༄༅། །བཤེས་གཉེན་བསྟེན་ཚུལ་ལས་བརྩམས་པའི་གཏམ་རྗེ་བླ་མ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །

Button_Tibརབ་འབྱམས་རྒྱལ་བའི་མཁྱེན་བརྩེ་ནུས་ཀུན་གཅིག་ཏུ་འདུས་པ་ཡི། །
རབ་དཀར་བསོད་ནམས་ཞིང་དུ་ལེགས་ཤར་གངས་ཅན་བསྟན་འགྲོའི་མགོན། །
རབ་འབྱམས་བསྟན་ལ་མངའ་བརྙེས་འཇིག་རྟེན་མིག་གཅིག་ཆོས་ཀྱི་རྒྱལ། །
རབ་བརྟན་མི་འགྱུར་རྡོ་རྗེའི་ཁྲི་ལ་རྟག་བཞུགས་བདག་ཅག་སྐྱོངས། །

བདག་ནི་མཆོག་གསུམ་སྤྱན་སྔར་སྔར་ནས་དམ་ཉམས་དེ་དག་དང། །
ཆོས་དང་ཟང་ཟིང་མི་སྤྱོད་དམ་བཅའི་བསམ་པ་རབ་བརྟན་ཡང། །
དགོས་དབང་བསྟན་ལ་རྨ་འབྱིན་སྤོང་བའི་འཁུར་གྱིས་དེ་དག་གི །
ཆོས་མིན་འཆལ་གཏམ་ཆོས་ཀྱི་རིགས་པས་ཚར་གཅོད་གནང་བ་སྩོལ། །

དེ་ཡང་ནང་པ་སྤྱི་དང་བྱེ་བྲག་དཔལ་ནཱ་ལེནྡྲའི་བཞེད་གཞུང་དྲི་མ་མེད་པའི་འཇམ་མགོན་རྒྱལ་བའི་རིང་ལུགས་ཇི་བཞིན་མི་ཤེས་པའི་ཕྱི་རྒྱལ་བ་ལ་སོགས་པའི་དོལ་རྒྱལ་རྗེས་འབྲང་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དང་བཤེས་གཉེན་བསྟེན་ཚུལ་ལོག་པའི་སྒྲོ་སྐུར་སྣ་ཚོགས་སྨྲ་བ་ལ། ཆོས་མཐུན་གྱི་ལན་བརྗོད་པ་ལ་གསུམ། སྔོན་དུ་སྤྱིའི་བཤད་པ་དང། ལན་དངོས། གཟབ་པར་སྐུལ་ཏེ་མཇུག་བསྡུ་བའོ། །

དེ་ལ་དང་པོ་ནི། དེ་ཡང་སྤྱིར་བླ་མ་ལ་སོ་སྐྱེའམ་འཕགས་པ་སོགས་གང་ཡང་མཆིས་ཀྱང་སློབ་མའི་ངོས་ནས་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་སྟེ་ལམ་ཉམས་སུ་ལེན་པའི་ཚེ་གཙུག་ཏུ་བསྟེན་དགོས་པ་ཡིན་ཡང། བླ་མ་བསྟེན་པའི་ཚེ་བླ་མས་ཇི་སྙེད་ཅིག་གསུངས་པ་རྣམས་རིགས་པས་དཔྱད་འོས་པ་རྣམས་དཔྱད་དེ་འཇུག་དགོས་པ་སངས་རྒྱས་པ་སྤྱིའི་ལུགས་ཡིན་ཏེ། རང་གི་བླ་མ་ལྟ་ཅི། བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ལ་ཡང་གདུལ་བྱའི་དབང་གིས་དྲང་ངེས་ཀྱི་ཚུལ་ཇི་སྙེད་ཅིག་སྣང་བས་ན་དེ་དག་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་ལེགས་པར་དཔྱད་དེ་འཇུག་དགོས་པ་ལས། ཕྱོགས་རིས་དང་རྨོངས་དད་ཀྱིས་དྲངས་པའི་ཡིད་ཆེས་ཁོ་ནས་འཇུག་པ་ནི་སངས་རྒྱས་པའི་ཚུལ་མ་ཡིན་ཏེ། བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང། སྟོབས་པོ་ཆེའི་རྒྱུད་ལས།

དགེ་སློང་དག་གམ་མཁས་རྣམས་ཀྱིས ། །
བསྲེག་བཅད་བརྡར་བའི་གསེར་བཞིན་དུ ། །
ལེགས་པར་བརྟག་ལ་ང་ཡི་བཀའ ། །
བླང་བར་བྱ་ཡི་གུས་ཕྱིར་མིན ། །ཞེས་གསུངས་པའི་ཕྱིར།

དེ་ཡང་སངས་རྒྱས་ཀྱི་གསུང་ལ་སྐབས་དུས་དགོས་པ་གདུལ་བྱའི་དབང་པོའི་རིམ་པ་དང་འཚམ་པར་གསུངས་པ་སོགས་སྣ་ཚོགས་སྣང་བས། གང་ཟག་སྒོས་བཙན་གྱི་དབང་དུ་བྱས་པའི་ཆོས་འཁོར་རྣམས་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ན་མ་རན་པ་སོགས་ཡོང་སྲིད་པ་ནི། སངས་རྒྱས་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པས་ཡིན་གྱིས། མི་ཤེས་པའི་དབང་གིས་མིན་ཡང། དབང་རྟུལ་ཕྱོགས་སུ་ལྷུང་བ་འགར་དེ་སངས་རྒྱས་ཀྱི་སྐྱོན་དུ་སྣང་བ་ནི། རང་གི་མི་ཤེས་པ་ཁོ་ནས་ཡིན་ཏེ། སློན་དཔོན་འཕགས་པ་ལྷས་བཞི་བརྒྱ་པར།

འཇིག་རྟེན་ཡོངས་སུ་མི་ཤེས་པས། །
དེ་ནི་ཐུབ་པའི་ལྟ་བུར་མངོན། །ཞེས་གསུངས་པ་ལྟར་རོ། །

དེ་ལ་སངས་རྒྱས་ཀྱི་བཀར་སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་བར་རིགས་པས་དཔྱད་དེ་འཇུག་དགོས་པ་དུ་མ་ཡོད་པ་བཞིན། རང་གི་བླ་མའི་གསུང་ལའང་མཚུངས་པས་གསུང་ཡིན་ཚད་སྒྲ་ཇི་བཞིན་དུ་བཟུང་ན་གོལ་སར་ལྟུང་བའི་དགག་བྱ་ཆེ་བས། སངས་རྒྱས་ཀྱི་ཆོས་ཀྱི་སྤྱིའི་ཚུལ་དང་མཐུན་པ་དགོས་པ་ནི་ཤིན་ཏུ་ནས་གནད་ཆེའོ། །

དེས་ན་སངས་རྒྱས་པ་ཡིན་ཕྱིན་ཆོས་ཉམས་སུ་ལེན་ཚུལ་ཡང། བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ཡི་དགོངས་པ་དང་མཐུན་པ་དགོས་ཀྱི། སྔར་མེད་གསར་གཏོད་ལྟ་བུ་བསྟན་པ་སྤྱིའི་ཚུལ་དང་མི་མཐུན་པ་ནི་ནོར་བ་ཁོ་ན་ཡིན་ཏེ། རྒྱལ་བའི་རྒྱལ་ཚབ་རྗེ་བཙུན་བྱམས་པ་མགོན་པོས་རྒྱུད་བླ་མ་ལས།

གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །
མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །
དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག།།
ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་གསུངས་པའི་ཕྱིར།

བཀའ་གདམས་བསྟན་པའི་སྲོལ་འབྱེད་དཔལ་མཉམ་མེད་ཇོ་བོ་རྗེས་ཀྱང་འདི་ལྟར་གསུངས་པ་བཀའ་གདམས་གཅེས་བཏུས་སུ་གསལ་ཏེ།

ངེད་རྒྱ་གར་ན་དོ་གལ་ཆེན་པོའམ་བྱ་བ་གློ་བུར་བ་བྱུང་ན་སྡེ་སྣོད་འཛིན་པ་རྣམས་འཚོགས་ནས་སྡེ་སྣོད་གསུམ་ནས་མ་བཀག་གམ། སྡེ་སྣོད་གསུམ་དང་མི་འགལ་ལམ་ཞེས་གཏན་ལ་ཕབ་ནས་དེའི་སྟེང་དུ་འཇོག་པ་ཡིན། ཞེས་དང། བོད་ན་མདོ་སྡེ་བལྟ་རྒྱུ་མེད་པས་ཁོ་བོའི་དད་པ་འགྲིབ་ཞེས་དང། ཇོ་བོ་རྗེས་འབྲོམ་སྟོན་པར། དེང་ཕན་ཆད་རྒྱ་གར་བ་གསེར་འདོད་པ་ལ་ཆོས་མ་ཉན། རྒྱུད་སྡེ་དཀྲུགས་ཤིང་འཆད་དུ་འོང། དགེ་བའི་བཤེས་གཉེན་མདོ་སྡེ་ལ་གྱིས་ཞེས་གདམས་པ་དང།

