༸སྐྱབས་རྗེ་ཕ་བོང་ཁ་དང། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་དང། དོལ་རྒྱལ།

༸སྐྱབས་རྗེ་ཕ་བོང་ཁ།
༸སྐྱབས་རྗེ་ཕ་བོང་ཁ།

http://shugdenfacts.com/gadenjangtsemonastery/

༸སྐྱབས་རྗེ་ཕ་བོང་ཁ་ནི་སྐུ་ཚེ་སྟོད་ལ་ཆོས་བརྒྱུད་རིས་མེད་གནང་མཁན་ཞིག་དང། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ཀྱང་དམིགས་བསལ་གཟིགས་སྐྱོང་ཡོད་པ་ཞིག་ཡིན་ཞིང་། དེ་ཡང་ཁོང་ལ་སྤྱིར་བླ་ཆེན་གྱི་མཚན་གནས་མེད་ཀྱང་༸རྒྱལ་བའི་གཟིགས་སྐྱོང་དང་འབྲེལ་རང་ཉིད་ཀྱི་མཚན་མཐོང་མཛད་འཕྲིན་ལ་ཕན་རླབས་ཇེ་ཆེར་འབྱུང་ཡང་། ཕྱིས་དོལ་རྒྱལ་དང་འབྲེལ་བ་བྱུང་རྗེས་རིས་མེད་ཀྱི་ཉམས་བཞེས་མཛད་རྒྱུའི་དགོངས་པ་ཡང་བཏང་བ་དང། ༸རྒྱལ་དབང་བཅུ་གསུམ་པས་ཀྱང་དོལ་རྒྱལ་དང་འབྲེལ་བའི་རྐྱེན་གྱིས་བཀའ་ཆད་ཕོག་པ་ལོ་རྒྱུས་ཡོངས་གྲགས་ལྟར་དང། རྗེ་ཕ་བོང་ཁ་རང་ཉིད་ཀྱི་རྣམ་ཐར་གང་གི་དྲུང་ཡིག་བློ་བཟང་རྡོ་རྗེས་བརྩམས་པའི་ནང་དུའང་གསལ་ཡོད།

༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཡང། སྤྱིར་ཁྲི་བྱང་ཆུབ་ཆོས་འཕེལ་གྱི་ཡང་སྲིད་དུ་གྲགས་པས་ཁྲི་སྤྲུལ་གྱི་མཚན་གནས་ཡོད་མོད། དང་པོར་༸རྒྱལ་བའི་མཚན་ཞབས་དང། དེ་ནས་ཡོངས་འཛིན་གྱི་མཚན་གནས་དང་འབྲེལ་དགེ་ལྡན་པའི་བླ་ཆེན་དུ་གྲགས་པའང་བྱུང་། དོལ་རྒྱལ་དང་འབྲེལ་བ་བྱུང་བ་ཡང་རང་གི་བླ་མ་༸སྐྱབས་རྗེ་ཕ་བོང་ཁའི་མཇུག་སྐྱོང་མཛད་པ་ཡིན། བླ་མ་དམ་པ་དེ་གཉིས་སྤྱིར་བསམ་གྱིས་མི་ཁྱབ་པ་ཡོད་མོད། ༸སྐྱབས་རྗེ་ཕ་བོང་ཁའི་མཚན་མཐོང་གཟེང་བསྟོད་དེ་༸རྒྱལ་དབང་བཅུ་གསུམ་པས་གཟིགས་སྐྱོང་ལས་གཙོ་བོར་བྱུང་བ་དང། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའང་༸རྒྱལ་བའི་ཡོངས་འཛིན་གྱི་མཚན་གནས་དང་འབྲེལ་མཚན་སྙན་གྱི་བ་དན་ཕྱོགས་བཅུར་འཕྲོས་པ་ནི་༸རྒྱལ་བ་ལྔ་པ་ཆེན་པོས་དབུ་བརྙེས་པའི་གཞུང་དགའ་ལྡན་ཕོ་བྲང་དང་འབྲེལ་ནས་བྱུང་བ་གདོན་མི་ཟ་བས་ཤེས་ལྡན་རྣམས་ལ་ལོ་རྒྱུས་ཀྱི་ར་སྤྲོད་མི་དགོས་ཀྱང། ད་ཆ་དོལ་རྒྱལ་བསྟེན་མི་ཚོས་༸རྒྱལ་དབང་ལྔ་པ་དང་བཅུ་གསུམ་པར་ཡང་སྐུར་འདེབས་ཚད་མེད་བྱེད་བཞིན་པའི་དུས་དེར་མང་ཚོགས་ལ་དྲན་སྐུལ་གྱི་ཚུལ་དུ་ཞུས་པའོ། །

ཕྱི་ལོ་༡༩༩༦ ཟླ་ ༥ ཚེས་ ༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཁུལ་དུ་ཡོད་པའི་བླ་སྤྲུལ་རྣམ་པ་དང༌། དགེ་བཤེས། ཉེ་འཁོར་གྲྭ་ཚང་གི་འཐུས་མི། གྲྭ་བཙུན་གཙོ་བོར་གྱུར་པའི་ཐོག་བཀའ་སྤྱི་དང་སྲི་ཞུའི་ལས་བྱེད་ཁོངས་གཏོགས་དང༌། ཚོགས་པ་ཁག་གི་རྒྱུན་ལས་འཐུས་མི། གཞན་ཡང་སེར་སྐྱ་མི་མང་ཁག་གཅིག་བཅས་ལ་དོལ་རྒྱལ་ལམ། རྒྱལ་ཆེན་ཤུགས་ལྡན་གྱི་སྐོར་ལ་ལོ་རྒྱུས་ཀྱི་ཡིག་ཆའི་ཁུངས་སྐྱེལ་དང་བཅས་སྤང་བླང་བྱེད་སྒོའི་བཀའ་སློབ་གསལ་བཤད་ཤིན་ཏུ་གལ་ཆེ་བ་ཞིག་སྩལ་བའི་བཀའ་སློབནས་ཟུར་འདོན།

༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་སྐུ་ཚེ་སྟོད་ལ་༸སྐྱབས་རྗེ་ཕ་བོང་ཁར་དམིགས་གསལ་ཐུགས་བརྩེས་བསྐྱངས་པ།
༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་སྐུ་ཚེ་སྟོད་ལ་༸སྐྱབས་རྗེ་ཕ་བོང་ཁར་དམིགས་གསལ་ཐུགས་བརྩེས་བསྐྱངས་པ།
༸སྐྱབས་རྗེ་ཕ་བོང་ཁས་སྐུ་ཚེ་སྟོད་ལ་རིས་མེད་མཛད་པའི་ཁུངས།
༸སྐྱབས་རྗེ་ཕ་བོང་ཁས་སྐུ་ཚེ་སྟོད་ལ་རིས་མེད་མཛད་པའི་ཁུངས།
༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་སྐུ་ཚེ་སྟོད་ལ་༸སྐྱབས་རྗེ་ཕ་བོང་ཁར་དམིགས་གསལ་ཐུགས་བརྩེས་བསྐྱངས་པ།
༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་སྐུ་ཚེ་སྟོད་ལ་༸སྐྱབས་རྗེ་ཕ་བོང་ཁར་དམིགས་གསལ་ཐུགས་བརྩེས་བསྐྱངས་པ།
༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་སྐུ་ཚེ་སྟོད་ལ་༸སྐྱབས་རྗེ་ཕ་བོང་ཁར་དམིགས་གསལ་ཐུགས་བརྩེས་བསྐྱངས་པ།
༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་སྐུ་ཚེ་སྟོད་ལ་༸སྐྱབས་རྗེ་ཕ་བོང་ཁར་དམིགས་གསལ་ཐུགས་བརྩེས་བསྐྱངས་པ།
༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་སྐུ་ཚེ་སྟོད་ལ་༸སྐྱབས་རྗེ་ཕ་བོང་ཁར་དམིགས་གསལ་ཐུགས་བརྩེས་བསྐྱངས་པ།
༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་སྐུ་ཚེ་སྟོད་ལ་༸སྐྱབས་རྗེ་ཕ་བོང་ཁར་དམིགས་གསལ་ཐུགས་བརྩེས་བསྐྱངས་པ།

