྟན་འགྲོ་བདེ་འཇགས་སུ་གནས་པར་འགྱུར་ཞེས་བྱུང་ཞིང་།

ཡང་རྣམ་ཐར་དེ་ཉིད་ལས། དེའི་མཐུ་ལས་ཕྱོགས་མཐའི་རྒྱལ་ཁམས་གཞན་དང་གཞན་དུ་འཁྲུག་རྩོད་སོགས་མི་ཤིས་པས་དུས་འདའ་ཡང་། ད་ལྟ་རང་ཅག་ཆོས་ལྡན་ཞིང་འདིར་འཐབ་རྩོད་འཁྲུག་ལོང་གིས་ནམ་མི་བདེ་བ་མེད་པར་རང་རང་གི་ཆོས་འབྱོར་མངའ་རིས་ལ་ཅི་དགར་སྤྱད་དུ་ཡོད་པ་ནི་༸སྐྱབས་མགོན་དམ་པ་འདིའི་བྱིན་མཐུ་གཟུགས་ཅན་བཞིན་དུ་མངོན་སུམ་མཐོང་ཆོས་སུ་གསལ་བ་ལ་གངས་ཅན་པ་ཀུན་གྱིས་ཡིད་ཆེས་ངེས་པ་ལེགས་པར་དྲངས་ནས་བཀའ་དྲིན་རྗེས་སུ་དྲན་པའི་གསོལ་འདེབས་དང་། རྟག་ཏུ་ཐུགས་དགོངས་འགྲུབ་ཐབས་ལ་སྙིང་ཐག་པ་ནས་བརྩོན་པར་རིགས་སོ། །

ཞེས་གསུངས་པ་འདིས་ཕྱོགས་མཐའ་རྒྱལ་ཁམས་གཞན་དང་གཞན་དུ་འཁྲུག་རྩོད་དེ་འཛམ་གླིང་དམག་ཆེན་དང་པོའི་༼༡༩༡༤ནས་༡༩༡༩བར་༽ འཇིགས་པས་ཉིན་མཚན་གྱི་དུས་འདའ་དགོས་པའི་དུས་སུ་རང་ཅག་བོད་ཁམས་འདིར་དམག་འཁྲུག་གི་རྐྱེན་ངན་རེ་ཞིག་མ་བྱུང་བ་ཡང་༸གོང་ས་ཐུགས་རྗེའི་བདག་ཉིད་དེའི་བྱིན་རླབས་དང་དེ་དུས་ཀྱི་བོད་འབངས་ཀྱི་བསོད་ནམས་གཉིས་ཚོགས་ཀྱི་མཐུ་ལས་ཡིན་མོད། དོལ་རྒྱལ་གྱིས་༸རྒྱལ་དབང་བཅུ་གསུམ་པས་བོད་བསྟན་སྲིད་ལ་བསྐྱངས་པའི་བཀའ་དྲིན་ལ་བསམ་ཤེས་མེད་པར་མགོན་པོ་གང་ཉིད་དགོངས་པ་རྫོགས་ལ་ཉེ་དུས་དགའ་བསུའི་ལུང་བརྒྱབ་པ་༸སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་ནང་གསལ་བས། དེའི་ཕྱིར་ན་དོལ་རྒྱལ་གྱིས་བོད་ཁམས་བདེ་ཕྱིར་ལུང་ཕུལ་བ་དེ་ཡང་ཡིད་ཆེས་པར་དཀའ་ཡང་། རྣམ་ཐར་ནང་དེ་ལྟར་བྱུང་བ་ནི་རྣམ་ཐར་དེ་ཐོག་མའི་འབྲི་བ་པོ་༸སྐྱབས་རྗེ་ཕ་བོང་ཁ་ཡིན་ཞིང་། ཕུར་ལྕོགས་ཡང་སྲིད་རིན་པོ་ཆེ་སོགས་གཞན་རྣམས་ཀྱིས་མཇུག་རྫོགས་པར་བགྱིས་པ་ཡིན་པས། དེའི་ནང་གསལ་བའི་དོལ་རྒྱལ་དང་འབྲེལ་བ་དེ་དེ་དུས་ཀྱི་དོལ་རྒྱལ་སྟེན་མིའི་ཁྲོད་དུ་གྲགས་པ་ཞིག་༸རྒྱལ་བའི་རྣམ་ཐར་ནང་འགོད་པར་མཛད་པ་མངོན་ལ། དེ་ཐོག་མའི་མཛད་པ་པོ་༸སྐྱབས་རྗེ་ཕ་བོང་ཁ་ཡིན་པའི་ཁུངས་གཤམ་དུ་འགོད་པར་བྱའོ། །

དེ་ཡང་རྣམ་ཐར་དེར་གསལ་ལྟར་ལུང་ཕུལ་དུས་ནི་ཆུ་ཁྱི་ལོ་སྟེ། ཕྱི་ལུགས་༡༩༢༢ལོར་ཡིན་ཡང་། དོལ་རྒྱལ་ཚོགས་པའི་དྲ་རྒྱར་༡༩༣༢ལོར་བཤད་པ་ཡང་མ་བརྟག་པར་གཡམ་རྒྱུགས་ཀྱིས་རྒྱ་ཚོམ་དུ་ལོང་བའི་བགྲོད་ལྟར་ཕྱིན་པ་ཁོ་ནའོ། །