དགེ་བཤེས་འབྲོམ་སྟོན་པ་མྱ་ངན་ལས་འདའ་ཁར་པོ་ཏོ་བའི་པང་དུ་དབུ་བཞག་ནས་ཡོད་པའི་ཚེ། པོ་ཏོ་བའི་སྤྱན་ཆབ་སྟོན་པའི་ན་བཟའ་ལ་ཉིལ་གྱི་ཕོག་པས་སྟོན་པའི་ཞལ་ཆེམས་ལ། ད་ཕན་ཆད་དགེ་བའི་བཤེས་གཉེན་འདི་ཁོ་ན་ལ་བརྟེན་དགོས་བྱ་བ་ཡེ་མེད་ཀྱི། མདོ་སྡེ་ལྟོས། དགེ་བའི་བཤེས་གཉེན་མདོ་སྡེ་ལ་གྱིས། ཞེས་དང། སྟོན་པ་ལ་པོ་ཏོ་བས་ཆོས་དང་ཆོས་མ་ཡིན་པའི་གནམ་ཐིག་གང་ལགས་ཞུས་པས། སྟོན་པའི་ཞལ་ནས། ཉོན་མོངས་པའི་གཉེན་པོར་འགྲོ་ན་ཆོས་ཡིན། མི་འགྲོ་ན་ཆོས་མིན། བཀའ་ལུང་དང་མཐུན་ན་ཆོས་ཡིན། མི་མཐུན་ན་ཆོས་མིན། ཞེས་གསུངས་པ་རྣམས་ཀྱི་དོན་ལ་བསམ་སྟེ་བཀའ་གདམས་པའི་མིང་ཙམ་གྱིས་མ་ཚིམས་པར་ངེས་པ་དོན་ལ་༸རྒྱལ་བའི་བཀའ་ཡི་ཡིག་འབྲུ་གཅིག་ཙམ་ཡང་གདམས་ངག་ཏུ་འཁྱེར་ཤེས་པ་དགོས་ལ། དེ་ལྟར་མིན་ན་བཀའ་གདམས་པར་ཁས་འཆེ་པའི་མིང་ཙམ་གྱི་དེར་ཟད་དོ། །

དེའི་ཕྱིར་དམ་པ་མང་པོས་དམ་སྲིར་ངོས་འཛིན་མཛད་པའི་དོལ་རྒྱལ་ལམ་རྒྱལ་པོ་ཤུགས་ལྡན་ཏེ། དྲེགས་པ་ཕལ་པ་ཞིག་མདོ་རྒྱུད་གང་གི་ཡང་ཁུངས་མེད་པར་ཡི་དམ་མམ་འཇམ་མགོན་རྒྱལ་བའི་བསྟན་སྲུང་དུ་འདོད་དེ། ཆོས་ཡིན་ཁུལ་གྱི་བྱ་བ་ཅི་བྱེད་ཀྱང་བསྟན་པ་བཤིག་པའི་རྒྱུ་ཁོ་ན་ཡིན་པ་ཤེས་པར་གྱིས་ཤིག།

དེ་ལྟར་བླ་ཆེན་གྱི་མིང་ཡོད་ཚད་ཀྱིས་རང་རང་གི་སྐྱེས་ལྷ་གཞི་བདག་རེ་རེ་ལ་ཡི་དམ་མམ། སངས་རྒྱས་དང་། བྱང་སེམས་སོགས་སུ་མདོ་རྒྱུད་གང་གིའང་ཁུངས་མེད་པར་འདོད་དེ། དེ་མཆོད་ཅིང་གཞན་དག་ལ་བསྒྲགས་ཅིང་ཁྱབ་ཆེས་ན་ཐུབ་པའི་བསྟན་པ་སྤྱི་དང་། བྱེ་བྲག་ཆོས་བརྒྱུད་རང་རང་གི་བསྟན་པ་རྣམས་ཇི་འདྲ་ཞིག་ཏུ་འགྱུར་མིན་ཡང་ཚོད་དཔག་བྱེད་མི་དཀའ་བས་ཀུན་གྱིས་ཤིན་ཏུ་གཟབ་པར་བྱས་ཏེ། ལམ་མཐོན་པོའི་རྣམ་གཞག་ལ་མཐོ་སྙེག་མ་བྱས་པར་སྔོན་དུ་སྐྱབས་འགྲོ་རྣམ་དག་ཅིག་རང་རྒྱུད་ལ་ཚང་བ་དང་། དེའི་བསླབ་བྱ་དང་རྒྱུ་ཚོགས་རྣམས་ལ་རབ་ཏུ་འབད་པར་བྱའོ། །

བླ་ཆེན་དང་ཆོས་བྱེད་ཀྱི་མིང་འཆང་བ་རྣམས་ཀྱིས་ཀྱང་ང་ལ་གཞན་གྱིས་གུས་བཀུར་ཆེན་པོ་བྱེད་པས་ངས་གང་བཤད་ཡིན་སྙམ་སྟེ། རང་གི་མོས་པ་ལྟར་སྣང་དང་། ཉམས་མྱོང་ལྟར་སྣང་། དེ་བཞིན་གཞན་གྱི་གྲགས་པ་དང་ཤབ་ཤོབ་སོགས་ལ་བློ་ཕུགས་གཏད་དེ། ཅོལ་ཆུང་གཞན་གྱི་སྐུལ་ངོ་མ་བཟློག་པ་སོགས་ཀྱིས་རྐྱེན་པས་ཀྱང་བྱུང་རྒྱལ་དུ་ཐུབ་པའི་བསྟན་པ་དཀྲུག་པའི་ལས་དཔེ་རྙོག་རྩོམ་པའི་ངལ་བ་སོགས་མ་མཛད་པར་བསྟན་བཅོས་རྩོམ་པའི་རྒྱུ་ཚོགས་རྣམས་རང་རྒྱུད་ལ་ཚང་མ་ཚང་བརྟག་ལ། དེ་བཞིན་བརྩམས་རྗེས་བསྟན་པ་ལ་ཕན་གནོད་ཇི་ལྟར་འགྱུར་མིན་ཡང་ངེས་པར་བརྟག་སྟེ། དགོས་མིན་ཡིག་ཚོགས་ཀྱིས་ཕྱོགས་རིས་ཅན་རྣམས་དང་། དབང་རྟུལ་དད་པའི་རྗེས་འབྲང་རྣམས་ཀྱི་ཚེ་རབས་གཏན་གྱི་མདུན་མར་གནོད་ཚབས་འབྱུང་འགྱུར་ལ་དགོངས་ཏེ། ཅི་ནས་ཀྱང་ཐུབ་པའི་བསྟན་པ་སྤྱི་ལ་གནོད་སྲིད་པའི་ལས་རྣམས་ལ་ནམ་ཡང་འཇུག་པར་མི་བྱའོ། །ཞེས་སྙིང་ནས་བསྐུལ་ལོ། །

དེས་ན་འདིར་འདི་ལྟར་ཡང་བརྗོད་པར་བྱ་སྟེ།
གང་ཕྱིར་རྗེ་བཙུན་ཙོང་ཁ་པ་ལས་ཆེས་མཁས་འཇིག་རྟེན་འདི་ན་རང་ཅག་དགེ་ལྡན་ཁྲོད་ན་ཡོད་མིན་ན། །
མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་ཙོང་ཁ་པ་ལས་གཞན་དག་སུ་ཡིས་ཀྱང་ནི་མཁྱེན་མིན་པ། །
དེའི་ཕྱིར་༸རྗེ་བཙུན་རང་ཉིད་ཀྱིས་བཞག་དགེ་ལྡན་སྐྱེས་བུ་གསུམ་གྱི་ཡེ་ཤེས་སྲུང་མའི་ཚུལ་གང་དེ་མི་དཀྲུག །
འཇམ་མགོན་རྒྱལ་བའི་སྲོལ་བཟང་བཙོ་མ་བཤིག་ཕྱིར་དེ་ཡང་བློ་བཟང་རྒྱལ་བའི་བསྟན་ལ་གནོད་པ་བྱེད་པར་འགྱུར། །ཞེས་སོ། །