གང་ལྟར་རི་བོ་དགེ་ལུགས་པའི་བསྟན་འཛིན་གྱི་སྐྱེས་བུའི་ནང་ནས་དངོས་གནས་བསྟན་པ་ལ་ཕྱག་རྗེས་ཆེན་པོ་ཡོད་པའི་ཚད་ཐུབ་ཀྱི་སྐྱེས་བུ་རྩོད་མེད་ཡོངས་སུ་གྲགས་པའི་དགེ་ལུགས་རྐྱང་རྐྱང་གནང་མཁན་གྱི་བླ་མ་ཡབ་སྲས་གསུམ་གྱི་ཐོག་ནས་དེའི་ཐད་དམ་ཕྲུག་བརྒྱབ་པ་ལྟ་བུ་ཆགས་ཡོད། ངོས་ནས་བསམ་བཏང་དྲན་སྐྱེས་བྱས་ནས་བཤད་པ་མིན་ལ། ཡང་གནས་ཆུང་གིས་བཤད་པར་ངས་རྣ་ཅོག་སྲབ་པོ་བྱས་ནས་བཤད་པའང་མིན། འདི་དག་ནི་མི་ཐོག་མང་པོའི་གོང་ནས་གནས་ཚུལ་ཡོད་པ་ཞིག་ཡིན། དེ་འདྲ་ཡིན་དུས་སྔར་ཡིན་ན་རྒྱལ་ཆེན་དོལ་རྒྱལ་ཟེར་གྱི་ཡོད་པ་དང༌། དེ་ནས་རྒྱལ་ཆེན་དང་ཤུགས་ལྡན་ཡང་ཟེར་གྱི་ཡོད། འཇམ་མགོན་རྒྱལ་བའི་བསྟན་སྲུང་ཟེར་བའི་མིང་འདི་ཕྱིས་སུ་གྲགས་པ་ཞིག་ཡིན་པ་ལས་དེ་སྔ་ཡོད་པའི་མིང་ཞིག་མ་རེད། དྲེགས་པ་བསྐྱེད་ཆོག་གི་གཞུང་ལ་རྒྱལ་པོ་སྐུ་ལྔ་ཡིན་ནའང་འདྲ། མང་པོ་ཞིག་བསྐྱེད་དུས་མངའ་གསོལ་དང༌། བསྐང་བ་དེ་འདྲའི་ནང༌། དཔེར་ན། རྒྱལ་པོ་སྐུ་ལྔར་ཆ་བཞག་ན་ངོ་བོ་བཀའ་བརྒྱད་ཡིན་པར་བརྟེན་དེ་འདྲའི་ཐོག་ནས་ཡིད་ཆེས་གསོལ་འདེབས་ཀྱི་བསྐང་བའི་ཚིག་འདྲ་ཡོད་པ་ལས། བསྐྱེད་པའི་སྐབས་དྲེགས་པ་དྲེགས་པ་རང་གི་གནས་ལ་བཞག་ནས་བསྐྱེད་ཀྱི་ཡོད་པ་རེད། དོལ་རྒྱལ་གྱི་བསྐྱེད་ཆོག་ནང་ཡ་ཧུཾ་གིས་མཚན་པ། ངོ་བོ་འཇམ་དཔལ་གཤིན་རྗེའི་གཤེད། རྣམ་པ་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཟེར་ནས་འགོའི་མངོན་རྟོགས་རང་ལ་བསྐྱེད་ཆོག་དེ་འདྲ་འདུག དེ་ནི་ཧ་ཅང་ཐལ་དྲགས་པ་རེད། བླ་མ་བསམ་གྱིས་མི་ཁྱབ་པ་མ་རེད་དམ་ཟེར་ན། བླ་མ་བསམ་གྱིས་མི་ཁྱབ་པ་རེད། ཡིན་ན་ཡང་ཀློང་རྡོལ་བླ་མ་རིན་པོ་ཆེས་གསང་སྔགས་མིང་གི་རྣམ་གྲངས་ནང༌། དབང་བསྐུར་བའི་དཀྱིལ་འཁོར་གྱི་རྣམ་གཞག་གསུང་དུས། བུམ་དབང་བསྐུར་སའི་དཀྱིལ་འཁོར་གྱི་གྲས་ལ་བློས་བསླངས་ཀྱི་དཀྱིལ་འཁོར་བགྲངས་པ་བླ་མ་གོང་མ་འགས་གསུངས་པ་ཞིག་ལ་ཀློང་རྡོལ་བླ་མ་རིན་པོ་ཆེས་དེ་ནི་རྟོགས་པ་མཐོན་པོའི་ཧང་རྒྱག་རེད། ཅེས་གསུངས་འདུག ྋསྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོ་བླ་མ་བསམ་གྱིས་མི་ཁྱབ་པ་རེད། ཡིན་ནའང་དོལ་རྒྱལ་སྐོར་གསུང་སྟངས་དེ་ཚོ་ཞེ་ས་མ་ཞུས་ན་རྟོགས་པ་མཐོན་པོའི་ཧང་རྒྱག་རེད། རིན་པོ་ཆེ་ཁོང་ཚད་ལོངས་པ་རེད། རིན་པོ་ཆེ་ཁོ་རང་རྟོགས་པ་མཐོན་པོ་རེད། རྟོགས་པ་མཐོན་པོ་ཁོང་རང་གིས་དྲེགས་པ་བསྟེན་པ་དེ་གནས་ཚུལ་ཐ་དད་རེད། འོན་ཀྱང་འདི་ཙམ་གྱི་ཆེ་བསྟོད་གནང་བ་འདི་ཕྲན་བུ་ཧང་རྒྱག་གནང་བ་ཞིག་ཡིན་པར་ཕལ་ཆེར་ངས་ཞུས་ཆོག་གི་རེད་སྙམ། ཕྱོགས་བསྡོམས་ནས་ཞུས་པ་ཡིན་ནའང་འདི་ལྟར་ཞུ་ཆོག དེ་ནས་ཁུངས་དྲངས་པའི་རྒྱུ་མཚན་གཅིག་སྲོག་གཏད་ཀྱི་རྒྱུན་གཙོ་བོ་དེ་སྟག་ཕུ་པདྨ་བཛྲ་ཞེས་བསམ་གྱིས་མི་ཁྱབ་པའི་བླ་མ་དེ་ལ་དག་སྣང་བྱུང་བའི་གནས་ཚུལ་ཞིག་ཆགས་ཡོད། ཡིན་ནའང་དེའི་ལོ་རྒྱུས་ལ་ཞིབ་ཏུ་བསམ་བློ་བཏང་ན། ཕལ་ཆེར་ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཆུང་ཆུང་སྐབས་ནས་དོལ་རྒྱལ་དང་འབྲེལ་བ་ཡོད་པས། དེ་འདྲའི་ཐོག་ནས་སྟག་ཕུ་པདྨ་བཛྲ་ལ་ཡར་ཞུ་བསྐུལ་ནན་པོ་གནང་བ་ཞིག་མིན་ནམ་སྙམ་པ་འདི་ལ་ང་ཚོས་ཞིབ་འཇུག་བྱེད་དགོས་པ་འདུག དེ་འདྲའི་ཞུ་བསྐུལ་ནན་པོ་གནང་ཡོང་དུས་སྟག་ཕུ་རིན་པོ་ཆེའི་ཐུགས་གཤིས་དེ་ང་རང་ཚོའི་ལྷ་བཙུན་རྡོ་རྗེ་འཆང་ནང་བཞིན་ཧ་ཅང་གི་ཐུགས་གཤིས་བཟང་པོ་ཞིག་ཡིན་ཚོད་འདུག དེ་འདྲའི་ཐོག་ནས་ཡོང་སྲིད་པ་རེད།