འོ་ན་རྩེ་ཕོ་བྲང་སོགས་ཉམས་གསོ་མཛད་པ་དོལ་རྒྱལ་གྱིས་ལུང་ཕུལ་བས་མིན་ན། དེ་ཇི་ལྟར་ཡིན་ཞེ་ན། དེ་ཡང་མགོན་པོ་གང་ཉིད་ཀྱིས་ནི་སྐྱེ་འགྲོ་སྤྱི་དང་བོད་འབངས་ཀྱི་བསོད་ནམས་ཀྱི་དཔལ་དུ་མཛད་པ་མཛད་པ་ཁོ་ན་དང་། དེ་ཡང་སྔོན་གྱི་ཐུགས་བསྐྱེད་ཀྱི་མཐུས་མཛད་པ་ཀུན་འབད་མེད་ལྷུན་གྱིས་གྲུབ་ཅིང་། སློབ་དཔོན་ཐུགས་རྗེ་ཆེན་པོ་དང་། མཁར་རྡོ་སྐུ་ཕྲེང་བཞི་པ་པདྨ་གར་རྡོར་གྱི་དག་སྣང་ལུང་བསྟན་གྱིས་ཀྱང་ཟིན་ལ། མཛད་པ་དེ་དག་ཀྱང་གདུལ་བྱའི་དོན་དུ་མཛད་པ་ཤ་སྟག་ལས་རང་དོན་གྱི་སྐབས་ཅུང་ཟད་ཀྱང་མེད་ཅིང་། དེ་ཡང་བོད་བལ་སོགས་བདེ་ཐབས་སུ་ས་རྟ་ལོར་༼ཕྱི་ལོ་༡༩༡༨༽བལ་ཡུལ་གྱི་སྲིད་ན་རྙེད་པར་དཀའ་བའི་མཆོད་རྟེན་རྣམ་གསུམ་ལ་ཉམས་གསོ་དང་། དེ་རྗེས་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ལྟར་ལྷ་ལྡན་གྱི་ཕྱོགས་བཞིར་དམག་བཟློག་གི་ལྷ་ཁང་བཞི་གསར་བཞེངས་མཛད་དེ་དེ་དག་ཀུན་རབ་གནས་རྣམ་པར་དག་པའི་སྒོ་ནས་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་བསྐྲུན། རྗེ་ཉིད་དགུང་གྲངས་ཞེ་ལྔར་ཕེབས་དུས་ལྕགས་སྤྲེ་ལོར་༼༡༩༢༠༽ལྷ་ལྡན་གྱི་གཙུག་ལག་ཁང་གི་ཉེ་འདབས་དབང་ལྡན་ཕྱོགས་སུ་བདུད་འདུལ་མཆོད་རྟེན་དང་བྱང་ཆུབ་མཆོད་རྟེན་ཞིག་གསོ་དང་། ཡང་ཆུ་ཁྱི་༼༡༩༢༢༽ ལོར་རྩེ་ཕོ་བྲང་དང་། དགའ་ལྡན་གྱི་གསེར་སྡོང་ཆེན་མོ་གཉིས་ཉམས་གསོ་མཛད་པ་དང་། ཡང་རྗེ་ཉིད་དགུང་གྲངས་ཞེ་བརྒྱད་དུ་ཕེབས་པ་ཆུ་ཕག་ལོར་༼༡༩༢༣༽ལོར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། རྒྱས་བཏབ་ར་མོ་ཆེ་གཙུག་ལག་ཁང་གཉིས་ཀྱི་ཉམས་གསོ་མཛད་པ་སོགས་ནི་མགོན་པོ་གང་ཉིད་ཀྱི་བོད་བསྟན་སྲིད་ཀྱི་བདེ་དོན་ཐུགས་ལ་བཅངས་ཤིང་དེ་ལ་དམིགས་པའི་ཐུགས་བསྐྱེད་རྨད་དུ་བྱུང་བས་དྲངས་པའི་མཛད་པའི་ཡ་རྒྱལ་དུ་གྱུར་བ་ལས། མགོན་པོ་དམ་པ་གང་ཉིད་ལ་ལྷ་ཀླུ་རྣམས་ཀྱི་གསར་དུ་ལམ་སྟོན་མཛད་པའི་སྟབས་ཀྱིས་མིན་པ་ནི། གང་གི་རྣམ་ཐར་ཞིབ་པར་མཇལ་བས་ཀྱང་མཆོད་རྟེན་དང་གཙུག་ལག་ཁང་སོགས་ཀྱི་ཞིག་གསོ། ༸རྒྱལ་བའི་བཀའ་འགྱུར་དང་བུ་སྟོན་སོགས་ཀྱི་གསུང་འབུམ་རྣམས་པར་གསར་དུ་སྤྲུན་པ་སོགས་ནི་གང་ཉིད་ཀྱིས་རིང་ནས་ཐུགས་ལ་བཅངས་བའི་རྒྱལ་བསྟན་པ་སྤྱི་དང་བྱེ་བྲག་བོད་ཀྱི་བསྟན་སྲིད་ཀྱི་ལེགས་ཐབས་སུ་མཛད་པ་ཁོ་ནར་སྣང་བས་ཀྱང་ཤེས་ནུས་སོ། །

འོ་ན་༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར་དེ་༸སྐྱབས་རྗེ་ཕ་བོང་ཁས་ཐོག་མར་ས་གཞི་རྟིང་ཚུགས་པར་མཛད་པ་ཡིན་པ་གང་ལས་ཤེས་ཞེ་ན། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར་ཕུར་ལྕོག་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་མཛད་པ་དེ་ཉིད་ཀྱི་མཇུག་དགེ་བའི་གཏམ་རྗོགས་བྱང་དུ་བསྔོ་བའི་སྔོན་གླེང་དེར་འདི་ལྟར་བྱུང་སྟེ།

མེ་གླང་ལོ་མཇུག་ནས་སླར་ཡང་སྔ་མའི་འཕྲོ་སྐྱོང་གིས་སྦྱོར་བ་ལ་ཞུགས་ཏེ་ཕྱིའི་མཛད་སྒོ་རྣམས་སྔོན་གྱི་རྣམ་ཐར་གྱི་ཚིག་འགྲོས་དང་བསྟུན་ནས་མཇལ་དེབ་གཞིར་བཞག་ངོས། གཟིགས་སྣང་དང་ལུང་བསྟན་ཁྱད་པར་ཅན་སོགས་ནང་གི་མཛད་པ་ངོ་མཚར་ཅན་རྣམས་བསྙེལ་བྱང་ཤོག་དྲིལ་ཁུངས་ཐུབ་རྣམས་སུ་ཇི་ལྟར་གསལ་བ་བཞིན་རང་བཟོའི་བསྲེ་ལྷད་མེད་པར་བཀོད།

ཅེས་གསུངས་འདུག་ན་དེར། སྔོན་གྱི་རྣམ་ཐར་གྱི་ཚིག་འགྲོས་དང་བསྟུན་ནས་མཇལ་དེབ་གཞིར་བཞག་ངོས། ཅེས་གསུངས་ལ་ལས་སྔོན་གྱི་རྣམ་ཐར་ཞིག་ཡོད་པར་སྣང་བས། དེ་ལྟ་བུའི་སྔོན་གྱི་རྣམ་ཐར་དེ་ཕུར་ལྕོག་རིན་པོ་ཆེ་རང་ཉིད་ཀྱིས་མཛད་ན་སྔོན་གྱི་རྣམ་ཐར་གྱི་ཚིག་འགྲོས་དང་བསྟུན་དགོས་ཀྱི་བཀའ་མོལ་མི་དགོས་པའི་ཕྱིར་ཏེ། མཛད་པ་པོ་གཅིག་གི་ཚིག་འགྲོས་སྔ་མ་དང་ཕྱི་མ་བསྟུན་པ་ལ་གོ་རྒྱུ་དེ་ཙམ་མེད་པས། ཤེས་ལྡན་ཞིག་ཡིན་ན་འདིའི་གཞི་རྩར་གཞན་ཞིག་གིས་མཛད་པའི་རྣམ་ཐར་གཞན་གཅིག་ཡོད་མུར་དེ་ལ་སླར་བསྣན་ནས་རྒྱས་སྤྲོས་མཛད་པའི་གོ་བ་ལེན་ཐུབ།