དེ་ཙམ་དུ་མ་ཟད་དོལ་རྒྱལ་ལམ་གཞན་དག་སུ་གང་ཞིག་ཐུན་མོང་བའི་སྣང་ཚོད་དུ་དྲེགས་པའི་རྣམ་པར་འཆར་བ་ཞིག་སངས་རྒྱས་སུ་བལྟས་ཏེ། དེར་སྐྱབས་སུ་འགྲོ་ན་སྤྱིར་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་རུང། སྐྱབས་གཉིས་འཛིན་གྱི་སྒོ་ནས་སྐྱབས་འགྲོ་སྟོང་པའི་ཚུལ་གཞན་དུ་འཆད་འདོད་ཅིང། འདིར་མཁས་རློམ་དང་རྨོངས་ཚོད་ཀྱིས་སྒོ་ཀུན་ནས་ཀུན་ཏུ་བསྒྲིབས་པའི་ཉམ་ཐག་དེ་དག་གིས་སྤྱི་ནོར་༸གོང་ས་ཐམས་ཅད་མཁྱེན་པར་བཤེས་གཉེན་བསྟེན་ཚུལ་ལོག་པ་སོགས་ཀྱི་སྐྱོན་བརྗོད་དེ་རྒྱས་པར་དགག་འདོད་པས་དེས་ན།

གཉིས་པ་ལན་དངོས་ལ།

དེ་ལ་སྤྱིར་རང་གི་བླ་མ་ལ་སངས་རྒྱས་ཀྱིས་ཁྱབ་པ་མེད་དེ། དེ་ལ་ཁྱབ་ན་འཚང་རྒྱ་བར་འདོད་པ་དེ་དག་གིས། ཐབས་མྱུར་ཤོས་རང་རྒྱུད་ལ་ལུང་རྟོགས་ཀྱི་ཆར་གཏོགས་པའི་ཡོན་ཏན་ཅུང་ཟད་ཙམ་རེ་སྐྱེས་པར་བྱེད་དེ། སློབ་མ་ཉུང་ཤས་ལ་སྡོམ་པ་འབོག་པ་སོགས་ཀྱི་སྒོ་ནས། དེ་དག་གི་བླ་མར་གྱུར་པ་དེའི་ཚེ་རང་ཉིད་སངས་རྒྱས་པར་གྱུར་པས། དེ་ལྟར་ན་འཚང་རྒྱ་བར་ས་ལམ་རིམ་གྱིས་བགྲོད་མི་དགོས་པ་དང་། སྒྲིབ་པ་གང་ཡང་མ་སྤངས་པའི་སངས་རྒྱས་ཡོད་པར་འགྱུར་བ་སོགས་ཤིན་ཏུ་ནས་ཐལ་བར་འགྱུར་རོ། །གཞན་ཡང་བསྟེན་བྱ་བཤེས་གཉེན་གྱི་མཚན་ཉིད་ལ་མདོ་སྡེ་རྒྱན་ལས།

བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །
ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །
དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །
བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །

ཞེས་པ་ལྟར་གྱི་ཆོས་བཅུ་ལྡན་གྱི་མཚན་ཉིད་ཆ་ཚང་ཚང་བའི་བཤེས་གཉེན་ལ་ཡང་སངས་རྒྱས་ཀྱིས་མ་ཁྱབ་ལ། ལམ་རིམ་དུ་དཔུང་བཟང་གིས་ཞུས་པ་ཁུངས་སུ་བྱས་ཏེ་དུས་ཀྱི་དབང་གིས་དེ་ལྟ་བུའི་མཚན་ཉིད་བཅུ་ལྡན་མི་རྙེད་ན། མ་མཐར་མཚན་ཉིད་བརྒྱད་ཆར་ཚང་བས་ཀྱང་རུང་བར་གསུངས་པས་ཀྱང་བཤེས་གཉེན་ལ་སངས་རྒྱས་ཀྱིས་མ་ཁྱབ་པ་དོན་གྱིས་འཕངས་པ་དང། དེ་བཞིན་ལམ་རིམ་དུ་སློབ་མ་བསྟེན་པ་འདོད་པ་དེ་དག་གིས་ཀྱང་མཚན་ཉིད་དེ་དག་ཤེས་པར་བྱས་ནས་མཚན་ཉིད་དེ་དག་དང་ལྡན་པར་བྱ་བ་ལ་འབད་དོ། །ཞེས་པས་ཀྱང་དོན་གྱིས་འགྲུབ་སྟེ། གཞན་དུ་ན་སློབ་མ་བསྟེན་པར་འདོད་པ་དེ་དག་གིས་ཀྱང་འཚང་རྒྱ་བ་ལ་འབད་པར་བྱའོ་ཞེས་སྨྲ་དགོས་པར་འགྱུར་རོ། །

འོ་ན་བླ་མ་སངས་རྒྱས་ཡིན་པ་རྡོ་རྗེ་འཆང་གིས་ཞལ་གྱིས་བཞེས་པ་སོགས་རྒྱུ་མཚན་མང་དག་གིས་བླ་མ་སངས་རྒྱས་ཡིན་པ་ལམ་རིམ་རྣམ་གྲོལ་ལག་བཅངས་སོགས་ལས་འགྲུབ་པ་མིན་ནམ་ཅི་ཞེ་ན། དེ་ནི་རང་གི་བླ་མའི་ཁྲོད་སངས་རྒྱས་ཀྱིས་སྤྲུལ་པའང་སྲིད་པ་དང། རང་གི་བླ་མ་བརྒྱུད་ནས་རང་རྒྱུད་ལ་སངས་རྒྱས་ཀྱི་བྱིན་རླབས་འཇུག་རུང་བ་ལ་དགོངས་ལ། བློ་སྦྱོང་བའི་ཚེ་དགོས་དབང་གིས་དེ་ལྟར་བསམ་དགོས་ཀྱང་རིགས་པས་མཐའ་དཔྱོད་པའི་ཚེ་ཕུ་ཐག་ཆོད་པའི་ཟིན་མཚམས་དགོས་པ་གཉིས་ལ་འགལ་བ་མེད་དོ། །འོན་ཀྱང་རང་གི་བླ་མར་སངས་རྒྱས་དངོས་ཀྱི་འདུ་ཤེས་འཇོག་པ་རྣམས་ནས་ཀྱང་བླ་མའི་གསུང་རྒྱུའི་ཆོས་དེ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྔར་གསུངས་ཟིན་པའི་དོན་ཞིག་རང་ལ་ངོ་སྤྲོད་མཛད་མཁན་ཡིན་པའི་ཆ་ནས་དེ་རང་གི་བླ་མར་གྱུར་བའི་ཚུལ་དེ་མ་བརྗེད་པར་བྱས་ཏེ། རང་ཅག་ནང་པ་རྣམས་ནི་བླ་མའི་ཆོས་ལུགས་གཙོ་བོ་མིན་གྱི། སངས་རྒྱས་ཀྱི་ཆོས་བྱེད་ཡིན་པས་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་སྤྱི་དང་མཐུན་པའི་ལམ་གྱི་འཇུག་ལྡོག་མ་འཆོལ་བ་དགོས་པ་ཅི་ནས་ཀྱང་ཡིད་ལ་བཅང་བར་ཞུ་ཞེས་ཀྱང་བསྐུལ་ལོ། །