   དེ་ལྟར་ཡིན་པའི་རྒྱུ་མཚན་གཅིག་ཡོངས་འཛིན་དམ་པ་བཀའ་དྲིན་ཅན་གླིང་རིན་པོ་ཆེས་ངོས་ལ་ལོ་རྒྱུས་གསུངས་པ་ཞིག་ལ། སྟག་ཕུ་པདྨ་བཛྲ་བདག་ཉིད་ཆེན་པོ་འདིའི་གསུང་ནང་ལ་བོན་ཆོས་ཁ་ཤས་ཡོད་པ། འདི་དག་བླ་མ་རྡོ་རྗེ་འཆང་ཕ་བོང་ཁ་རིན་པོ་ཆེ་ལ་སྐབས་ཤིག་སྟག་ཕུ་རྡོ་རྗེ་འཆང་གིས་ངའི་བརྩམས་བྲིས་འདི་དག་ལ་ཞུ་དག་གཏོང་དགོས་ཞེས་བཀའ་གནང༌། བཀའ་གནང་བ་ལྟར་ྋསྐྱབས་རྗེ་ཕ་བོང་ཁས་ཞུ་དག་གཏོང་བ་གནང་སྐབས་དེའི་ནང་ཡོད་པའི་བོན་ཆོས་དེ་དག་ཚང་མ་བཏོན་པ་ཡིན། སྟག་ཕུ་རྡོ་རྗེ་འཆང་ལ་སློབ་མ་མང་པོ་ཡོད་པ་དེ་ཚོའི་ནང་ནས་བོན་པོ་ཁ་ཤས་ཀྱིས་སྟག་ཕུ་རྡོ་རྗེ་འཆང་ལ་འདི་སྐོར་ལ་གསུང་རྩོམ་ཞིག་གནང་རོགས་ཞེས་ཞུ་མཁན་བྱུང་བ་དེ་ཚོའི་ཞུ་ངོ་མ་བཟློག་པར་མཛད་པ་ཞིག་རེད་འདུག དེ་དག་ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་ཚང་མ་བཏོན་ཏེ་གཙང་མ་བཟོས་པ་ཡིན་ཞེས་ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་རང་ནས་ཡོངས་འཛིན་རིན་པོ་ཆེར་གསུངས། ཡོངས་འཛིན་རིན་པོ་ཆེས་ངོས་ལ་གསུངས་བྱུང༌། འདིས་བླ་མའི་ཐུགས་གཤིས་བསྟན་ཡོང་གི་ཡོད། དེའི་བབ་ནས་བལྟས་ན་ྋསྐྱབས་རྗེ་བདེ་བར་གཤེགས་པ་ཕ་བོང་ཁ་རིན་པོ་ཆེར་དག་སྣང་གི་སྲོག་གཏད་འདི་བྱུང་བ་མིན་ནམ། དེ་འདྲ་ཡིན་དུས་སྔོན་མ་ངས་གནས་ཚུལ་དེ་སྐོར་གནས་ཆུང་ལ་དོགས་གཅོད་བྱེད་མྱོང༌། དོགས་གཅོད་བྱེད་སྐབས་དེ་བར་ཆད་ཀྱི་དབང་གིས་ཡོང་མི་སྲིད་པ་མིན་ཞེས་དེ་འདྲ་ཞིག་གསུང་བྱུང༌། གང་ལྟར་ག་རེ་ཡིན་རུང་མིན་རུང་རྩ་བའི་དོལ་རྒྱལ་གྱི་འགྲོ་སྟངས་དེ་ལྟར་ཆགས་ཡོང་དུས་བདེ་པོ་ཞིག་ཡོང་གི་མེད།

ཕྱི་ལོ་ ༢༠༠༠ ཟླ་ ༡༢ ཚེས་ ༦ ཉིན་བཞུགས་སྒར་དྷ་རམ་ས་ལར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་མགོན་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ྋཞབས་སོར་བཀའ་དྲིན་བསྐྱངས་ཏེ་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།

   སྐྱབས་རྗེ་ཕ་བོང་ཁ་པ་རིན་པོ་ཆེས་དོལ་རྒྱལ་བསྟེན་གསོལ་གནང་བ་དེ་དུས་ཇི་ཙམ་ནས་ཡིན་ཞེ་ན། སྐུ་ཚེ་སྨད་ལ་རེད། སྐུ་ཚེའི་སྟོད་ཀྱི་མཛད་པ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ང་ལ་བཀའ་གནང་མྱོང༌། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་སྐུ་ན་ཆུང་ཆུང་སྐབས་ཆུ་བཟང་རི་ཁྲོད་ལ་བཞུགས་ཀྱི་ཡོད་པ་དང༌། དེ་དུས་སྐྱབས་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ་ཡང་དེར་བཞུགས་ཀྱི་ཡོད་ཅིང༌། རྟ་མགྲིན་ཡང་གསང་གི་ལྗགས་བསྙེན་ལ་བཞུགས་ནས་རིལ་བུ་དམར་པོ་མང་པོ་ཞིག་སྒྲིལ་གནང་སོང་ཞེས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རང་གིས་བཀའ་གནང་བྱུང༌། སྐུ་ཚེ་སྨད་ལ་ཡང་གསང་རྙིང་མའི་ལྷ་ཡིན་པས་བླ་མཆོད་ཚོགས་ཞིང་ནང་འཇོག་མི་འོས་པར་དགོངས་ཀྱི་ཡོད་པ་རྣམ་ཐར་བོད་པར་ནང་གསལ་བ་ལྟར་རེད། སྐུ་ཚེ་སྟོད་ལ་རིས་མེད་གནང་མཁན་ཞིག་ཡིན་སྟབས་གསང་བ་རྒྱ་ཅན་ཡང་གསན་འདུག དེ་ཙམ་དུ་མ་ཟད་འདོད་འཇོའི་བུམ་བཟང་ཡང་གསན་རྩིས་གནང་འདུག འདོད་འཇོའི་བུམ་བཟང་ནི་རྙིང་མ་རྙིང་རྐྱང་རེད། གཏེར་བདག་གླིང་པས་ལྗགས་སྒྲིག་གནང་བ་ལྟར་རྙིང་མ་རང་ལ་བརྩི་གི་ཡོད། གསང་བ་རྒྱ་ཅན་ལྟར་གསར་མིན་རྙིང་མིན་རྙིང་མས་བདག་པོ་མ་བརྒྱབ་པ་དང༌། དགེ་ལུགས་པས་ཀྱང་བདག་པོ་མ་བརྒྱབ་པ། དེ་གཉིས་བར་ལ་ཆོས་རྒྱུན་ཆད་གྲབས་བྱེད་པ་དེ་འདྲ་རེད། ྋརྒྱལ་བ་རིན་པོ་ཆེའི་ཕ་ཆོས་ལ་བདག་པོ་རྒྱག་མཁན་མེད་པ་ལྟ་བུར་གྱུར་ཡོད། འདོད་འཇོའི་བུམ་བཟང་དེ་འདྲ་མ་རེད། འདོད་འཇོའི་བུམ་བཟང་གསན་རྒྱུའི་དགོངས་པ་བཞེས་པ་དང༌། དོལ་རྒྱལ་གྱི་ཆོ་འཕྲུལ་ཡང་དེའི་སྐབས་སུ་བྱུང་ཡོད་པ་ཕ་རྒོད་བླ་མའི་ཞལ་ལུང་ནང་གསལ་བ་ལྟར་རེད།

   སྐྱབས་རྗེ་ཕ་བོང་ཁ་པ་རིན་པོ་ཆེས་སྐུ་ཚེའི་སྟོད་ལ་རིས་མེད་ཀྱི་བསྟན་པ་ཉམས་བཞེས་གནང་གི་ཡོད་པ་གསལ་པོ་རེད། དོལ་རྒྱལ་དང་འབྲེལ་བ་བྱུང་བའི་རྗེས་ལ། གཞི་ནས་རྙིང་མ་ལ་ཧ་ཅང་འཛེམས་ཟོན་གནང་དགོས་པའི་གནས་ཚུལ་འདི་བྱུང་ཡོད་པ་རེད། དེ་ལྟར་གནང་བ་འདིས་རྗེ་ཕ་བོང་ཁ་པ་རིན་པོ་ཆེའི་མཛད་འཕྲིན་ལ་ཕན་འདུག་དང༌། གནོད་འདུག་བལྟས་ན། ཐོག་མར་བཀའ་དྲིན་ཟླ་མེད་ྋགོང་ས་ྋསྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་སྐུ་ཚེ་སྟོད་ལ་སྐྱབས་རྗེ་ཕ་བོང་ཁ་པ་རིན་པོ་ཆེ་ལ་དམིགས་བསལ་གྱིས་གཟིགས་སྐྱོང་དང་ཐུགས་རེ་གནང་ནས། དུས་དེར་ལོ་རེ་དགའ་ལྡན་ཁྲི་པས་རྨེ་རུ་དགོན་དུ་དཔྱིད་ཆོས་གནང་རྒྱུ་དེ་ཡང་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་གནང་དུ་བཅུག་པ་སོགས་ཐུགས་རེ་ཆེན་པོ་གནང་ཡུལ་དེ། སྐུ་ཚེའི་སྨད་ལ་བཀའ་བཀྱོན་གནང་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད། དེ་ག་རེ་བྱས་ནས་བྱུང་བ་རེད་དམ་ཞེ་ན། ཁ་ཤས་ཀྱིས་ཕྲག་དོག་རེད་བརྗོད་སྲིད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་དོལ་རྒྱལ་གྱི་ཐོག་ནས་བྱུང་བ་ཧ་ཅང་གསལ་པོ་ཡིན།