འོ་ན་དེ་ལྟ་བུའི་རྣམ་ཐར་སྔོན་མ་དེ་མཛད་པ་པོ་སུ་ཡིན་ཞེ་ན། དེ་ནི་༸སྐྱབས་རྗེ་ཕ་བོང་ཁ་ཡིན་ཏེ། དེ་ཉིད་ཀྱི་རྣམ་ཐར་དྲུང་བློ་བཟང་རྡོ་རྗེས་མཛད་པ་ལས་ཤོག་༤༧༣གྱི་རྒྱབ་ངོས་ཡིག་ཕྲེང་ཐ་མ་ནས་འདི་ལྟར་བྱུང་སྟེ།

སྔོན་རྗེས་དུ་མར་གསང་རྒྱ་ཧ་ཅང་དམ་པའི་ངང་ནས་༸གོང་ས་ཆེན་པོ་ཉིད་ཀྱི་རྣམ་པ་ཐར་པའི་སྐོར་བཀའ་རྩོམ་གནང་རྒྱུའི་མཛད་རྣམ་གྱི་ས་བོན་ཤོག་དྲིལ་མང་བ་ཞིག་ཀྱང་འབུལ་གནང་མཛད་པར། རྗེ་ཉིད་ཀྱི་ཞལ་ནས། དེ་རེས་ཀྱི་འདི་རྣམས་རང་གི་བླ་མའི་༼སྟག་བྲག་རིན་པོ་ཆེར་གོ༽བཀའ་ཡིན་ཕྱིར་ངལ་བ་ལྷུར་ལེན་གྱིས་ཅི་འགྲུབ་གང་འགྲུབ་རེ་མ་བགྱིས་ཐབས་མེད་ཡིན་འདུག འོན་ཀྱང་འདིའི་རིགས་རྣམས་༸གོང་ནས་མཁྱེན་ཚོར་གྱུར་ཚེ་ངོས་ཚོར་ལྟ་ཅི། ༸སྐྱབས་རྗེ་སྟག་བྲག་རིན་པོ་ཆེར་ཡང་ཉེན་ཀ་ཡོང་བས་གསང་རྒྱ་ཤིན་ཏུ་དམ་པོ་བྱ་དགོས་ཞེས་གསུངས་ཤིང་། དེ་དང་མཐུན་པར་ཉིན་མོའི་དབེན་འགོལ་གྱི་དུས་རྣམས་དང་། མཚན་མོར་མནལ་གྱི་གོ་སྐབས་འཕྲོག་པའི་སྐུ་ངལ་བ་དུ་མའང་ཉམས་སུ་བཞེས་ཏེ་བཀའ་འགྱུར་གྱིི་དཀར་ཆག་དང་། ༸གོང་ས་མཆོག་གི་མཛད་རྣམ་གྱི་ཐོག་ཐ་བར་གསུམ་ནས་གསར་རྩོམ་སྣ་ཚོགས་པ་རེས་མོས་ཀྱི་ཚུལ་དུ་ཐུགས་ཁུར་ལྷུར་བཞེས་བསྐྱངས། ཞེས་དང་།

ཡང་ཤོག་༤༨༢མདུན་ངོས་ཀྱི་ཕྲེང་བཞི་པའི་རྫོགས་མཚམས་ནས་འདི་ལྟར་བྱུང་སྟེ། ༸གོང་ས་མཆོག་གི་རྣམ་ཐར་དང་། བཀའ་འགྱུར་པར་གསར་གྱི་དཀར་ཆག་སོགས་བཀའ་རྩོམ་རིགས་བསྟུད་དུ་གནང་བའང་ལྐོག་གྱུར་མངོན་སུམ་གཟིགས་ཤིང་མི་འཇིགས་པའི་གདེངས་མངའ་བའི་རྣམ་ཐར་རྨད་དུ་བྱུང་བ་ཞིག་ཏུ་ཤེས་ནུས་ལ། སྐབས་འགར་སྟག་བྲག་རིན་པོ་ཆེའི་ཕྱག་སམ་ཕེབས་འབྲེལ་གློ་བུར་ཤོག་དྲིལ་མང་པོ་གསང་སྟབས་ཀྱིས་ཡར་མར་འབུལ་སྐྱེལ་དུ་ཁོ་བོ་ཅག་ནོར་གླིང་དུ་གནང་བ་ཡང་འགའ་ཙམ་བྱུང།

ཅེས་དང་། ཡང་ཤོག་༥༡༢མདུན་ངོས་ཕྲེང་བཞི་པའི་དབུར་འདི་ལྟར་བྱུང་སྟེ། ལོ་ཕྱི་ནང་འདི་དག་ཏུའང་གོང་གསལ་༸རྒྱལ་དབང་མཆོག་གི་རྣམ་ཐར་རྒྱས་པ་དང་། རྩེ་ཞོལ་བཀའ་འགྱུར་པར་གསར་གྱི་དཀར་ཆག་བཅས་ཀྱི་ཟིན་རྙིང་ཤོག་དྲིལ་ཉིས་བརྒྱ་ཙམ་ལ་འཕྲི་སྣོན་གྱི་ལྗགས་ཞུས་དང་། གསར་རྩོམ་ཁག་མང་པོ་གནང་རྒྱུ་བཅས་མཚན་མོའི་དུས་སུའང་ནམ་ཕྱེད་ཡོལ་ཙམ་བར་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་དེ་བླ་མའི་ཞབས་འདེགས་ཡིན་པས་སྐལ་བ་བཟང་ཞེས་ཡང་ཡང་ཕེབས།

ཅེས་དང་།

ཡང་ཤོག་༥༣༢རྒྱབ་ངོས་ཀྱི་ཕྲེང་གསུམ་པའི་དཀྱིལ་དུ་འདི་ལྟར་སྣང་སྟེ། ༸གོང་ས་རིན་པོ་ཆེའི་རྣམ་ཐར་སྐོར་གྱི་བཀའ་རྩོམ་དང་ཞུ་དག་གནང་རྒྱུ་ལམ་ཙམ་ཟིན་ནས་མཚན་ཞབས་སྟག་བྲག་རིན་པོ་ཆེའི་མདུན་དུ་རིམ་བཞིན་ཕྱིར་འབུལ་བསྐྱངས།