དེས་ན་རང་གི་བླ་མ་ལ་སངས་རྒྱས་ཀྱིས་མ་ཁྱབ་ཀྱང། དགོས་པའི་དབང་གིས་སངས་རྒྱས་སུ་ལྟ་དགོས་པ་ནི་བཀའ་དྲིན་གྱི་སྒོ་ནས་དང། ཁྱད་པར་རང་ལ་སངས་རྒྱས་ཀྱི་བྱིན་རླབས་འཇུག་པ་སོགས་ཀྱི་དགོས་པ་དང། བླ་མར་བརྙས་སྨོད་སོགས་ཀྱི་ཉེས་པ་འགོག་པའི་ཕྱིར་ཡིན་ན། སྔོན་གྱི་དམ་པའི་གསུང་རྒྱུན་ལྟར་གང་ཟག་ལ་དག་སྣང་སྦྱོང། ཆོས་ལ་དཔྱད་དགོས་ཞེས་པ་ལྟར་བྱས་ཏེ། སྤང་བླང་འཇུག་ལྡོག་དེ་ལྟར་དགོས་ཀྱི། བླ་མར་མོས་གུས་ཀྱི་དད་པས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མི་སྒྲིབ་པ་ཞིག་ཅི་ནས་ཀྱང་དགོས་ལ། དེ་བཞིན་ཤེས་རབ་ཀྱང་འཆལ་ཏེ་དད་པ་ལ་གནོད་པ་ལྟ་བུ་མིན་པར་དེ་གཉིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་སུ་འགྲོ་བ་དགོས་ཀྱི། གཞན་དུ་ན་རང་གི་བླ་མ་གཅིག་སེམས་ཙམ་པར་གནས་པ་དེས་ཆོས་རྣམས་རང་ངོས་ནས་གྲུབ་པར་སྟོན་པ་དང། ཡང་རང་གི་བླ་མ་གཞན་ཞིག་དབུ་མ་ཐལ་འགྱུར་བར་གནས་པས་དེ་ལས་ལྡོག་སྟེ་རང་ངོས་ནས་མེད་པར་སྟོན་པ་ན། སློབ་མས་གཉིས་ཀར་ནི་འདོད་མི་ནུས་ཏེ། རང་ངོས་ནས་ཡིན་མིན་གཉིས་ཕན་ཚུལ་སྤང་འགལ་གྱི་དངོས་འགལ་ཡིན་པས། གཞི་གཅིག་ཉིད་གཉིས་ཀ་ཡིན་པ་མི་སྲིད་དེ། དེ་སྲིད་ན་འགལ་བ་ལ་མ་འཁྲུལ་བའི་ཚད་མ་ཡོད་པར་འགྱུར་བའི་དགག་བྱ་ཡོད་པ་དང། དེ་ལྟར་འདོད་ན་གཞིའི་གནས་ཚུལ་དང་འགལ་བར་འགྱུར་བའི་ཕྱིར། དེས་ན་བླ་མ་གཅིག་གི་ལྟ་བ་བཟུང་ན་གཞན་དེ་དང་བསྟེན་ཚུལ་ལོག་པར་འགྱུར་ཞིང། གཞན་གྱི་དེ་བཟུང་ནའང་དེ་ལྟར་ཉེས་པར་འགྱུར་བས་གཉིས་ཀ་དང་མི་འགལ་བའི་ཐབས་མེད་པར་ཐལ་བར་འགྱུར་བས་ཇི་ལྟར་བྱེད། དེའི་ཕྱིར་ཇི་ལྟར་བསྟན་པའི་བདག་པོའི་གསུང་ལའང་དྲང་ངེས་འབྱེད་པ་ལྟར་བླ་མའི་གསུང་ལ་ཡང་ངེས་པར་བརྟག་སྟེ་འཇུག་དགོས་པ་ནི་ཤིན་ཏུ་གལ་ཆེའོ། །

དེ་ཡང་རྒྱ་གར་གྱི་སློབ་དཔོན་ཐོ་བཙུན་གྲུབ་རྗེས་ལྷ་ལས་ཕུལ་བྱུང་གི་བསྟོད་པར།
བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང་། །
གང་ཞིག་རིགས་པར་ལྡན་པའི་ཚིག།།དེ་ཉིད་སྟོན་པར་ཡོངས་སུ་འཛིན། །

ཞེས་གསུངས་པས་ན། དེ་ནི་བསྟན་པའི་གནད་མཁྱེན་པའི་མཁས་པའི་གདམས་པ་ཟབ་མོའོ། །དེའི་ཕྱིར་སྤྱིར་བྱ་བ་གང་ལ་ཡང་ལེགས་ཉེས་འབྱེད་དེ་འཇུག་པ་དང། ཁྱད་པར་ཆོས་ལ་འཇུག་པ་ན་རྨོངས་ཞེན་གྱིས་མི་འཇུག་པར་ཤེས་རབ་ཀྱིས་དཔྱད་དེ་འཇུག་དགོས་ཏེ། དེ་ལྟར་མིན་ན། ཉོན་མོངས་ཆོས་ཀྱི་གྲོགས་སུ་གྱུར་པས་ཆོས་ཆོས་ལོག་ཏུ་གྱུར་ཅིང་། དེ་ལ་བརྟེན་ནས་རང་རྒྱུད་ཀྱི་འཁོར་བ་ཡང་རབ་ཏུ་བརྟན་པར་གྱུར་ཏེ། རྗེ་བདག་ཉིད་ཆེན་པོའི་རྟེན་འབྲེལ་བསྟོད་པར།

ཁྱེད་ཀྱི་བསྟན་ལས་ཕྱིར་ཕྱོགས་པས། །ཡུན་རིང་ངལ་བ་བསྟེན་བྱས་ཀྱང་། །
ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན། །བདག་ཏུ་ལྟ་བ་བརྟན་ཕྱིར་རོ། །ཞེས་པའི་དོན་དང་མཚུངས་པར་འགྱུར་བའི་ཕྱིར།

གཞན་ཡང་རྗེ་དགེ་འདུན་གྲུབ་པས་གསུང་མགུར་ཤར་གངས་རི་མར།
ལམ་གོལ་སར་རྒས་པའི་སྡུག་ཡུས་ཀྱིས། །ཆོས་ཚུལ་བཞིན་བྱེད་པའི་གང་ཟག་ལ། །
རྒྱུད་ཁོང་ནས་འཁྲུགས་པའི་སྡུག་སེམས་ཅན། །གདོན་ཐུགས་ལ་ཞུགས་པ་མ་ལགས་སམ། །ཞེས་པ་དང།

མི་ཁོ་བོའི་རྗེས་འཇུག་གྲོགས་པོ་ཀུན། །ཡིད་ཕྱོགས་སུ་ལྷུང་བས་མ་འཆིང་བར། །
བློ་གཟུ་བོར་གནས་པའི་རྟོག་དཔྱོད་ཀྱིས། །ལམ་དྲང་པོར་ཞུགས་པ་ཅིས་ཀྱང་ལེགས། །ཞེས་གསུངས་པ་རྣམས་ནི་ཤིན་ཏུ་བདེན་ཞིང་བླང་བར་བྱ་བའི་གདམས་ངག་ཁོ་ནའོ། །

དེས་ན་ཇི་ལྟར་དམ་པ་གོང་མ་རྣམས་ཀྱིས། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན། ཞེས་གསུངས་པ་ལྟར་བསྟན་པ་ལ་འཇུག་པ་ན་ཐོས་པའི་དོན་རྣམས་ལ་རྟོན་པ་བཞི་དང་རིགས་པ་བཞིའི་སྒོ་ནས་དཔྱད་དེ་ངེས་པ་རྙེད་པ་ཞིག་དགོས་ཏེ། རྗེ་བདག་ཉིད་ཆེན་པོས་ཐོག་མཐའ་བར་གསུམ་དུ་དགེ་བའི་སྨོན་ལམ་ལས།

ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས། །ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས། །
བསམ་བྱའི་གནས་ལ་བསམ་ལས་བྱུང་བ་ཡིས། །རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག །ཅེས་གསུངས་པ་ལྟར་རོ། །

དེས་ན་ཇི་ལྟར་ཐོས་པའི་ལུང་ཙམ་སྐྱབས་སུ་མི་འཛིན་པར། ཤེས་རབ་ཀྱིས་ཡིན་ལུགས་དཔྱད་དེ་འཇུག་པ་ཤིན་ཏུ་ནས་གལ་ཆེ་སྟེ། །ཡང་རྗེ་འདི་ཉིད་ཀྱིས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་ལས།

མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ་རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།

དེས་ན་རིགས་པས་མ་དཔྱད་ན་རང་གི་འདོད་དོན་གཞིའི་ཡིན་ལུགས་དང་མི་མཐུན་པར་འགྱུར་བར་ཉེ་ཞིང་ཡིད་བརྟན་མི་རུང་ཡང། ནན་གྱིས་དཔྱད་དེ་འཇུག་པའི་ཚུལ་ནི་གཞིའི་གནས་ལུགས་རང་གི་རྨོངས་ཚོད་ཀྱིས་སྒྲོ་བཏགས་པ་ལ་མ་ལྟོས་པར་དོན་དངོས་གཞི་ལ་ཡོད་པ་དེ་ཉིད་འཚོལ་བ་ཡིན་པས། དེས་ན་ཚུལ་འདི་ཁོ་ན་རྨད་དུ་བྱུང་བ་ཡིན་པས་གྱ་ཚོམ་དུ་མ་བརྟག་མ་དཔྱད་པར་རང་གི་འདི་ཡིན་སྙམ་སྟེ་འཇུག་པར་མི་བྱའོ། །དེས་ན་མཐར་གཏུགས་ན་དྲི་མ་མེད་པའི་རིགས་པས་འབྱེད་དགོས་པའི་རྒྱུ་མཚན་དུ་རྗེ་བདག་ཉིད་ཆེན་པོས་དྲང་ངེས་ལེགས་བཤད་སྙིང་པོ་ལས།

དངོས་པོའི་དེ་ཁོ་ན་ཉིད་ཀྱང་འཐད་པས་བསྒྲུབ་པའི་རིགས་པའི་སྒྲུབ་བྱེད་དང་ལྡན་པའི་ཕྱིར།  ཞེས་གསུངས་པའི་ཕྱིར།