   དེ་ལྟར་སྐུ་མདུན་སྐུ་གོང་མ་དགོངས་ཕྱོགས་ཕྲན་བུ་བལྟས་པའི་གནས་ཚུལ་འདིས་སྐྱབས་རྗེ་ཕ་བོང་ཁ་པའི་སྐུ་ཚེ་མཛད་འཕྲིན་ལ་ཕན་འདུག་དང་གནོད་འདུག དོན་དག་སྙིང་པོ་གཅིག་འདི་ཡིན། དེ་ནས་སྐྱབས་རྗེ་ཕ་བོང་ཁ་པ་རིན་པོ་ཆེ་དང༌། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་པ་གཉིས་ནས་དོལ་རྒྱལ་བསྟེན་གསོལ་དར་སྤེལ་ཤུགས་ཆེ་གནང་བ་འདི་རྒྱུ་མཚན་དུ་བྱས་ནས། དོལ་རྒྱལ་བསྟེན་གསོལ་བྱེད་རྒྱུ་འདི་ཧ་ཅང་གལ་ཆེན་པོ་ཡིན་པ་བརྗོད་པར་མ་ཟད། ཕལ་ཆེར་རྣམ་པ་གཉིས་ཀྱི་མཛད་པའི་གཙོ་བོ་ཡང་དོལ་རྒྱལ་བསྟེན་གསོལ་གནང་བ་འདི་ཡིན་པ་ལྟ་བུ་བརྗོད་ཀྱི་ཡོད། དེ་འདྲ་རྩ་བ་ནས་མ་རེད། སྐྱབས་རྗེ་ཕ་བོང་ཁ་པ་རིན་པོ་ཆེའི་གསུང་འབུམ་རྣམས་ལ་ལྟོས་དང༌། ལམ་རིམ་བློ་སྦྱོང་གི་བསྟན་པའི་བདག་པོ་ངོ་མ་ཡིན།དེ་བཞིན་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཡང་ལམ་རིམ་བློ་སྦྱོང་གི་བསྟན་པའི་བདག་པོ་ཡིན་ཞིང༌། ང་རང་ལ་ཆ་བཞག་ན་ལམ་རིམ་ཁག་མང་པོ་ཞིག་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་ཡིན། དངོས་གནས་གསུང་བཤད་བཀའ་ཁྲིད་གནང་སྐབས་གཞན་དང་མི་འདྲ་བ་ཞིག་ཡོད་པ་རང་གི་མྱོང་བས་གྲུབ་པ་ཡིན། ལམ་རིམ་བློ་སྦྱོང་གི་བསྟན་པའི་བདག་པོ་རེད། དེའི་ཐོག་གསང་སྔགས་སྤྱི་དང༌། ཁྱད་པར་བདེ་མཆོག་ཡབ་བཀའ་ཡུམ་བཀའི་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན་པ་ང་རང་ཚོ་ཚང་མས་ཤེས་གསལ་ཡིན། བླ་མ་ཡབ་སྲས་རྣམ་པ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་སྐུ་ཆེ་བའི་ཡོན་ཏན་དང༌། མཛད་པ་འཕྲིན་ལས་རྒྱས་ཡུལ་ནི་ལམ་རིམ་བློ་སྦྱོང་དང༌། འཁོར་ལོ་སྡོམ་པའི་ཡབ་བཀའ་ཡུམ་བཀའ་འདི་དག་ཡིན་ཞིང༌། དོལ་རྒྱལ་གྱི་སྐོར་འདི་ཕལ་པ་ཞིག་ལས་མཛད་པའི་གཙོ་བོ་མིན།

   ངས་གོང་དུ་ཡང་ཞུས་ཡོད། བླ་མ་གོང་མའི་མཛད་པ་ཡིན་ནའང་ྋརྒྱལ་བའི་བསྟན་པ་སྤྱི་དང་མཐུན་པ་ཞིག་མི་འདུག་ན། ྋརྗེ་རིན་པོ་ཆེས་ཡང་ནས་ཡང་དུ་གསུངས་པར། འདོར་སྤུས་བྱ་བ་མན་ངག་ལ་བབས་པ་ཡིན། གཞུང་ཆེན་པོ་ནམ་ཡང་སྤོང་མི་ཉན་ཞེས་གསུངས་ཡོད། དེར་བརྟེན་ངས་ལམ་དེར་བལྟས་ནས་འགྲོ་གི་ཡོད། རྣམ་ཀུན་མན་ངག་དགའ་རབ་ཡོད་མདོག་མདོག་བྱེད་མཁན་ལ་ངོ་མཚར་གང་ཡང་སྐྱེ་གི་མི་འདུག ྋརྗེ་རིན་པོ་ཆེའི་གསུང་འདི་དངོས་གནས་བདེན་པ་རེད། ཀླུ་སྒྲུབ་ཡབ་སྲས་དང༌། ཐོགས་མེད་སྐུ་མཆེད་ལས་ལྷག་པའི་མན་ངག་མཁྱེན་མཁན་ཞིག་སུ་ཡོད། དེ་དག་གིས་མ་བསྟན་པའི་མན་ངག་ཅིག་ཟུར་དུ་ཡོད་ན། དེ་ཡག་རྟགས་ཡིན་དང༌། སྡུག་རྟགས་ཡིན་བསམ་བློ་གཏོང་དགོས་པ་ཡིན། དེ་འདྲ་ཡིན་དུས་མན་ངག་བྱ་བ་འདིའི་མཐའ་ཐུག་ས་བཅོམ་ལྡན་འདས་ཡིན། བཅོམ་ལྡན་འདས་ལས་ལྷག་པའི་མན་ངག་སྟོན་མཁན་ཞིག་སུ་ཡོད། མན་ངག་མཐར་ཐུག་པ་ཞིག་བསྟན་པ་དེའི་ནང་མ་གསལ་བའི་མན་ངག་ཅིག་ཟུར་དུ་ཡོད་ཅེས་བརྗོད་ཐུབ་རྒྱུ་ཁག་པོ་ཡིན། མན་ངག་བྱ་བ་ནི་མདོ་རྒྱུད་ནས་གསུངས་པའི་དོན་དག་གང་ཡང་རུང་བ་ཞིག་བདེ་བླག་ཏུ་རྟོགས་པ་བྱེད་པ་ལ་ཟེར། དཔེར་ན་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་པ་འདིའི་མན་ངག་ནི་མདོའི་དོན་བདེ་བླག་ཏུ་རྟོགས་པར་བྱེད་པ་ལ་བརྗོད་པ་ཡིན་པས། མན་ངག་ཅེས་མིང་བཏགས་པ་རེད། གལ་ཏེ་མདོའི་དོན་མིན་པ་ཞིག་མངོན་རྟོགས་རྒྱན་ནས་གསུངས་ཡོད་ན་དེ་ལ་མན་ངག་ཞུ་རྒྱུ་མིན་པ་གསལ་པོ་ཡིན།

ཕྱི་ལོ་ ༢༠༠༤ ཟླ་ ༣ ཚེས་ ༢༦ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་བཀའ་དབང་སྐབས་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།