ཅེས་དང་།

ཡང་ཤོག་གྲངས་༥༣༥རྒྱབ་ངོས་ཕྲེང་གཉིས་པར་འདི་ལྟར་སྣང་སྟེ། བཀའ་འགྱུར་རིན་པོ་ཆེའི་དཀར་ཆག་སྐོར་ཡོངས་སུ་རྫོགས་པ་ལེགས་ཟིན་གྱིས་སྟག་བྲག་རིན་པོ་ཆེར་ཞུ་རྒྱུ་སྦྲགས་མར་འབུལ་གནང་སྐབས། བཤད་ཟུར་མདའ་སྐུར་༼མདའ་དཔོན་སྐུ་ངོར་ཞེས་པའི་བསྡུས་ཚིག་ཡིན།༽སྟབས་བདེའི་གསུང་ཤོག་སྩལ་བ་དགོས་པའི་དབང་དུ་འདིར་འགོད་ན། དད་དམ་བཀའ་དྲིན་མཁྱེན་བརྩེའི་གཏེེར་ཆེན་སྐུ་ངོ་མདའ་དཔོན་སྐུ་ཞབས་མཆོག་གི་ཞབས་དྲུང་དུ། ཤིན་ཏུ་སྤྲོས་བྲལ་ཟིང་ལོང་ཆེན་པོའི་ངང་ཞུ་གསོལ། འདི་མདུན་༸སྐྱབས་རྗེ་སྟག་བྲག་རིན་པོ་ཆེར་འབུལ་རྒྱུའི་རས་སྒྲིལ་གཅིག་ཡོད་པ་ངེས་འདྲོངས་འཕྲལ་འབུལ་བརྩེ་གཟིགས། ༼ཞེས་དང་། ཡང་གོང་གི་དེའི་མཇུག་དེ་མ་ཐག་ཏུ་གཤམ་གྱི་དེ་རྣམ་ཐར་འདིར་ཡོད་པ་ནི་སྟག་བྲག་རིན་པོ་ཆེར་ཕུལ་བའི་ཞུ་ཡིག་གང་ཡིན་པ་དེ་ཉིད་རྣམ་ཐར་ནང་དྲུང་བློ་བཟང་རྡོ་རྗེས་དྲངས་པ་འདྲ་སྟེ།༽ད་ཆ་བཀའ་འགྱུར་རིན་པོ་ཆེའི་དཀར་ཆག་ཞབས་ཞུ་ལེགས་པར་ཟིན། མི་རྗེ་༼སྟག་བྲག་རིན་པོ་ཆེ༽མཆོག་ཉིད་ལ་ལེགས་བཤད་ཀྱི་སྐྱེས་ཀྱི་ཚུལ་དུ་༸གོང་ས་མཆོག་གི་རྣམ་ཐར་ཡོངས་རྫོགས་ཀྱི་བར་སྐབས་ཚིགས་བཅད་དང་། དགེ་བསྔོའི་ཚིགས་བཅད་རྣམས་དཀྱུས་བསྒྲིགས་ཀྱིས་གཞུང་དུ་མེད་པའི་མཆན་བཀོད་པ་བཅས་འབུལ་ལམ་ཞུས་པ་དགྱེས་བཞེས།

ཅེས་གསུངས་པ་སྟེ། ༸སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་ནང་ལན་གཅིག་གཉིས་མིན་པར་༸རྒྱལ་དབང་བཅུ་གསུམ་པའི་རྣམ་ཐར་ཡོངས་རྫོགས་དང་། དེའི་ནང་བར་སྐབས་ཀྱི་ཚིགས་བཅད། དགེ་བསྔོའི་སྨོན་ཚིག་རྣམས་༸སྐྱབས་རྗེ་ཕ་བོང་ཁས་མཛད་པ་ཤིན་ཏུ་གསལ་བར་གསུངས་པས་ཡིད་ཆེས་པའི་གནས་ཁོ་ན་ཡིན་ལ། འོན་ཀྱང་སྤྱི་ནོར་༸གོང་ས་བཅུ་གསུམ་པ་ཆེན་པོའི་རྣམ་ཐར་དེར་༸རྒྱལ་དབང་ཉིད་སྔོན་གྱི་སློབ་དཔོན་ཐུགས་རྗེ་ཆེན་པོའི་བཀའ་ལུང་གིས་ཟིན་ཚུལ། དེ་བཞིན་གསང་ཆེན་རྙིང་མའི་གཏེར་སྟོན་རྣམས་དང་ཆོས་འབྲེལ་དང་། དག་སྣང་གི་སྐོར་སོགས་མང་དག་ཕུར་ལྕོག་རིན་པོ་ཆེ་སོགས་མཛད་རྣམ་ཕྱོགས་སྒྲིག་པ་སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེས་གསར་བཙུགས་མཛད་པ་རྣམས་ནས་ཁ་སྣོན་གྱིས་བརྒྱན་ཏེ་ལེགས་པར་མཐར་སོན་པ་ཡིན་པས། མཛད་བྱང་དུ་༸སྐྱབས་རྗེ་ཕ་བོང་ཁའི་མཚན་མི་གསལ་ཡང་མཛད་པ་པོའི་གཙོ་གྲལ་ལ་༸སྐྱབས་རྗེ་འདི་ཉིད་ཡོད་པ་ཤིན་ཏུ་ནས་གྲུབ་བོ། །

དེས་ན་དོལ་རྒྱལ་དང་འབྲེལ་བའི་ཚིག་རྣམས་ཀྱང་རྗེ་ཕ་བོང་ཁའི་ཡིན་ཞིང་། དེ་ཡང་དེ་དུས་དོལ་རྒྱལ་སྟེན་མི་རྣམས་ལ་གྲགས་ཚོད་ཀྱི་གཏམ་དེ་༸གོང་ས་བཅུ་གསུམ་པའི་མཛད་པ་དང་བསྟུན་ནས་ཡོད་པས་ན། ༸སྐྱབས་རྗེ་ཕ་བོང་ཁས་ཐུན་མོང་སྣང་ངོར་དེ་དང་མཐུན་པར་ཡིད་ཆེས་པའི་ཚུལ་གྱིས་༸རྒྱལ་བའི་རྣམ་ཐར་ནང་བཀོད་པ་ཡིན་ཏེ། ཕུར་ལྕོག་རིན་པོ་ཆེ་ནི་དོལ་རྒྱལ་དང་གཏན་ནས་འབྲེལ་བ་མེད་པ་མ་ཟད་རྗེ་ཕ་བོང་ཁའི་དྲུང་ནས་ཆོས་འབྲེལ་མ་གསན་ཅིང་། ༸སྐུ་ཕྲེང་བཅུ་གསུམ་པའི་ནང་ཁོངས་ཀྱི་སློབ་མའི་གྲལ་དང་། དེ་བཞིན་༸སྐྱབས་རྗེ་ཕ་བོང་ཁ་དོལ་རྒྱལ་དང་འབྲེལ་བས་ཡིན་རུང་། ཤར་ཆོས་ཀྱི་བརྒྱུད་པ་དང་འབྲེལ་བ་རྒྱུ་མཚན་ལ་སྦྱར་ཏེ་བོད་ཀྱི་བླ་ཆེན་རྣམས་པས་༸སྐྱབས་རྗེ་ཕ་བོང་ཁ་ལས་ཆོས་འབྲེལ་མ་ཞུས་ན་ལེགས་པ་༸རྒྱལ་དབང་བཅུ་གསུམ་པའི་ཞལ་ཆེམས་ཡོད་ལུགས་༸རྗེ་ཕ་བོང་ཁའི་རྣམ་ཐར་ནང་གསལ་བ་ལྟར་ཡིན་པས། དེས་ན་རྣམ་ཐར་ནང་དོལ་རྒྱལ་དང་འབྲེལ་བའི་ཚིག་དེ་དག་ཕུར་ལྕོག་རིན་པོ་ཆེའི་མིན་ན་རྗེ་ཕ་བོང་ཁའི་ཡིན་པར་ཡང་ཤེས་པར་མི་དཀའོ། །