དེ་ལྟར་གོང་གི་ཚིག་ལས་མཐར་གཏུགས་ན་ཞེས་པ་དང། དྲི་མ་མེད་པའི་རིགས་པ་ཞེས་པ་དང། བཅད་ཚིག་ཉིད་ཅེས་པ་དང། དེ་ཁོ་ན་ཉིད་ཀྱང་ཞེས་པའི་ཚིག་རྣམས་ལ་གོ་རྒྱུ་ཤིན་ཏུ་ནས་ཆེའོ། །

དེ་ཡང་རིགས་པ་གང་ཡིན་གྱིས་མི་ཆོག་གི་རང་ལྟ་མཆོག་འཛིན་དང་རྨོངས་ཞེན་གྱིས་ཀུན་ནས་བསླངས་ཏེ་མིན་པར། གཟུར་གནས་བློ་ལྡན་དགྱེས་པའི་ཡིན་ལུགས་དང་མཐུན་པའི་དྲི་མ་མེད་པའི་རིགས་པ་ཞིག་དགོས་ལ། དེ་ཙམ་ཁོ་ན་ལ་ཡིད་རྟོན་པར་རུང་གིས་གཞན་དུ་མིན་པར་གདམས་པའི་ཕྱིར་དེ་སྐད་གསུངས་པའོ། །

གཞན་ཡང་རྗེ་བདག་ཉིད་ཆེན་པོས་ལམ་རིམ་ཉམས་མགུར་ལས་ཀྱང།

ཡིན་ལུགས་ཕུ་ཐག་ཆོད་པའི་ཤེས་རབ་དེ། །
གཡོ་མེད་ཞི་གནས་རྟ་ལ་བསྐྱོན་ནས་ནི། །
མཐའ་བྲལ་དབུ་མའི་རིགས་པའི་མཚོན་རྣོན་གྱིས། །
མཐར་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པའི། །
ཚུལ་བཞིན་དཔྱོད་པའི་ཡངས་པའི་ཤེས་རབ་ཀྱིས། །
དེ་ཉིད་རྟོགས་པའི་བློ་གྲོས་རྒྱས་པར་མཛད། །
རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། །
ཐར་འདོད་དག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་གསུངས་པ་ནི་གནས་ལུགས་ལ་དཔྱོད་པའི་སྐབས་ཡིན་ཡང། ཡིན་ལུགས་ཕུ་ཐག་ཆོད་པ་དང། ཚུལ་བཞིན་དཔྱོད་པ་དང། ཡངས་པའི་ཤེས་རབ་ཀྱིས་འཇུག་པ་བླང་དོར་གྱི་གནས་ཀུན་ལ་དགོས་པ་ནི་དོན་གྱིས་གྲུབ་བོ། །

དེས་ན་རང་གི་བླ་མ་སོགས་ལས་ཐོས་པའི་དོན་སངས་རྒྱས་ཀྱི་གཞུང་སྤྱི་དང་མཐུན་མི་མཐུན་དཔྱད་དགོས་ལ། འཇུག་ལྡོག་གི་ཚེའང་སངས་རྒྱས་ཀྱི་གཞུང་ཉིད་གཙོ་བོར་བཟུང་དགོས་ཀྱི་དེ་ལས་གཞན་དུ་བླ་མའི་མན་ངག་ཅེས་པ་བྱང་ཆུབ་སྒྲུབ་པའི་ཐབས་མཆོག་ཏུ་ལྟ་བ་ནི་ནོར་བ་ཁོ་ན་ཡིན་ཏེ།

རྗེ་བདག་ཉིད་ཆེན་པོས་བྱང་ཆུབ་ལམ་རིམ་ཆེན་མོ་ལས།

དེའི་ཕྱིར་མན་ངག་རྣམ་པར་དག་པ་ཡིན་ན། གཞུང་ཆེན་མོ་རྣམས་ལ་ངེས་པ་སྟེར་བ་ཞིག་དགོས་ཀྱི། མན་ངག་ལ་ཅི་ཙམ་སྦྱངས་ཀྱང་བཀའ་དང་དགོངས་འགྲེལ་ཆེན་མོ་རྣམས་ཀྱི་དོན་ལ་ངེས་པ་སྟེར་མི་ནུས་པའམ་དེ་དག་དང་མི་མཐུན་པར་ལམ་སྟོན་ན་ནི། དོར་བར་བྱ་བ་ཁོ་ནའོ། །ཞེས་དང།

ཡང་དེ་ཉིད་ལས།

གང་ཡང་གཞུང་ཆེན་མོ་རྣམས་ལ་ཉམས་ལེན་གྱི་གནད་མེད་པའི་བཤད་ཆོས་སུ་བྱས་ཤིང་། ཉམས་ལེན་གྱི་གནད་ཀྱི་སྙིང་པོའི་དོན་སྟོན་པའི་མན་ངག་ཟུར་དུ་ཡོད་པ་གོ་ནས། དམ་པའི་ཆོས་རང་ལ་བཤད་པ་དང། སྒྲུབ་པའི་ཆོས་ལོགས་ལོགས་པ་གཉིས་ཡོད་པར་འཛིན་པ་ནི། དྲི་མ་མེད་པའི་མདོ་རྒྱུད་དང། དྲི་མ་མེད་པའི་དགོངས་འགྲེལ་གྱི་བསྟན་བཅོས་ལ་གུས་པ་ཆེན་པོ་སྐྱེ་བའི་གེགས་བྱེད་ཅིང། དེ་དག་ལ་ནང་གི་དོན་མི་སྟོན་པའི་ཕྱིའི་གོ་རྒྱ་ཙམ་གཅོད་པའོ་ཞེས་བརྙས་པའི་གནས་སུ་འཛིན་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་གསོག་པར་ཤེས་པར་བྱའོ། ། ཞེས་དང།

ཡང་དེ་ཉིད་ལས།

གདམས་ངག་ལ་ནང་བྱན་ཚུད་པ་ནི། བེའུ་བུམ་ལག་མཐིལ་ཙམ་ཞིག་ལ་ངེས་པ་རྙེད་པ་ལ་མི་ཟེར་གྱི། གསུང་རབ་ཐམས་ཅད་གདམས་ངག་ཏུ་གོ་བ་ལ་ཟེར། ཞེས་དང།

ཡང་དེ་ཉིད་ལས།

དེ་དག་གདམས་པའི་མཆོག་མ་ཡིན་ན་ནི། དེ་དག་མཛད་པ་ལས་ལྷག་པའི་གདམས་ངག་མཁན་པོ་སུ་ཞིག་གིས་རྙེད། དེ་ལྟར་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་དགོངས་འགྲེལ་དང་བཅས་པ་གདམས་ངག་ཏུ་ཤར་ན། རྒྱུད་སྡེ་ཟབ་མོ་དགོངས་འགྲེལ་དང་བཅས་པའི་གཞུང་ལུགས་ཆེན་མོ་རྣམས་ཀྱང་ཚེགས་མེད་པར་གདམས་ངག་ཏུ་ཤར་ནས་དེ་དག་ལ་གདམས་པའི་མཆོག་ཏུ་འཛིན་པའི་ངེས་པ་སྐྱེས་ཏེ།

ཞེས་དང་།

ཡང་རྗེ་བདག་ཉིད་ཆེན་པོའི་གསུང་འབུམ་ཁ་པའི་ནང་གསུང་ཐོར་བུ་བ་ལས་འདི་ལྟར་བྱུང་སྟེ།

མན་ངག་གི་དོན་ཡང་གཞུང་རྒྱ་ཆེ་བ་དང་། དེའི་དོན་ཤིན་ཏུ་རྟོགས་དཀའ་བ་དང་། དགོས་པའི་དབང་གིས་གོ་རིམ་དཀྲུགས་ནས་བསྟན་པ་རྣམས་ལ་ངེས་པ་བདེ་བླག་ཏུ་སྟེར་བ་ཞིག་ལ་བྱེད་པའི་ཕྱིར། གཞུང་ཆེན་མོ་རྣམས་བཤད་ཆོས་དང་། མན་ངག་ཆུང་ཆུང་རྣམས་སྒྲུབ་པའི་ཆོས་སུ་བྱས་ནས་དེ་གཉིས་མི་མཐུན་པར་འཛིན་པ་ནི། བསྟན་པའི་གནད་ཡེ་མ་གོ་བ་ཡིན་ཏེ། འདི་ལྟར་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་རྣམས་ནི་ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། ཞེས་འདོན་པ་ལྟར། སྒྲུབ་པ་ལྷུར་ལེན་ཞིང་སྒྲུབ་པ་ལ་གཞོལ་བ་ཤ་སྟག་ཡིན་པའི་ཕྱིར།