   ལྕང་སྐྱ་ངག་དབང་མཆོག་ལྡན་ལ་བདེ་མཆོག་གི་བཀའ་བབ་སྟེ་ཁོང་ཉིད་བདེ་མཆོག་ཐུན་མོང་མ་ཡིན་པ་རེད་འདུག ཁོང་གི་བདེ་མཆོག་དྲིལ་བུ་ཕྱི་དཀྱིལ་གྱི་སྒྲུབ་ཐབས་དང༌། དེ་བཞིན་ལུས་དཀྱིལ་གྱི་སྒྲུབ་ཐབས་དང༌། དབང་ཆོག་དབང་བཤད་ཐུང་ངུ་ཞིག་མཛད་པ་སོགས་མདོར་ན་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་བ་ཆགས་ཡོད། དེའི་ཡང་སྲིད་ལྕང་སྐྱ་རོལ་པའི་རྡོ་རྗེ་ནི་འཁོར་ལོ་སྡོམ་པའི་རྣལ་འབྱོར་བ་ཐུན་མོང་མ་ཡིན་པ་ཞིག་དང༌། བདེ་མཆོག་ཡབ་བཀའ་ཡུམ་བཀའ་གཉིས་ཀ་ཉམས་བཞེས་གནང་སྟེ་ཐུན་མོང་མ་ཡིན་པ་ཆགས་ཡོད། དེ་དག་ནས་ཉེ་བར་བརྒྱུད་པ་ཕྱིས་སུ་ཆ་བཞག་ན་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་ཆེན་པོ་ཞིག་རེད། ཁོང་གི་སྲས་ཀྱི་ཐུ་བོའི་གྲས་མང་དུ་ཡོད་པའི་ནང་ནས་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནི་འཁོར་ལོ་སྡོམ་པའི་ཡབ་བཀའ་ཡུམ་བཀའི་ཆོས་བདག་ལྟ་བུ་ཡིན། ངས་དུས་རྒྱུན་ནས་ཞུས་པ་མང་པོ་ཞིག་གིས་གསན་ཡོད། དེ་ནི་བླ་མ་གོང་མ་ཚོའི་གསུང་ང་ཚོས་མཇལ་ན་ཤེས་རྟོགས་ཐུབ་པ་ཡིན། དེས་ན་ལམ་རིམ་བློ་སྦྱོང་གི་བསྟན་པའི་བདག་པོ་དང༌། བདེ་མཆོག་ཡབ་བཀའ་ཡུམ་བཀའི་བསྟན་པའི་བདག་པོ་རེད། དངོས་གནས་བླ་མ་མཚན་ཉིད་ཚང་བ་ཞིག་རེད། དོལ་རྒྱལ་གྱི་ཐོག་ནས་ས་བརྫད་ཡོད། བླ་མ་མཚན་ཉིད་ཚང་བ་རེད།

     མ་གཞི་བལྟོས་ནས་གྲུབ་པ་ཤ་སྟག་ཡིན་པས་བལྟོས་ས་བལྟོས་འཇོག་གིས་སྐབས་རེ་ཐབས་དང༌། སྐབས་རེ་ཤེས་རབ་ལ་བཞག་དགོས་པ་ཡོང་གི་ཡོད། དེ་བཞིན་དོལ་རྒྱལ་བསྟེན་པ་གནང་བའི་ཐོག་ནས་ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་མཆོག་ནོར་གནང་ཡོད་ལ། ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཡང་ནོར་གནང་ཡོད། སྤྱིར་ནོར་བ་ཙམ་མིན་པར་སྐུ་ཚེ་མཛད་འཕྲིན་ལ་གནོད་ཡོད། དེ་ལྟ་བུའི་ནོར་འཁྲུལ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་དང༌།སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ནོར་བའི་ཕྱོགས་ལ་བསྐྱལ་ན་དེ་ཡང་རྩ་བ་ནས་ནོར་བ་ཡིན། བླ་མ་བསམ་གྱིས་མི་ཁྱབ་པ་རེད། ཡང་བླ་མ་བསམ་གྱིས་མི་ཁྱབ་པ་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱི་ཐོག་ཏུ་ཕྱིན་པ་ཡིན་ན། བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ན་འགྲིགས་ཀྱི་མེད། འདི་འཕྲོས་བཤད་ཡིན་ནའང་ཞུ་དགོས་པ་ཞིག་མཐོང་བྱུང༌།

༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ།
༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ།

     དེར་བརྟེན་དེ་རིང་འདིར་བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་ཕུལ་བའི་སྐབས་འདིར་ལྕང་སྐྱ་རིན་པོ་ཆེའི་ཡང་སྲིད་འདིར་ཕེབས་ཡོད། ང་རང་སྐལ་བ་བཟང་པོ་བྱུང༌། དངོས་གནས་བྱས་ན་ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་འདིར་ཡོད་པ་ཡིན་ན་ཧ་ཅང་དགའ་པོ་ཡོང་རྒྱུ་ཡང༌། དེ་ནི་རྐྱེན་ངན་གྱི་གཞན་དབང་དུ་ཕྱིན་ཚར་བ་རེད། ཁྲི་བྱང་མཆོག་སྤྲུལ་རིན་པོ་ཆེར་བར་སྐབས་གནས་ཚུལ་གསར་པ་ཞིག་ལྷགས་སྐབས་རིན་པོ་ཆེ་འདི་ཕྱོགས་ཕེབས་ནས་འདིར་འཁོར་ལོ་སྡོམ་པ་དྲིལ་བུ་ལུས་དཀྱིལ་གྱི་དབང་གྲལ་ལ་ཞུགས་རྒྱུ་མ་བསྒྲིགས་ལྷུན་གྲུབ་ལྟ་བུ་མི་ཡོང་ངམ་སྙམ་བྱུང་ཡང་ཁག་པོ་ཆགས་སོང༌། ྋསྐྱབས་རྗེ་རིན་པོ་ཆེའི་ཡང་སྲིད་ཀྱིས་བཀའ་གནང་བ་ལ། ཁོང་གིས་དོལ་རྒྱལ་བསྟེན་གནང་བ་དེ་སྐུ་གོང་མའི་ཐུན་མོང་མ་ཡིན་པའི་རྣམ་ཐར་ཡིན་ཞེས་གསུངས་འདུག་དེ་འདྲ་མ་རེད། ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་རྣམ་ཐར་བརྩི་དགོས་བྱུང་ན། འཁོར་ལོ་སྡོམ་པ་ཡབ་བཀའ་ཡུམ་བཀའི་ཆོས་སྐོར་ཉམས་བཞེས་རྣམས་དང༌། ལམ་རིམ་བློ་སྦྱོང་གི་གནད་རྣམས་ཐུན་མོང་མ་ཡིན་པའི་རྣམ་ཐར་རེད།ཐུན་མོང་མ་ཡིན་པའི་མཛད་པ་དེའི་ཐོག་ནས་བསྐྱངས་གནང་ཡོད། རྩོད་པ་ཅན་གྱི་དྲེགས་པ་ཞིག་བསྟེན་གནང་བ་དེ་ཐུན་མོང་མ་ཡིན་པའི་རྣམ་ཐར་ཞེས་བརྗོད་ཁག་པོ་རེད།