དེ་ཇི་ལྟར་བདེན་ཞེ་ན། རྗེ་ཕ་བོང་ཁའི་རྣམ་ཐར་དྲུང་བློ་བཟང་རྡོ་རྗེས་མཛད་པ་ལས་ཤོག་གྲངས་༦༣༨མདུན་ངོས་ཕྲེང་ལྔ་པའི་དཀྱིལ་ནས་འདི་ལྟར་བྱུང་སྟེ།

བར་དེར་ཕུར་ལྕོག་སྤྲུལ་སྐུས་རྭ་སྒྲེང་སྲིད་སྐྱོང་ལ་ཁྱེད་བོད་ཀྱི་བླ་ཆེན་ཚོས་སྐུ་ཞབས་ཕ་བོང་ཁ་པ་ལ་ཆོས་ཞུས་ན་གཏན་ནས་མི་འགྲིགས་པ་༸རྒྱལ་བ་སྐུ་གོང་མས་ངེད་ལ་ཞལ་ཆེམས་ཡོད། ཕ་བོང་ཁས་ཆོས་བརྒྱུད་ལ་ཤར་ཆེན་གྱི་བརྒྱུད་པ་འདྲེས་ཡོད་པས་ཁྱོད་ཚོ་བླ་ཆེན་ཚོས་ཆོས་འབྲེལ་ཞུ་བ་སོགས་བྱ་མི་རུང་ཞེས་ཡང་ཡང་གསུང་གིན་ཡོད་པས་སྲིད་སྐྱོང་རིན་པོ་ཆེ་ནས་རང་ཉིད་སྐུ་ཞབས་ཕ་བོང་ཁ་ནས་ཆོས་གཏན་ནས་མ་གསན་ན་ལེགས་ཞེས་ཉིན་མཚན་རིམ་བསྟུད་ཀྱིས་བཀག་འགེག་ནན་ཅན་ཨུ་ཚུགས་མཐར་བསྐྱེལ་དུ་གནང་བས་རྭ་སྒྲེང་ནས་མཛད་སྟབས་ཡེ་མ་བདེ་བའི་མུར་རྗེ་ཉིད་ཀྱི་དྲུང་ནས་སྨྱུང་གནས་སྤྲུལ་སྐུ་བརྒྱུད་ཕུར་བུ་ལྕོག་གིས་བཀག་འགོག་མཛད་པའི་སྐོར་འཕྲལ་འཕྲལ་དུ་གནང་ཞིང་། འོན་ཀྱང་ད་རེ་བཀའ་ཆོས་མ་ཞུ་ཀ་མེད་ཡིན་སྟབས་རྗེ་བླ་མ་མཆོག་ཉིད་ནས་དེར་ལྷོད་བཞུགས་མཛད་དགོས་བྱ་བའི་གསོལ་འདེབས་ཡང་ཡང་གནང་།

ཞེས་གསུངས་པ་ལྟར་༸རྒྱལ་དབང་གོང་མས་ཐོག་མར་གཟིགས་པ་ཆེས་ཆེར་མཛད་སའི་༸སྐྱབས་རྗེ་ཕ་བོང་ཁ་ལ་བར་དུ་༸རྒྱལ་དབང་རང་ཉིད་འཚོ་བཞུགས་སྐབས་བཀའ་ཆོས་གནང་རྒྱུའི་དམ་རྒྱ་གནང་བ་རྗེ་ཕ་བོང་ཁའི་རྣམ་ཐར་ནང་གསལ་གཞན་དུ་དྲངས་ཟིན་པ་ལྟར་དང་། མཐར་དགོངས་པ་གཞན་དུ་གཤེགས་ཟིན་ཀྱང་ནང་མའི་བུ་སློབ་རྣམས་ལ་༸རྒྱལ་དབང་བཅུ་གསུམ་པས་ཞལ་ཆེམས་དེ་ལྟར་མཛད་པ་ནི་དམ་སྲི་དོལ་རྒྱལ་དང་འབྲེལ་བས་ཡིན་པ་ནི་གཟུ་བོའི་བློས་དཔྱད་ན་ཤེས་པར་འགྱུར་ངེས།

གཞན་ཡང་དོལ་རྒྱལ་བོད་བསྟན་སྲིད་ལ་ཤ་ཚ་བཅང་མཁན་ངོ་མ་ཞིག་ཡིན་ན། བོད་ཀྱི་ཡོངས་རྫོགས་བསྟན་པའི་བདག་པོ་སྟེ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་བླ་ན་མེད་པ་༸རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་གསུམ་པ་ཆེན་པོ་དགོངས་པ་མ་རྫོགས་པའི་སྔ་རོལ་དུ་དོལ་རྒྱལ་གྱིས་༸རྒྱལ་དབང་མཆོག་དགོངས་པ་རྫོགས་དུས་ཤེས་ཏེ། དགུ་རྫོགས་གནམ་གང་ཡིན་ད། ཞེས་སྐད་གསང་མཐོན་པོས་ལུང་བརྒྱབ་པ་དེ་ཇི་ལྟར་འགྲེལ། དེ་དུས་བོད་ལྷ་མི་ཡོངས་རྫོགས་མྱ་ངན་གྱིས་གདུངས་དུས་ཡིན་ཀྱང་། དོལ་རྒྱལ་དགའ་སྟེ་ལུང་སྐད་གསང་མཐོན་པོས་བརྒྱབ་པ་ནི། འདྲེའི་རང་བཞིན་གྱི་བྱ་སྤྱོད་ལས་སངས་རྒྱས་ཀྱི་བསྟན་པ་སྙིང་ལ་བཅང་མཁན་གྱི་དྲེགས་པ་ཕལ་པ་ཞིག་གིའང་སྤྱོད་ཚུལ་གཏན་ནས་མིན་པའི་ཕྱིར་ཏེ། དེ་ནི་ཤིན་ཏུ་སྨད་པའི་བྱ་བ་ཐ་ཤལ་དང་། ལས་ངན་ཤིན་ཏུ་མི་བཟད་པ་ཞིག་ཡིན་པའི་ཕྱིར། དེས་ན་དོན་ལ་དེ་དུས་དོལ་རྒྱལ་གྱིས་རང་གི་ངོ་བོ་དམ་སྲིར་དངོས་སུ་ཁས་བླངས་པ་ཡིན་ནོ། །