ཞེས་གསུངས་པའི་ཕྱིར། །

ཡང་རྗེ་བདག་ཉིད་ཆེན་པོས་མཛད་པའི་རྗེ་བཙུན་རེ་མདའ་བ་གཞོན་ནུ་བློ་གྲོས་ཀྱི་བསྟོད་པར།

ཐུབ་པའི་དགོངས་པ་འཚོལ་བའི་སྒོ་གཅིག་པུ། །ལུང་དོན་ཚུལ་བཞིན་སྤྱོད་པའི་རིགས་པ་ཡིས། །
དོ་ཤལ་མཆོག་འདིས་ཁྱོད་ཀྱི་མགྲིན་པ་ཉིད། །ཡོངས་སུ་བཟུང་ནས་གཞན་དུ་འགྲོ་མི་བྱེད། །

ལུང་ཙམ་སྐྱབས་སུ་གྱུར་པའི་སྐྱེ་བོ་འདིས། །རང་གི་ཁས་འཆེ་ཙམ་ལ་རིགས་པ་ཞེས། །
རྣམ་པར་ཞེན་ནས་ཐུབ་པའི་ལུགས་འཛིན་པ། །མཐོང་བར་གྱུར་ཚེ་ལྷག་པར་ཁྱོད་ཉིད་དྲན། །

ཞེས་རིགས་པ་དྲི་མ་མེད་པའི་སྒོ་ནས་ཐུབ་པའི་གསུང་རབ་ཀྱི་དགོངས་པ་འཚོལ་དགོས་པ་དང་། དེ་ཡང་ཚུལ་འདི་ཁོ་ནའི་སྒོ་ནས་ཡིན་པར་གསུངས་པས་ཀྱང་ལུང་ཙམ་སྐྱབས་སུ་བཟུང་བས་མིན་པར་དོན་གྱིས་གོ་ནུས་ལ། ཚིགས་བཅད་གཉིས་པར་ཡང་ཚུལ་བཞིན་དཔྱོད་པའི་སྒོ་ནས་རྒྱལ་བའི་གསུང་རབ་ལ་འཇུག་པའི་སྒོ་འདི་རྗེ་བདག་ཉིད་ཆེན་པོར་རྗེ་བཙུན་རེ་མདའ་བའི་དྲིན་གྱིས་རྙེད་པར་གསུངས་པ་དང་། དེའི་སྒོ་ནས་ཀྱང་རྗེ་བཙུན་རེ་མདའ་བར་བསྟོད་པ་མཛད་པ་ལས་ཀྱང་རང་ཅག་རྣམས་ཀྱིས་མན་ངག་དུ་སྐད་བྱས་ནས་ནན་གྱིས་དེར་མ་བརྟག་མ་དཔྱད་པར་འཇུག་མི་རུང་བ་ནི་དོན་གྱིས་འཕངས་སོ། །

དེས་ན་རྗེ་བདག་ཉིད་ཆེན་པོས་སྔགས་རིམ་ཆེན་མོར་བསྟན་པ་སྤྱི་བཤད་རྫོགས་མཚམས་སུ།
དེའི་ཕྱིར་ཀྱེ་ཀྱེ་བློ་གྲོས་འདུན་ལྡན་དག།  །རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ལ། །
ཕས་ཀྱི་རྒོལ་བས་བསྐྱོད་པར་མི་ནུས་པའི། །བསྟན་པའི་གནད་ལ་ངེས་པ་བརྟན་པོ་འཚོལ། །

ཞེས་གསུངས་པ་ལྟར་གྱི་ཉམས་སུ་ལེན་ཚུལ་ཞིག་ཤིན་ཏུ་གནད་ཆེ་བས་ཅི་ནས་ཀྱང་དགོས་སོ། །དེ་ཡང་ཡིན་ལུགས་ཇི་བཞིན་མ་དཔྱད་པར་བྱིན་རླབས་ཙམ་གྱིས་མ་རྟོགས་ལོག་རྟོག་དང་ཐེ་ཚོམ་གྱི་དྲ་བ་རྣམས་སེལ་མི་ནུས་པས་ངེས་པར་རིགས་པས་དཔྱད་དེ་ངེས་པ་རྙེད་པ་ལ་འབད་པར་བྱའོ། །

རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས་རྗེ་ཉིད་ཀྱིས་གསུང་དྲངས་པ་ལ་འདི་ལྟར་འབྱུང་སྟེ།

ད་ལྟ་བོད་ནང་ཤེེས་རབ་ཆེ་བ་གོ་བ་བཟང་བའི་མཐར་ཐུག་ཏུ་བརྩི་བ་འདི་ཚོ་ལྟར། གསུང་རབ་དགོངས་འགྲེལ་དང་བཅས་པའི་བསྟན་བཅོས་ཕལ་ཆེར་ལ། བལྟས་པ་ཙམ་ནས་འདིའི་དོན་འདིར་འདུག་སྙམ་པ་འབད་མེད་དུ་ལམ་ལམ་འཆར་བ། དེ་གཞན་ལ་བསྟན་ན་གོ་བ་ཆེན་པོ་བློ་ཡུལ་དུ་བདེ་སང་སང་བ་འཆར་ཐུབ་པ་ཞིག་ང་ལ་སྔ་མོ་ནས་ཡོད་དེ། དེ་འདྲ་བ་ལ་ཡིད་བརྟན་བཅང་མི་རུང་། རིགས་པ་ཕྲ་མོས་ལེགས་པར་དཔྱད་པ་ན། དང་པོ་ཡིན་ཡིན་འདྲ་བའི་གོ་བ་རྙེད་པ་རྣམས་ཀྱང་ཕལ་ཆེར་ཞིག་འགྲོ་བ་ཀ་མེད། དེས་ན་རིགས་པ་རྣམ་པར་དག་པ་ཕྲ་མོ་ཞིག་གིས་ལེགས་པར་དཔྱད་པའི་དཔྱད་པ་མ་རྫོགས་བར་དུ་དོན་དེར་ཁ་ཚོན་བཅད་ཀྱང་ཤབ་ཤོབ་ཏུ་འགྲོ་བ་ཡིན། ཞེས་གསུང་ངོ་། །

ཞེས་པ་ལྟར་ནན་གྱིས་མ་དཔྱད་པར་དོན་དེར་ཁ་ཚོན་བཅད་ཀྱང་ཤབ་ཤོབ་ཏུ་འགྲོ་བ་གསུངས་པའི་དོན་ལ་ངེས་པ་བརྟན་པོ་འཚོལ་བ་རིགས་སོ། །

དེས་ན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང། བླ་མ་གསེར་གླིང་པ་གཉིས་བདག་འཛིན་མ་རིག་པའི་གཉེན་པོར་གྱུར་པའི་ལྟ་བའི་བཞེད་ཚུལ་ལ། བླ་མ་གསེར་གླིང་པ་སེམས་ཙམ་པ་དང། ཇོ་བོ་རྗེ་ཐལ་འགྱུར་བར་གནས་པས་མི་མཐུན་པ་ཡོད་ཀྱང། དེ་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས་ཇོ་བོ་རྗེས་བླ་མ་གསེར་གླིང་པ་ལ་མི་དད་པ་སྐད་ཅིག་ཀྱང་མེད་ཁར། བྱང་ཆུབ་སེམས་སྦྱོང་གི་གདམས་པ་རྣམས་བླ་མ་གསེར་གླིང་པ་ལས་གསན་པས་ན། ཇོ་བོ་རྗེར་བླ་མ་མང་པོ་ཡོད་པའི་ནང་ནས་གཙུག་གི་ནོར་བུ་ལྟ་བུར་བཀུར་ཞིང་ཤིན་ཏུ་ནས་དད་ཀྱང། རང་གི་ཐལ་འགྱུར་བའི་ལྟ་བ་བཏང་ནས་སེམས་ཙམ་པའི་ལྟ་བ་འཛིན་པ་མཛད་མེད། དེ་ལྟ་ན་ཡང་ཇོ་བོ་རྗེ་བཤེས་གཉེན་བསྟེན་ཚུལ་ལོག་པ་ནི་གཏན་ནས་མ་ཡིན་ཏེ་དཔལ་ལྡན་ཟླ་གྲགས་ཀྱིས་འཇུག་པ་ལས།

གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །

གཞན་གཞུང་འཇིག་པར་གྱུར་ན་ཉེས་པ་མེད། །

ཅེས་གསུངས་པའི་ཕྱིར་ན་རྨོངས་ཞེན་གྱིས་མིན་པར། དཔྱད་ནས་འཇུག་པ་སངས་རྒྱས་པ་སྤྱི་དང། ཁྱད་པར་དཔལ་ནཱ་ལེནྡྲའི་མཁས་པའི་ལུགས་ཡིན་པ་འདིས་བསྒྲུབ་པའི་ཕྱིར།