   དེ་མིན་ཟོང་རིན་པོ་ཆེའི་ཡང་སྲིད་ཀྱང་འདིར་ཕེབས་ཡོད། ཟོང་རིན་པོ་ཆེ་སྐུ་གོང་མ་མཁས་པ་ཆེན་པོ་དངོས་གནས་མདོ་སྔགས་དང༌། ཆོ་ག་ཕྱག་ལེན། གཏམ་རྒྱུད། ལོ་རྒྱུས་བཅས་གང་གི་ཐོག་ཏུའང་ཐོགས་པ་མེད་པ་ཞིག་རེད། ལྷག་པར་མཚན་ཉིད་ཀྱི་གཞུང་ཧ་ཅང་ཡག་པོ་ཡོད་བཟོ་འདུག དེ་བཞིན་མཛོད་ཀྱང་ཧ་ཅང་ཡག་པོ་ཡོད་ཅེས་ཡོངས་འཛིན་གླིང་རིན་པོ་ཆེས་གསུང་གི་འདུག དངོས་གནས་བསམ་གྱིས་མི་ཁྱབ་པ་ཞིག་རེད། ལྷག་པར་ཐུགས་གཤིས་ཁ་རི་ཁ་ཐུག་དང༌། སྤྲེལ་ལད་དང་རྫུན་གསུང་མི་མཁྱེན་པ་ཧ་ལས་དགོས་པ་རེད། འོན་ཀྱང་ཡང་ས་བརྫད་མཁན་གཅིག་དོལ་རྒྱལ་བསྟེན་གསོལ་གཙོ་འདོན་དང་ཁྱབ་སྤེལ་ཆེན་པོ་གནང་བ་དེ་ཡིན། དེ་སྔ་བོད་དུ་གོ་སྐབས་རྒྱ་ཆེ་བ་བྱུང་ཨེ་ཡོད། གང་ལྟར་ཤར་རྩེའི་མཁན་པོ་གནང་སྐབས་མཁན་པོ་གནས་དབྱུང་གིས་མཁན་པོའི་ཆོས་གོས་བཤུས་ཡོད། སྔར་ཁམས་ཁུལ་དུ་མཛད་འཕྲིན་ཕྲན་བུ་རྒྱས་ཡོད་ན་ལས། གཞན་དེ་ཙམ་མཛད་འཕྲིན་རྒྱས་ལོང་བྱུང་མེད། རྒྱ་གར་དུ་མཛད་འཕྲིན་རྒྱས་པོ་བྱུང་ཡོད། སྐབས་རེ་མཛད་འཕྲིན་རྒྱས་པའི་ཞོར་ལ་ཆོས་ལུགས་འཐེན་འཁྱེར་གྱི་རྙོག་དྲ་ཡང་བྱུང་ཡོད། ཉེ་བའི་ཆར་ང་ཨུ་རི་སར་བསྐྱོད་སྐབས། སྔར་གྱི་ལོ་རྒྱུས་རྙོག་དྲ་ཧ་ཅང་ཚ་པོ་དེ་འདྲ་ཤོད་རྒྱུ་འདུག དེ་ཡང་སྔར་གཞིས་ཆགས་འདིར་ཧ་ཅང་ལྷིང་འཇགས་པོ་ཡོད། འོན་ཀྱང་སྐྱབས་རྗེ་ཟོང་རིན་པོ་ཆེ་ཕེབས་ནས་རྙོག་དྲ་ཆགས་སོང་ཞེས་ཟེར་ང་ལ་ཤོད་མཁན་ཁ་ཤས་བྱུང་ལ། སྦེལ་ཀོབ་ཁུལ་དུ་ཡང་དེ་བཞིན་བྱུང་ཡོད། དེས་ན་གང་ལྟར་བླ་མ་བསམ་གྱིས་མི་ཁྱབ་པ་ཡིན་ནའང༌། དོལ་རྒྱལ་གྱི་ཐོག་ནས་ས་བརྫད་ཡོད། འོན་ཀྱང་ད་ལྟའི་ཡང་སྲིད་རིན་པོ་ཆེ་རང་ཉིད་ཀྱིས་དགོངས་པ་འཁོར་བ་དང༌། རྒྱུ་མཚན་ལ་དཔྱད་པ་གནང་བའི་ཐོག་ནས་སོ་སོའི་ལམ་བསྟན་པ་སྤྱི་ལ་དགོངས་པ་བཞེས་ནས་རྒྱལ་བའི་དགོངས་པ་དང་མཐུན་པ་སུ་ལའང་ངོ་ལྐོག་དང་མདོ་སྦུག་གནང་མི་དགོས་པ་ཞིག་བྱས་ན་ཡག་པ་འདུག་དགོངས་ནས་རིན་པོ་ཆེ་དེ་རིང་སྤང་བླང་དོར་ལེན་གཙང་མ་གནང་བ་དང༌། ཁ་སང་བསྙེན་རྫོགས་སྒྲུབ་པར་ཕེབས་ཡོད། སྐབས་དེར་ངོས་ནས་ཆེད་དུ་གཉེར་གྱིས་བསྙེན་རྫོགས་སྤྱི་བྱིངས་སྒྲུབ་ཟིན་ཀྱང༌། རིན་པོ་ཆེར་བསྙེན་རྫོགས་ཆེད་མངགས་སྒྲུབ་པ་བཅས་འདི་ལྟར་ཡིན། ཧ་ཅང་དགའ་པོ་བྱུང་ཐུགས་རྗེ་ཆེ་ཞེས་ཞུ་གི་ཡིན། རིན་པོ་ཆེ་ཁྱེད་རང་ཡང་ལམ་དེའི་ཐོག་ཕེབས་ན་དྲིན་ཆེ་གི་རེད།

   ངས་ལོ་རྒྱུས་ཤིག་བཤད་ན། སྔར་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཞལ་བཞུགས་སྐབས། ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་དང༌། ཀརྨ་པ་རིན་པོ་ཆེ་སྐུ་གོང་མ་གཉིས་ཧ་ཅང་ཐུགས་ཉེ་པོ་ཡོད། ཞལ་ཤོབ་དང་སྐུ་རྩེད་གནང་བ་སོགས་ཧ་ཅང་ཐུགས་ཉེ་པོ་རེད། ང་དང་སྐྱབས་རྗེ་རིན་པོ་ཆེ་ཡང་ཡང་མཇལ་གྱི་ཡོད་སྟབས།ཉིན་ཞིག་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཕེབས་སྐབས་ྋསྐྱབས་རྗེ་རིན་པོ་ཆེ་མཆོག་ནས། ཁ་སང་ཀརྨ་པ་རིན་པོ་ཆེ་གློ་བུར་དུ་ཕེབས་ཏེ་ང་བྲེལ་འཚུབ་ཧ་ཅང་ཆེན་པོ་བྱེད་དགོས་བྱུང་ཞེས་གསུང་གི་འདུག བྲེལ་བ་གང་ཞིག་བྱུང་ངམ་ཞེས་ཞུས་པར། ང་ཁ་སང་ཆོས་སྐྱོང་གི་ཟླ་བསྐང་གཏོང་གི་ཡོད། མཆོད་པ་སོགས་བསྒྲིགས་ཡོད་སྟབས། གློ་བུར་དུ་ཀརྨ་པ་རིན་པོ་ཆེ་ཕེབས་ཀྱི་འདུག་བརྗོད་ཀྱི་འདུག ཀརྨ་པ་རིན་པོ་ཆེ་ཆོས་སྐྱོང་ལ་མཉེས་པོ་ཡོད་པ་མ་རེད། དེར་བརྟེན་མཆོད་པ་རྣམས་མགྱོགས་པོ་བསྡུ་གསོག་རྒྱག་དགོས་སྟབས་བྲེལ་འཚུབ་ཆེན་པོ་བྱུང་ཞེས་གསུང་གི་འདུག རི་བོ་དགེ་ལུགས་པའི་སྲུང་མ་ནི་རྙིང་མའི་བླ་མ་ཞིག་ཕེབས་ཀྱང་ངོམ་ཆོག་པ་དང༌། བཀའ་བརྒྱུད་པའི་བླ་མ་ཞིག་ཕེབས་ཀྱང་ངོམ་ཆོག་པ། དེ་བཞིན་ས་སྐྱའི་བླ་མ་ཞིག་ཕེབས་ཀྱང་ངོམ་ཆོག་པ་ཞིག་དགོས་པ་ལས། རི་བོ་དགེ་ལུགས་པའི་སྲུང་མ་ཡིན་ཞེས་བཀའ་བརྒྱུད་པའི་བླ་མ་ཞིག་ཕེབས་སྐབས་སྦས་དགོས་བྱུང་བ་འདི་ལ་སྙིང་པོ་གང་འདུག་གམ། རྒྱལ་པོ་སྐུ་ལྔ་ཡིན་ན་སུ་ལའང་སྦས་དགོས་དོན་མེད། བཀའ་བརྒྱུད་པ་ལ་སྦས་དགོན་དོན་མེད། མ་གཞི་རིན་པོ་ཆེ་སྐུ་གོང་མ་དེ་དོལ་རྒྱལ་ཐུགས་རྒྱུས་དེ་ཙམ་མེད་པ་འདྲ། གང་ལགས་ཤེ་ན། འབྲུག་པའི་ལོ་རྒྱུས་ཤིག་བཀའ་མོལ་བྱུང་སྐབས། གླང་ཆེན་བཞོན་མཁན་དེ་ཨེ་ལྟ་བུ་གསུང་གི་འདུག ཡང་མཚུར་ཕུ་བཀའ་བརྒྱུད་པའི་གྲས་ཀྱིས་མགོན་པོ་བེར་ནག་ཅེས་པ་དེ་ཧ་ཅང་བརྩི་མཐོང་བྱེད་ཀྱི་ཡོད།