ཡང་ཅོལ་ཆུང་ཕྱི་གླིང་པ་སོགས་འགའ་རེས་ལོ་རྒྱུས་དེ་ལྟར་བདེན་ན་དེས་དོལ་རྒྱལ་༸རྒྱལ་དབང་བཅུ་གསུམ་པའི་དགོངས་པ་རྫོགས་དུས་ཤེས་མཁན་ཡིན་པས་རྟོགས་པ་༸རྒྱལ་དབང་ཉིད་ལས་ཁོ་མཐོ་བར་སྒྲུབ་བོ་ཞེས་སྨྲས་པ་ལ་འདི་ལྟར་བརྗོད་པར་བྱ་སྟེ། སྔོན་རྒྱ་གར་དུ་སྟོན་པ་མྱ་ངན་ལས་འདའ་དུས་འཁོར་གྱི་ཉན་ཐོས་སོགས་དགྲ་བཅོམ་པ་མང་པོས་མཁྱེན་ཏེ་དེའི་སྔོན་ནས་རང་རང་གི་སྐུ་ཚེའི་འདུ་བྱེད་བཏང་བར་ཉན་ཐོས་འོད་སྲུང་ཆེན་པོས་དེ་ལྟར་བྱས་ན་བསྟན་པར་གནོད་པས་བྱར་མི་རུང་བའི་བཀར་བཏགས་པའི་ལོ་རྒྱུས་ཡོད་པས། འཁོར་གྱི་ཉན་ཐོས་དེ་དག་སངས་རྒྱས་དངོས་ལས་ཀྱང་རྟོགས་པ་མཐོ་བར་ཁས་ལེན་ནུས་སམ། གཞན་ཡང་འཁོར་གྱི་ཉན་ཐོས་དེ་དག་ནི་རང་ཉིད་ལ་ཐར་པའི་ཡོན་ཏན་སོགས་མི་འཇིགས་པའི་སྤོབས་པ་དང་ལྡན་ཡང་བཀའ་དྲིན་གྱི་བདག་ཉིད་སྟོན་པ་ཐུགས་རྗེ་ཅན་སྐུ་མྱ་ངན་ལས་འདའ་རྒྱུའི་དུས་སྔོན་ནས་མཁྱེན་ཏེ། དུས་དེ་ཕྱིས་དངོས་སུ་མྱོང་བར་སྙིང་ནས་མི་བཟོད་པར་རང་རང་གི་སྐུ་ཚེའི་འདུ་བྱེད་བཏང་སྟེ་མྱ་ངན་ལས་འདས་ཀྱང་། དོལ་རྒྱལ་གྱི་ངང་ཚུལ་དེ་ལས་བཟློག་སྟེ་བོད་འདིར་བཀའ་དྲིན་གྱི་བདག་ཉིད་༸རྒྱལ་དབང་བཅུ་གསུམ་པ་དགོངས་པ་རྫོགས་དུས་སྔོན་ནས་ཤེས་ཏེ་དགའ་བསུ་ཞུས་པར་སོམས་དང་། ཁོ་འདྲེ་ངོ་མ་ཡིན་པ་ཡང་ཤེས་པར་མི་དཀའོ། །གཞན་ཡང་ཡི་དྭགས་སྡུག་པ་ཅན་དང་བདུད་སྡིག་ཏོ་ཅན་སོགས་ལ་མངོན་ཤེས་ཐན་ཐུན་སྔོན་གྱི་ལས་དབང་གི་མཐུས་འབྱུང་བས། དེ་ཙམ་ལ་ཡི་རྟོན་པར་མི་རུང་བའི་ཚུལ་གཤམ་དུ་ཡང་འཆད་པར་བྱའོ། །

༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་དོལ་རྒྱལ་ལ་གཟིགས་ཚུལ་ངོ་མ་ནི་༸སྐྱབས་རྗེ་ཕ་བོང་ཁས་དོལ་རྒྱལ་ཁྱབ་སྤེལ་མཛད་པར་ཐུགས་མ་རངས་པར་སྐྱབས་རྗེ་ཕ་བོང་ཁའི་བཀའ་ཆོས་གནང་རྒྱུར་དམ་བསྒྲགས་མཛད་པ་རྗེ་ཕ་བོང་ཁའི་རྣམ་ཐར་ནང་གསལ་ལྟར་དང་། དེ་བཞིན་སྔར་སེ་ར་སྔགས་པ་གྲྭ་ཚང་དུ་དོལ་རྒྱལ་གྱི་འདྲ་སྐུ་ཞིག་དེ་ནས་ཕྱིར་དབྱུང་དགོས་པའི་བཀའ་སློབ་སྩལ་བ་མི་རབས་རྒན་པ་རྣམས་ལ་ཡོངས་སུ་གྲགས་པ་སྟེ། དེ་དག་གིས་ཀྱང་༸རྒྱལ་བ་ཐམས་ཅད་མཁྱེན་པས་དོལ་རྒྱལ་གྱི་ངོ་བོ་ཆོས་སྲུང་ཚད་ལྡན་ཞིག་ཏུ་གཏན་ནས་ངོས་འཛིན་མེད་པ་ནི་ཤིན་ཏུ་ནས་གསལ་ལོ། །