དེར་མ་ཟད་སློབ་དཔོན་སེང་གེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་ལས།

འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོ་བྱས་པས། །
ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་བརྟེན་ནས་རྣམ་པར་བཀྲོལ། །ཞེས་དང།

ཡང་དེ་ཉིད་ལས།

འཕགས་པའི་ཁོངས་སུ་གཏོགས་པ་ཡི། །རྣམ་པར་གྲོལ་བ་ཞེས་བྱས་ཀྱང། །
དེས་བྱས་བྱས་པ་མིན་མཐོང་ནས། །དབུ་མར་གནས་པའི་བློས་རྣམ་ཕྱེ། །

ཞེས་པ་ལྟར་འཕགས་པ་གྲོལ་སྡེས་རང་གི་བླ་མ་སློབ་དཔོན་དབྱིག་གཉེན་གྱི་མངོན་རྟོགས་རྒྱན་གྱི་དགོངས་པ་སེམས་ཙམ་པར་རང་གི་མོས་པའི་སྟོབས་ཀྱིས་བཀྲལ་བ་དེ་མི་འཐད་པར་གཟིགས་ནས་དེའི་དགོངས་པ་དབུ་མར་བཀྲལ་ཡང་འཕགས་པ་གྲོལ་སྡེ་བཤེས་གཉེན་བསྟེན་ཚུལ་ལོག་པ་ག་ལ་ཡིན།

དེ་བཞིན་དུ་དེ་ཉིད་ལས།

དེ་ཡི་འོག་ཏུ་རྣམ་གྲོལ་སྡེ། །དད་པའི་ས་ལ་གནས་པ་ཡིས། །
བསྟན་བཅོས་མཐའ་དག་མ་རྙེད་པར། །རང་དང་རྗེས་མཐུན་རྣམ་བཤད་བྱས། །

ཞེས་བཙུན་པ་རྣམ་གྲོལ་གྱིས་རྒྱན་གྱི་དགོངས་པ་མ་རྙེད་པར་གསུངས་པ་དང།

ཡང་དེ་ཉིད་ལས།

དེ་ལྟར་མཁས་པས་སྣང་བྱས་ཤིང། །འགའ་ཞིག་ཁོ་ནས་མ་རྙེད་པའི། །
བསྟན་བཅོས་མཐའ་དག་འདི་དེ་ལྟར། །རྙེད་པ་གང་དེ་ཡ་མཚན་ནོ། །

ཞེས་རང་གི་བླ་མ་སྔ་མས་མ་རྙེད་པའི་རྒྱན་གྱི་དགོངས་པའི་དོན་རྙེད་པར་གསུངས་པ་ཡང་དྲང་པོའི་ངང་ཚུལ་ཡིན་གྱི་དེ་ལྟ་བུའི་དགེ་སློང་འདུལ་བ་འཛིན་པའི་མཁས་པའི་དབང་པོ་སློབ་དཔོན་ཆེན་པོ་མཉམ་མེད་སེང་གེ་བཟང་པོས་རྫུན་གསུངས་པ་གཏན་ནས་མིན་ནོ། །

གཞན་ཡང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྟོག་གེ་འབར་བར།

དེ་ནས་ད་ནི་རྣལ་འབྱོར་སྤྱོད་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པས་ལེའུ་ལྔ་པ་བརྩམ་པར་བྱ་སྟེ། རང་གི་ལུགས་ཀྱི་ང་རྒྱལ་གྱིས་མཁས་པར་རློམ་གཞན་འདི་སྐད་སྨྲ། དེ་ཉིད་བདུད་རྩིར་འཇུག་པར་ཡང། རྣལ་འབྱོར་སྤྱོད་པར་ལེགས་པར་བསྟན། ཐེག་པ་ཆེན་པོ་ཉིད་ཀྱི་སློབ་དཔོན་ཐོགས་མེད་དང་དབྱིག་གཉེན་ལ་སོགས་པ་གཞན་དག་ནི་དེ་བཞིན་གཤེགས་པའི་ལུང་བསྟན་ཅིང། ས་རབ་ཏུ་བརྙེས་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་ཡང་དག་པར་རྟོགས་པའི་ཐེག་པ་ཆེན་པོའི་དོན་གྱི་ལུགས་གཞན་དུ་འདྲེན་པར་བྱེད་ཅིང་ངོ་ཚ་དང་ཁྲེལ་མེད་པ་དོན་རྣམ་པར་མི་ཤེས་པ་དེ་བཞིན་དུ་ཤེས་ཤིང་མཁས་པར་ང་རྒྱལ་བྱེད་པ་དག་འདི་སྐད་སྨྲ་སྟེ།

ཞེས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་རང་ཉིད་ཀྱིས་རང་གི་མདོའི་དགོངས་པ་སེམས་ཙམ་དུ་འབྱེད་པར་ལུང་བསྟན་པའི་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་དང་མཁས་པའི་དབང་པོ་སློབ་དཔོན་དབྱིན་གཉེན་གཉིས་རང་གི་བརྒྱུད་པའི་བླ་མ་ཡིན་རུང་དེ་དག་གི་ལུགས་དགག་པ་མཛད་ཀྱང་དེས་སློབ་དཔོན་ལེགས་ལྡན་འབྱེད་བཤེས་གཉེན་བསྟེན་ཚུལ་ལོག་པར་ག་ལ་འགྲུབ།

དེས་ན་ལུང་གཙོ་བོ་མིན་གྱི་རིགས་པ་གཙོ་བོར་བཟུང་དགོས་ཏེ།

རྟོག་གེ་འབར་བ་ལས།

རིགས་པ་དང་འགལ་བའི་ལུང་ཙམ་གྱི་རྗེས་སུ་འབྲང་བས་དེ་ཁོ་ན་ཉིད་དུ་བསྒྲུབ་པ་ནི་བརྟག་མི་བཟོད་པའི་ཕྱིར་བེམ་པོའི་བློ་དང་ལྡན་པ་རྣམས་ལ་མས་བྱིན་པའི་ལ་དུ་(Laddu)བཞིན་དུ་བུད་མེད་འགའ་ཞིག་གིས་སྨན་ཞུ་བའི་དུས་འདས་ཀྱི་བར་དུ་བྲིད་པའི་ཕྱིར་བུ་རམ་གྱིས་བསྐུས་པའི་རྡེའུ་དག་འདི་ལ་དུ་ཡིན་གྱིས་ཟོ་ཞིག་བྱས་ནས་བྱིན་ལ། དེ་ཡང་མ་འདི་བདག་ལ་དུས་ནམ་ཡང་ལོག་པར་བྱེད་པ་མ་ཡིན་ནོ་སྙམ་ནས་དྲག་ཏུ་སོ་བཏབ་ཅིང་བཅའ་བར་བརྩམས་པ་དང་སོ་དག་ཀྱང་ཆག་པར་འགྱུར་རོ། །

དེ་བཞིན་དུ་ལ་ལ་དག་སྨན་པའི་རྒྱལ་པོས་ཉེ་བར་བསྟན་པའི་སྨན་ཕྱིན་ཅི་ལོག་ཉེ་བར་སྤྱོད་པ་ལྟར། བདེ་བར་གཤེགས་པའི་བསྟན་པ་བརྡ་དང་བཅས་པ་དང། དགོས་པ་དང་བཅས་པ་དག་ཇི་བཞིན་དུ་མ་རྟོགས་ནས་ཐུབ་པས་ནི་འདི་ལྟར་བསྟན་པ་ཡིན་ནོ་ཞེས་སྒྲ་ཇི་བཞིན་དུ་བཟུང་ནས་མངོན་པར་ཞེན་པ་བརྟན་པར་བྱེད་པ་དེ་དག་ནི་མས་བྱིན་པའི་ལ་དུ་ཟ་བའི་ཁྱེའུ་བཞིན་དུ་མཁས་པ་རྣམས་ཀྱིས་བཞད་གད་དུ་བྱ་བ་ཡིན་ནོ། །དེས་ན་ལུང་གི་རྗེས་སུ་འབྲང་བ་ཙམ་དུ་མི་བྱའི་རིགས་པས་རྗེས་སུ་དཔག་པར་བྱའོ། །ཞེས་གསུངས་པས་ན་ཚུལ་འདི་ནི་ཤིན་ཏུ་ནས་ཟབ་པའི་གདམས་ངག་ཏུ་གོ་བར་བྱའོ། །