   དེས་ན་མགོན་པོ་བེར་སྐུ་མདོག་ནག་པོ་ཡིན་སྟབས།གཤམ་ཐབ་ནག་པོ་གྱོན་གྱི་ཡོད་ཅེས་བརྗོད་ཀྱི་ཡོད། བཅོམ་ལྡན་འདས་ཀྱིས་འདུལ་བའི་ནང་རུང་མཐུན་གྱི་ཁ་དོག་ཅིག་ཡོད་ཀྱང༌། དེ་ལས་ཀྱང་མགོན་པོ་བེར་གྱི་མདོག་ནག་པོ་དེ་རྩ་ཆེ་བར་རྩི་གི་ཡོད། དེ་བཞིན་ང་ཚོ་བོད་ཀྱི་བླ་མ་གོང་མ་ལྕང་སྐྱ་ཧུ་ཐོག་ཐུ་དང༌། ཀུན་བདེ་གླིང་ཧུ་ཐོག་ཐུ་སོགས་ཀྱིས་རྒྱ་ནག་གོང་མས་དྲ་ཕྲུའུ་ཟེར་བ་དང༌། དཱ་གོ་རྩེ་ཟེར་བ་སོགས་སྤྲོད་སྐབས།བཅོམ་ལྡན་འདས་ཀྱིས་ཁ་ཚར་ཅན་དང་ཕུ་ཐུང་ཅན་གྱོན་ན་མི་འགྲིགས་ཞེས་གསུངས་ཡོད་བཞིན་དུ་རྒྱ་ནག་གོང་མའི་དཱ་གོ་རྩེ་གྱོན་རྐྱང་གནང་གི་ཡོད། དེ་ནི་བཅོམ་ལྡན་འདས་ལས་རྒྱ་ནག་གོང་མ་རྩ་ཆེ་བ་རྩི་གི་ཡོད། བོད་པའི་ཞབས་འདྲེན་རེད་འདུག དེས་ན་རི་བོ་དགེ་ལུགས་པའི་བླ་མ་ཡི་དམ་ཆོས་སྲུང་གང་ཞིག་ཡིན་ནའང༌། ཕྱི་ནང་སུ་ལའང་ངོམ་ཆོག་པ་ཞིག་དང༌། སྤོབས་གདེང་དང་ལྡན་པའི་ཐོག་ནས་བསྟན་རྒྱུ་ཞིག་དགོས་པ་ལས། ལྐོག་ལྐོག་སུད་སུད་བྱེད་དགོས་པ་ཞིག་བྱུང་ན་ཡག་རྟགས་ཤིག་མིན། གཞན་ཞུ་དགོས་དོན་མི་འདུག །

ཕྱི་ལོ་༢༠༠༦ ཟླ་ ༣ ཚེས་ ༢༧ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དཔྱིད་ཆོས་སྐབས་གཞིས་ནས་འབྱོར་བའི་སྤུན་ཟླ་གཙོ་བོར་གྱུར་པའི་བོད་འབངས་རྣམས་ལ་དོལ་རྒྱལ་སྐོར་སྩལ་བའི་གལ་ཆེའི་བཀའ་སློབ།

   ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་དང་དུས་མཉམ་དུ་བྱོན་པའི་འབྲས་སྤུངས་ཀྱི་ཁང་གསར་རྡོ་རྗེ་འཆང་གིས་དེང་དོལ་རྒྱལ་ཤུགས་ལྡན་བསྟེན་གསོལ་ཐད་དར་སོ་ཆེན་པོ་ཞིག་ཡོང་གི་འདུག འདི་ནི་བཟང་རྟགས་ཤིག་གཏན་ནས་མིན་ཞེས་གསུང་སྟེ་ཐུགས་གཡེང་ཆེན་པོ་གནང་བའི་ལོ་རྒྱུས་ཡོད། ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་མཚོན་ན་སྐུ་ཚེའི་སྟོད་ལ་རིས་མེད་ཀྱི་ཉམས་བཞེས་གནང་མཁན་ཡིན། རིམ་པས་དོལ་རྒྱལ་དང་འབྲེལ་བ་བྱུང་ནས་གནས་ཚུལ་གཞན་སྨོས་ཅི། རྟ་མགྲིན་ཡང་གསང་ཡང་བླ་མ་མཆོད་པའི་ཚོགས་ཞིང་ནང་བཀོད་ན་མི་འགྲིགས་པའི་བཀའ་གནང་བ་ཁོང་རང་གི་རྣམ་ཐར་ནང་གསལ་ཡོད། ཁོང་གི་རྣམ་ཐར་བོད་ནང་པར་བརྐོས་པ་ལས་རྒྱ་གར་ནང་པར་བརྐོས་པ་མིན། གནས་ཚུལ་དེ་དང་དེ་འདྲ་བ་མང་པོ་ཞིག་ལ་བརྟེན་ནས་ྋགོང་ས་བཀའ་དྲིན་ཟླ་མེད་སྐུ་གོང་མ་དགོངས་པ་གཞན་དོན་དུ་གཤེགས་པའི་སྐབས་ྋསྐྱབས་རྗེ་ཕ་བོང་ཁའི་སློབ་མ་བཞི་སྡེ་ཏཱ་ཟུར་ཟེར་བའི་རྨི་ལམ་དུ་དོལ་རྒྱལ་ནས་དགུ་རྫོགས་གནམ་གང་ལ་ཡིན་དཱ་ཞེས་སྐད་གསང་མཐོན་པོས་ལུང་བསྟན་བྱུང་བ་རང་གི་བླ་མ་ྋསྐྱབས་རྗེ་ཕ་བོང་ཁར་སྙན་གསེང་ཞུས་པའི་ལོ་རྒྱུས་ཡོད། ཚང་མས་ཤེས་གསལ་ལྟར་སྐད་གསང་མཐོན་པོ་ཞེས་པའི་ཚིག་འདི་སྤྱིར་བཏང་གི་སྐད་ཆ་ཞིག་མིན་པར་གཏམ་བཟང་པོ་ཞིག་སྤྲོ་བ་དང་བཅས་ཏེ་སྐད་གསང་མཐོན་པོས་བསྒྲགས་རྒྱུའི་གོ་དོན་ཡོད། འོན་ཀྱང་མྱ་ངན་གྱི་སྐད་ཆ་ཞིག་ཡིན་ན་ཡིད་ཞུམ་པའི་སྒོ་ནས་བརྗོད་དགོས་པ་ལས། སྐད་གསང་མཐོན་པོའི་ཐོག་ནས་བརྗོད་རྒྱུའི་གཏམ་ཞིག་མིན། འོན་ཀྱང་བཞི་སྡེ་ཏཱ་ཟུར་རམ། རྨེ་རུ་ཏཱ་བླ་མ་ཟེར་བའི་ྋསྐྱབས་རྗེ་ཕ་བོང་ཁའི་སློབ་མ་དེར་དོལ་རྒྱལ་གྱིས་དགུ་རྫོགས་གནམ་གང་ལ་ཡིན་དཱ་ཞེས་སྐད་གསང་མཐོན་པོས་ལུང་བརྒྱབ་པ་དང༌། དེའི་ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་སྙན་གསེང་ཞུ་སྐབས་བརྟག་དཔྱད་བྱེད་རྒྱུ་ཡོད་ཅེས་བཀའ་ལན་གནང་ཡོད། རྗེས་སུ་བོད་ཟླ་བཅུ་པའི་གནམ་གང་ལ་ྋརྒྱལ་མཆོག་སྐུ་གོང་མ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པའི་སྐབས། སྔོན་དུ་དོལ་རྒྱལ་ནས་དགུ་རྫོགས་གནམ་གང་ལ་ཡིན་དཱ་ཞེས་བཤད་པ་དེ་སྐུ་གོང་མ་དགོངས་པ་རྫོགས་པའི་ལུང་བསྟན་ཡིན་པ་འདྲ་ཞེས་ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་གསུངས་པ་ཁོང་རང་གི་རྣམ་ཐར་ནང་གསལ་ཡོད། ལུང་བརྒྱབ་པ་མི་འགྲིགས་པ་མིན་ཡང་སྐད་གསང་མཐོན་པོས་བསྒྲགས་ཟེར་བའི་ཚིག་འདི་ཁྱད་མཚར་ཞིག་རེད། ཚང་མས་བསམ་བློ་ཞིག་ཐོངས་དང༌། ྋརྒྱལ་མཆོག་སྐུ་གོང་མ་བོད་ཁ་བ་གངས་ཅན་ལྗོངས་ཀྱི་བསྟན་འགྲོ་སྤྱི་དང༌། ལྷག་པར་དགའ་ལྡན་ཕོ་བྲང་པར་བཀའ་དྲིན་ཅན་དུ་གྱུར་པའི་བླ་མ་བཀའ་དྲིན་གྱི་བདག་ཉིད་ཅན་འདི་སྐུ་གཤེགས་པའི་སྐབས་དགའ་བསུ་ཞུ་མཁན་དེ་ཡག་རྟགས་རེད་དམ། ཡང་ན་སྡུག་རྟགས་ཡིན་བསམ་བློ་གཏོང་དགོས།