ཡང་སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེ་དང་སྟག་བྲག་རིན་པོ་རྣམ་གཉིས་ལ་རྗེ་ཕ་བོང་ཁས་ཆོས་འབྲེལ་གསན་ནས་བླ་སློབ་དུ་གྱུར་ནས་ཡོད་པ་རྗེ་ཕ་བོང་ཁའི་གསན་ཡིག་དང་རྣམ་ཐར་ནང་གསལ་ཡང་། དོལ་རྒྱལ་ཚོགས་པས་༸སྐྱབས་རྗེ་ཕ་བོང་ཁའི་སློབ་མར་བོད་ཀྱི་སྲིད་སྐྱོང་རྣམ་པ་གཉིས་ཀ་གྱུར་པ་སྨྲས་ཤིང་། བླ་མ་དེ་གཉི་གའི་དྲུང་ནས་རྗེ་ཕ་བོང་ཁས་ཆོས་འབྲེལ་གསན་པ་མ་ཤེས་པར་བབ་ཅོལ་དུ་ཆེ་བ་འདོན་མི་ཤེསཀྱང་དེ་ལྟར་སྨྲས་པ་ནི་རང་མཚང་ཕྱི་ལ་མངོན་པ་ལས་གཞན་དུ་ཅི་ཞིག་ཡིན་ཏེ། དེ་ཡང་ཕུགས་སུ་༸རྗེ་ཕ་བོང་ཁའི་ཆེ་བ་འདོན་འདོད་པ་ཙམ་མིན་པར་དོལ་རྒྱལ་ཚད་མར་སྒྲུབ་འདོད་ནས་ཡིན་པ་ལ། སྲིང་སྐྱོང་དེ་གཉི་ག་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་ནང་ཁོངས་ཀྱི་སློབ་མ་ཡིན་པས། དེས་ན་དོལ་རྒྱལ་འདྲེར་གཟིགས་མཁན་ཡིན་པ་དེའི་ཕྱིར་༸སྐྱབས་རྗེ་ཕ་བོང་ཁའི་ཆེ་བ་བླ་མ་དེ་གཉིས་དང་ཕན་ཚུན་བླ་སློབ་མཛད་པའི་སྟེང་ནས་སྨྲས་པ་ན། དོན་ལ་དོལ་རྒྱལ་འདྲེ་ཡིན་པ་ཡང་ཁས་ལེན་དགོས་པ་འགྱུར་བའི་ཕྱིར། རིགས་པ་སྨྲ་བ་ཡིན་ན་གནད་འདི་ཤེས་པར་མི་དཀའོ། །སྤྲོ་ན་༸སྐྱབས་རྗེ་ཕ་བོང་ཁ་དང་བོད་ཀྱི་སྲིད་སྐྱོང་རྣམ་གཉིས་ཕན་ཚུན་བླ་སློབ་ཡིན་པས། ཅི་སྟེ་བཤེས་གཉེན་སྟེན་ཚུལ་གྱི་ཐད་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དང་དགོངས་པ་མི་མཐུན་པ་༸རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ཆེན་པོར་དམ་ཚིག་ལོག་པའི་རྒྱུར་འགྱུར་ན། རིགས་པ་དེས་༸སྐྱབས་རྗེ་ཕ་བོང་ཁ་སོགས་བོད་ཀྱི་བླ་ཆེན་ཕལ་མོ་ཆེ་ལ་ཉེས་པ་དེ་ཉིད་དུ་འགྱུར་བ་ཡང་ཁས་ལེན་དགོས། ཞེས་རིགས་པའི་ཕྲེང་བ་བར་མ་ཆད་ཀྱིས་དེ་དག་གི་ཧམ་བཤད་འགོག་སླའོ། །

སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེ་རྗེ་ཕ་བོང་ཁ་ནས་ཆོས་འབྲེལ་གསན་ཡང་། དོལ་རྒྱལ་ནི་འདྲེར་ངོས་འཛིན་མཁན་ཡིན་པ་ཡང་རྗེ་ཕ་བོང་ཁའི་རྣམ་ཐར་དྲུང་བློ་རྡོས་མཛད་པའི་ཤོག་༦༦༦ནང་འདི་ལྟར་བྱུང་སྟེ།

འདི་གའི་སྔོན་སྔ་ཕྱིར་རྭ་སྒྲེང་ནས་ཆོས་ལུགས་གྲུབ་མཐའ་ཆལ་ཆོལ་མང་པོ་གནང་ཚུལ་དང་། རྭ་སྒྲེང་དང་ཆབ་མདོ་མཚན་ཉིད་སྤྲུལ་སྐྲུ་བགྲོས་ཏེ་གེ་སར་གྱི་ལས་རིམ་གསར་རྩོམ་སོགས་ཀྱི་སྒོ་ནས་ཤུགས་ལྡན་སྲེག་གི་སྦྱོར་བ་རྩོམ་ཚུལ་རྗེ་ཉིད་ཀྱི་ཆབ་མདོར་བཀའ་རྩོམ་གནང་བ་འགའ་ལྷ་བཀའ་རྒྱ་མའི་མན་ངག་མང་པོ་གེ་སར་ལ་སྦྱར་བའི་ཆོས་སྐོར་འགའ་ཞིག་རྭ་སྒྲེང་སོགས་ཀྱིས་ཞུས་ཏེ་མཚན་སྤྲུལ་ནས་གསར་རྩོམ་བྱས་ཚུལ་སོགས་དཔེ་ཆ་དངོས་འབུལ་བཅས་དག་ཅིང་གསལ་བར་ཞུ་མིའི་རིགས་མང་དུ་བྱུང་བ་རྗེ་ཉིད་ཐུགས་མི་དགྱེས་པའི་རྣམ་པ་ཆེས་ཆེར་བཞེས།

ཞེས་པ་འདིས་རྭ་སྒྲེང་རིན་པོ་ཆེས་དོལ་རྒྱལ་ལ་དྲག་པོའི་ལས་སྦྱོར་མཛད་དགོས་དོན་ཅི་ལ་ཐུག་བསམ་ན་བོད་བསྟན་སྲིད་དང་འབྲེལ་ནས་ཡིན་པར་གདོན་མི་ཟ་བས། དོན་གྱིས་དོལ་རྒྱལ་བོད་གཞུང་མང་ལ་ཕན་ལས་གནོད་ཆེ་བ་ཡིན་པ་དེས་ཀྱང་གྲུབ་པའི་ཕྱིར་རོ། །