སྐུ་གོང་མ་སྐུ་འཚོ་བཞུགས་སྐབས་ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་བཀའ་ནན་ཕེབས་པ་མང་པོ་ཡོད་པའི་ནང་དོན་ཚན་གཅིག་དོལ་རྒྱལ་བསྟེན་གསོལ་གྱི་གནད་དོན་འདི་ཡིན། དོལ་རྒྱལ་སྐོར་བཀའ་ནན་ཕེབས་ཏེ་ཕ་བོང་ཁ་རིན་པོ་ཆེར་སྐུ་ངལ་འཕྲད་ཡོད་པར་བརྟེན། སྐུ་གོང་མ་གཤེགས་རྗེས་བཀའ་ནན་ཕེབས་མཁན་མེད་པས་ཐུན་མོང་གདུལ་བྱའི་སྣང་ངོར་ྋརྒྱལ་བའི་མཛད་འཕྲིན་ལ་ཀྱག་ཀྱག་གནང་བའི་གནས་ཚུལ་ཡོང་མི་སྲིད་པ་མིན།

   དངོས་ཡོད་ལོ་རྒྱུས་ཀྱི་བྱུང་བ་དེ་དག་ཆ་ཚང་རྟོགས་ནས་བློ་གཟུ་བོར་གནས་པའི་ཐོག་ནས་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱིས་དཔྱད་པ་བྱས་ཏེ་ཐག་གཅོད་བྱེད་རྒྱུ་གལ་ཆེན་པོ་ཡིན། ངོས་ནས་དོལ་རྒྱལ་དམ་བསྒྲགས་བྱེད་པའི་རྒྱུ་མཚན་ཡང་གོང་གསལ་གྱི་གནས་ཚུལ་དེ་དང་དེས་མཚོན་པའི་རྒྱུ་མཚན་མང་པོ་ཞིག་ཡོད་ལ། ངོས་སྒེར་ལ་རྨི་ལམ་གྱི་མཚན་མ་མང་པོ་བྱུང་བ་དེ་ཚོ་ཆ་ཚང་བཤད་རྒྱུ་དགོས་པ་ཆེ་བ་མེད། གང་ལྟར་ཕྱི་ནང་གི་གནས་ཚུལ་དང༌། མཚན་མ་འདྲ་མིན་མང་པོ་ཞིག་ཡོང་གི་འདུག དེ་དག་ཁྱེད་རང་ཚོའི་བློ་ལ་ངེས་པ་བྱེད་དགོས། ཡིག་ཆ་དགོས་ན་མང་པོ་ཡོད། ཡིག་ཚང་སོགས་འབྲེལ་ཡོད་ལ་སྐད་ཆ་དྲི་ན་འགྲིག།

ཕྱི་ལོ ༢༠༠༧ ཟླ་ ༡ ཚེས་ ༡༡ རྒྱ་གར་ལྷོ་ཕྱོགས་སེ་ར་ཆོས་སྒར་དུ་ཆོས་འབྲེལ་གནང་སྐབས།

   ཟོང་རིན་པོ་ཆེ་སྐུ་གོང་མས་རྒྱ་གར་ཁུལ་དུ་དོལ་རྒྱལ་གྱི་སྲོག་གཏད་གནང་བ་དང༌། དེའི་སྔོན་དུ་མི་དེ་འདྲས་དོལ་རྒྱལ་བསྟེན་གསོལ་བྱས་ན་དངུལ་མང་པོ་ཡོང་བ་དང༌། ཚོང་ལ་ལམ་འགྲོ་ཡོང་སྐོར་གྱི་སྐད་ཆ་མང་པོ་ཞིག་བཀྲམས་པ་དང༌། དངུལ་མང་པོ་ཡོང་གི་རེད་ཅེས་དོལ་རྒྱལ་གྱི་གཡང་བུམ་སྒྲུབ་སྟེ་གཞིས་ཆགས་ཁག་གི་ནང་དར་སོ་གང་ཙམ་བྱུང་ཡོད། དེ་འདྲའི་གནས་ཚུལ་བྱུང་བའི་སྐབས་ཁྱིམ་ཚང་ཁ་ཤས་ནང་བཀའ་ཐང་སྡེ་ལྔ་སོགས་རྙིང་མའི་ཆོས་འཁོར་གྱི་གསུང་རབ་དད་རྟེན་དུ་ཉར་མི་ནུས་པར་ཕྱག་དཔེ་གཞན་ལ་བསྐྱལ་དགོས་པ་སོགས་ཀྱི་དཀའ་རྙོག་མང་པོ་བྱུང་ཡོད། གང་འདྲ་བྱུང་འདུག་གམ། ཤུགས་ལྡན་གྱིས་ཆོས་བརྒྱུད་ཕན་ཚུན་བར་ཕྱོགས་རིས་མེད་པར་བསམ་པ་རྣམ་དག་གིས་མཛའ་མཐུན་གོང་སྤེལ་གཏོང་བར་འགོག་རྐྱེན་ཆེན་པོ་བཟོས་ཡོད། ཟོང་རིན་པོ་ཆེ་སྐུ་གོང་མས་དོལ་རྒྱལ་བསྟེན་གསོལ་ཤུགས་ཆེ་གནང་ནས་ཁྱབ་སྤེལ་གནང་གི་ཡོད།

ཕྱི་ལོ་༢༠༠༦ ཟླ་བ་༣ ཚེས་༢༧ ཉིན་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཔྱིས་ཆོས་ཆེན་མོའི་སྐབས་གཞིས་ནས་འབྱོར་བའི་བོད་རིགས་སྤུན་ཟླ་གཙོ་བོར་གྱུར་བའི་བོད་རིགས་སོགས་ཆོས་ཞུ་བར་དོལ་རྒྱལ་གྱི་སྐོར་བཀའ་སློབ།

   ད་ལྟ་འདིར་ཡོད་པའི་ཟོང་རིན་པོ་ཆེའི་ཡང་སྲིད་ནས་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་འཕྲལ་ཕུགས་ཀྱི་ཁེ་གྱོང་དང༌། བསྟན་སྲིད་སྤྱིའི་དོན་གྱི་གདམ་ག་མ་ནོར་བ་དགོངས་པར་འཁོར་ནས་ལག་ལེན་མ་ནོར་བར་གནང་བཞིན་ཡོད། དེ་རིང་མང་ཚོགས་འདུ་འཛོམས་འདིའི་ཐོག་རིན་པོ་ཆེས་ལམ་ཡང་དག་པར་ཕེབས་པར་འགྲིགས་འདུག འཐུས་འདུག་ཅེས་ལེགས་གསོ་དབུགས་དབྱུང་དང༌། རྗེས་སུ་ཡི་རངས་ཞུ་ཆོག་པ་ཡིན།

   རང་རེ་གངས་ཅན་པ་ད་ལྟའི་དུས་སུ་གཞིས་དང་བྱེས་གཉིས་སུ་གནས་ཡོད། བོད་ནས་འབྱོར་བ་ཚོ་རིམ་པས་བོད་དུ་རང་གི་ལུང་པར་དགའ་བཞིན་སྤྲོ་བཞིན་ངང་ལོག་འགྲོ་དགོས་པ་ཡིན་ཡང༌། རང་གི་ལུང་པར་རང་དབང་བྲལ་ཏེ་ཡོད་པ་དེར་ལོག་རྒྱུར་དགའ་སྣང་མེད། ད་ལྟའི་གནས་སྐབས་སུ་ཚང་མ་ཡིད་སྐྱོ་བའི་གནས་སྟངས་ཤིག་ཡོད། འོན་ཀྱང་རང་རེ་རིང་པོར་མ་ཐོགས་པར་གཞིས་བྱེས་མཉམ་འཛོམས་ཏན་ཏན་ཡོང་རྒྱུར་ངོས་ནས་སྨོན་ལམ་རྒྱག་གི་ཡོད་ལ། ཁྱེད་རང་ཚོ་ཚང་མ་སེམས་སྐྱིད་པོའི་ངང་རང་རང་གནས་ཡུལ་དུ་ཕྱིར་ལོག་བྱེད་དགོས། ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། ཅེས་བཀའ་སྩལ།།   །།

Related Articles

ལམ་སྟོན།