གཞན་ཡང་རྗེ་ཕ་བོང་ཁའི་བུ་སློབ་བརྒྱུད་འཛིན་པ་ངོ་མ་ཞིག་ཡིན་ན། རྗེ་ཕ་བོང་ཁས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་གསུང་རྣམ་རྩོམ་པར་སྤྲོ་བ་ཆེས་ཆེར་བསྐྱེད་དེ་དེ་སྐལ་བཟང་གི་གོ་སྐལ་དུ་བརྩིས་ཤིང་། ༸་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་སོགས་ནང་ཁོངས་ཀྱི་ཞལ་སློབ་རྣམས་ལ་༸རྒྱལ་དབང་འདི་༸རྒྱལ་བ་བདུན་པ་ཆེན་པོ་ལས་མཛད་འཕྲིན་རྒྱས་པ་ཡོང་རྒྱུའི་རེ་འདུན་གྱིས་མ་འོངས་པར་སྲི་ཞུའི་གོ་སྐབས་འབྱུང་ན་ལྷག་བསམ་ཟོལ་མེད་གནང་དགོས་པའི་ཞལ་ཆེམས་མཛད་པ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་རང་རྣམ་ནང་གསལ་བ་ལྟར་ན། དོན་ལ་༸སྐྱབས་རྗེ་ཁ་བོང་ཁས་རང་རེའི་༸རྒྱལ་དབང་བཅུ་བཞི་པ་ཆེན་པོར་ཐུགས་བརྩེ་བ་ཆེན་པོའི་གཟིགས་ཚུལ་ཡོད་པ་དང་། དེ་བཞིན་༸རྒྱལ་དབང་གོང་མའི་ཡང་སྲིད་འཁྲུལ་བྲལ་ཡིན་མིན་གྱི་དོགས་གཞི་ཙམ་ཡང་མཛད་མྱོང་མེད་པའང་གྲུབ་ལ། དེ་ཡང་སྤྱིར་༸རྒྱལ་དབང་རིམ་བྱོན་ལས་ཡོངས་རྫོགས་བསྟན་པ་དང་འབྲེལ་བའི་མཛད་འཕྲིན་༸གོང་ས་བདུན་པ་ལས་ཀྱང་༸གོང་ས་ལྔ་པ་རྒྱས་པ་ཡིན་རུང་། ༸སྐྱབས་རྗེ་ཕ་བོང་ཁས་༸རྒྱལ་དབང་འདི་༸རྒྱལ་དབང་བདུན་པ་ཆེན་པོ་ལས་མཛད་པ་འཕྲིན་ལས་ཆེས་ཆེར་རྒྱས་པར་འབྱུང་རྒྱུར་གྱི་བཀའ་སློབ་སྩལ་བ་ནི། དགེ་ལྡན་པའི་བསྟན་པ་གཙོ་བོར་ཉམས་བཞེས་ཀྱི་མཛད་པ་དང་འབྲེལ་ནས་དགེ་ལྡན་པའི་བསྟན་པར་༸གོང་ས་སྔ་མ་གཤེགས་ཟིན་ཀུན་ལས་ཀྱང་༸རྒྱལ་དབང་བསྐལ་བཟང་རྒྱ་མཚོ་བཀའ་དྲིན་ཆེ་བ་ལ་དགོངས་པ་སྟེ། དེ་ལས་༸རྒྱལ་དབང་བཅུ་བཞི་པ་ཆེན་པོ་དགེ་ལྡན་པའི་བསྟན་པར་འཕྲིན་ལས་དང་བཀའ་དྲིན་ཆེ་བར་འབྱུང་འགྱུར་གྱི་བཀའ་ལུང་དེའི་གཏད་སའི་དགོངས་པ་དཔོག་ཤེས་ན། རྗེ་ཕ་བོང་གའི་བུ་སློབ་ངོ་མ་ཞིག་དང་དགེ་ལྡན་པ་ཚད་ལྡན་ཞིག་ཡིན་ན་ད་ལྟའི་༸རྒྱལ་དབང་འདི་ལ་ལྷག་པར་དད་གུས་དགོས་ཤིང་། དེ་ལས་ལྡོག་སྟེ་༸སྐྱབས་རྗེ་རྣམ་པ་གཉིས་ཀྱི་དབང་ལུང་མན་ངག་བརྒྱུད་འཛིན་གྱི་རྒྱལ་ཚབ་དམ་པའི་ཁྲིར་མགོན་པོ་ཐུགས་རྗེ་ཆེན་པོ་འདི་ཉིད་བཞུགས་ཀྱང་། ཞིང་མཆོག་དམ་པ་འདི་ལྟ་བུར་སྐུར་བ་འདེབས་ཤིང་མ་དད་པ་བྱེད་པ་ནི་རང་གི་བླ་མ་སྔ་མའི་ཞབས་འདྲེན་པ་ཁོ་ན་ཡིན་ལ། དེ་ཡང་རྗེ་གོང་མའི་མཛད་པའི་གཙོ་བོ་གང་ཡིན་མི་ཤེས་ཁར་རྟོག་བཟོའི་འདྲེ་གསོལ་གྱི་བརྒྱུད་པ་ལྷུར་ལེན་ཞིང་། སྟག་མཆོང་སར་ཝ་མཆོང་ན་ཝ་སྐེ་ཚིགས་ལོག་པར་འགྱུར་ངེས་ཀྱང་། དེ་མི་ཤེས་པར་ནད་ཡམས་ཀྱིས་སེམས་འཚོ་མ་ཟིན་པ་ལྟར་བྱས་ཏེ་རང་གི་འདི་ཕྱི་གཏན་གྱི་མདུན་མ་སྤྱིར་ནས་ཕུགས་ནས་ལེགས་སུ་འདོད་ཀྱང་རྣམ་དཔྱོད་རྣམས་ལས་སྒྲིབ་དང་། མི་ཤེས་པའི་རྨོངས་པ། དེ་བཞིན་ཕྱོགས་རིས་ཀྱི་དྲ་བས་སྒྲིབ་ཞིང་། མི་དགེ་བའི་བཤེས་གཉེན་གྱི་སླུ་བྲིད་འོག་ཚུད་པ་དང་ཚུད་འགྱུར་གྱི་སེམས་ཅན་ཉམ་ཐག་འདི་དག་ལ་མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས་ལྷག་པར་ཐུགས་རྗེས་སྐྱོངས་བར་ཞུ་ཞེས། ༸སྐྱབས་རྗེ་རྣམ་པའི་སློབ་བརྒྱུད་དུ་གཏོགས་ཤིང་གངས་ཅན་གྱི་མགོན་པོ་༸རྒྱལ་དབང་ཐུགས་རྗེའི་བདག་ཉིད་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་དངོས་སློབ་མིའི་རྟེན་ཅན་ས་ཡ་དུ་མར་གྱུར་པའི་ནང་ནས་སློབ་མའི་གྲལ་དུ་འཁོད་ཐུབ་ཙམ་གྱི་སྐལ་བ་ཅན་ཞིག་གིས་དོལ་རྒྱལ་ཚོགས་པའི་དྲ་རྒྱར་ཡོད་པའི་གཞན་སླུ་བྲིད་ཀྱི་འཆལ་གཏམ་གོང་གི་དེ་མཐོང་བར་གཏིང་ནས་མ་བཟོད་པར་གསལ་བཤད་ལུང་རིགས་ཀྱི་ཁུངས་དང་བཅས་ཏེ་བྲིས་པ་དགེ་བར་གྱུར་ཅིག

Related Articles

ལམ་སྟོན།