དེ་ལྟར་འབྱེད་དགོས་པ་ཡང་སངས་རྒྱས་ཉིད་ཀྱི་མདོའི་ཁུངས་དང་བཅས་ཏེ། རྗེ་བདག་ཉིད་ཆེན་པོའི་བྱང་ཆུབ་ལམ་རིམ་ཆེན་མོར། བཤེས་གཉེན་བསྟེན་ཚུལ་གྱི་ས་བཅད་སྦྱོར་བའི་བསྟེན་ཚུལ་དུ།

གལ་ཏེ་བླ་མའི་བཀའ་བཞིན་དུ་བསྒྲུབ་དགོས་ན། བླ་མ་དེ་བསྟེན་ན་མི་རིགས་པའི་ལམ་དུ་འཁྲིད་པ་དང། སྡོམ་པ་གསུམ་དང་འགལ་བའི་བྱ་བ་ལ་འཇོག་ན་དེ་ལྟར་བྱའམ་ཞེ་ན། དེ་ནི་འདུལ་བའི་མདོ་ལས། ཆོས་མ་ཡིན་པར་སྨྲ་ན་བཟློག་པར་བྱའོ། །ཞེས་དང། དཀོན་མཆོག་སྤྲིན་ལས་ཀྱང། དགེ་བའི་ཆོས་ལ་དེ་དང་མཐུན་པར་སྤྱོད་ལ། མི་དགེ་བ་ལ་མི་མཐུན་པར་སྤྱོད་དོ། །ཞེས་གསུངས་པས་དེའི་བསྒོ་བ་ལ་མི་ཉན་དགོས་སོ། །མི་རིགས་པ་ལ་མི་འཇུག་པ་ནི། སྐྱེས་རབས་བཅུ་གཉིས་པ་ལ་གསལ་བར་ཡོད་དོ། །

ཞེས་གསུངས་པ་ལྟར་སྐྱེས་རབས་བཅུ་གཉིས་པར་བདག་ཅག་གི་སྟོན་པ་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་དུས་ཤིག་གི་ཚེ་རང་གི་བླ་མའི་བཀའ་བཞིན་སློབ་མ་གཞན་ཀུན་བླ་མའི་ཕྱིར་གཞན་གྱི་ནོར་རྐུ་བར་བརྩམས་ཀྱང་སྟོན་པས་དེ་ལྟར་བླ་མའི་ཕྱིར་ཡང་གཞན་གྱི་ནོར་རྐུ་བ་ནི་ཆོས་དང་མི་མཐུན་པས་མི་བྱེད་ཅེས་གསུངས་པའི་སྐྱེས་རབས་ལས་ཇི་ལྟར་བྱུང་བ་ལྟར་སྔོན་བྱོན་སྟོན་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་ཞེས་པ་ལྟར་བྱ་བ་ནི་དམ་པ་རྣམས་ཀྱི་ལུགས་ཡིན་པས་ཅི་ནས་ཀྱང་བསླབ་པར་འཚལ།

དེ་ལྟར་བླ་མས་གསུངས་པའི་ཆོས་འགའ་བསྟན་པ་སྤྱིའི་ཚུལ་དང་མི་མཐུན་ནའང་སློབ་མའི་ངོས་ནས་བླ་མའི་བཀའ་ཡིན་ཞེས་སྒྲ་ཇི་བཞིན་དུ་མི་འཛིན་པར་བསྟན་པ་སྤྱིའི་ཚུལ་དང་མཐུན་པའི་འཇུག་ལྡོག་མ་ནོར་བ་དགོས་ཏེ། སྟེན་བྱེད་སློབ་མ་མཚན་ཉིད་ཚང་བ་ཞིག་ལ་ལེགས་བཤད་འཛིན་ལ་ཉེས་བཤད་འདོར་ཤེས་པ་ཞིག་དགོས་པའི་ཕྱིར་ཏེ། ལམ་རིམ་ཆེན་མོར།

གཉིས་པ་སྟེན་བྱེད་སློབ་མ་ནི། བཞི་བརྒྱ་པ་ལས།
གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །
སྨྲ་བོ་ཡོན་ཏན་རྣམ་གཞན་དུ། །མི་འགྱུར་ཉན་པ་པོ་ལ་མིན། །

ཞེས་ཆོས་གསུམ་དང་ལྡན་པ་ཞིག་ཉན་པའི་སྣོད་དུ་རུང་བ་དང། ཞེས་དང།

ཡང་དེ་ཉིད་ལས། ཡང་དེ་ཙམ་གྱིས་ཆོག་གམ་སྙམ་ན་གཟུ་བོར་གནས་ཀྱང་ལེགས་བཤད་ལམ་ཡང་དག་དང་ཉེས་བཤད་ལམ་ལྟར་སྣང་གཉིས་རྣམ་པར་འབྱེད་པའི་བློའི་མཐུ་མེད་ན་སྣོད་དུ་མི་རུང་བས་དེ་གཉིས་གོ་བའི་བློ་དང་ལྡན་པ་ཞིག་དགོས་ཏེ། དེས་ནི་སྙིང་པོ་མེད་པའི་ཕྱོགས་དོར་ནས་སྙིང་པོ་ལེན་པའོ། །

ཞེས་དང། ཡང་དེ་ཉིད་ལས།

འགྲེལ་པ་ལས་ཀྱང། ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་ཡིད་གཏོད་པ་གཉིས་བསྣན་ནས་ལྔར་གསུངས་སོ། །དེ་ལྟར་ན་ཆོས་ལ་དོན་གཉེར་ཆེ་བ། ཉན་པའི་ཚེ་ཡིད་ལེགས་པར་གཏོད་པ། ཆོས་དང་ཆོས་སྨྲ་བ་ལ་གུས་པ་ཆེན་པོ་འཇོག་པ། ཉེས་བཤད་དོར་ནས་ལེགས་བཤད་འཛིན་པ་སྟེ་བཞིའོ། ། བཞི་པོ་དེའི་མཐུན་རྐྱེན་ནི་བློ་དང་ལྡན་པ་ཡིན་ལ། འགལ་རྐྱེན་འདོར་བ་ནི་གཟུ་བོར་གནས་པའོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་དེ་ལྟ་བུའི་བླ་སློབ་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པས་མགོན་པོ་གང་གིས་དམ་པའི་ཆོས་ཀྱི་ཚུལ་ལ་གཞུང་བཞིན་འཇུག་ལྡོག་གིས་བསྟན་པའི་གནད་ཤེས་པའི་མཁས་པ་རྣམས་མགུ་བ་ཁོ་ན་ཡིན་ཡང། བསྟན་པའི་གནད་མི་ཤེས་པའི་བྱིས་པ་རྣམས་ནི་དེ་ལྟ་བུའི་མཛད་པར་ཡི་རང་མི་སྐྱེ་བར་དེ་མགོན་པོ་གང་གི་སྐྱོན་དུ་སྣང་བའང་རང་གི་ཉེས་པ་ཁོ་ནས་བྱས་པ་ཡིན་པས་སྙིང་རྗེ་བའི་ཡུལ་ཁོ་ནའོ་ཞེས་སྨྲའོ། །

གཞན་ཡང་ལམ་རིམ་ཆེན་མོ་ལས།

འོན་ཀྱང་དེ་དག་རྒྱུ་མཚན་དུ་བྱས་ནས་དེ་ལ་མི་གུས་པ་དང། བརྙས་པ་དང་སྨོད་པ་སོགས་བྱར་མི་རུང་བས། བླ་མ་ལྔ་བཅུ་པ་ལས། རིགས་པ་ཡིས་ནི་མི་ནུས་ན། །མི་ནུས་དེ་ལ་ཚིག་གིས་སྦྱང། །ཞེས་གསུངས་པ་ལྟར་བཤད་སྦྱང་ལེགས་པར་བྱས་ཏེ་མི་འཇུག་པ་ཡིན་ནོ། ། ཞེས་འབྱུང་བ་དང།

ཚུལ་དེ་དང་མཚུངས་པར་ཡང་རྗེ་བདག་ཉིད་ཆེན་པོས་བླ་མ་ལྔ་བཅུ་པའི་འགྲེལ་པ་ལས།

འོ་ན་བླ་མས་བསྒོ་བ་ཐམས་ཅད་སྒྲུབ་དགོས་སམ་སྙམ་ན། ཆོས་དང་ལྡན་པའི་བསྒོ་བ་ཡིན་ཡང་རང་གི་ཇི་ལྟར་བྱས་ཀྱང་མི་ནུས་པ་ཡིན་ན་མི་ནུས་པའི་བསྒོ་བ་དེ་ལ་མི་ནུས་པའི་རྒྱུ་མཚན་ལེགས་པར་བརྡ་སྤྲོད་པའི་ཚིག་གིས་བཤད་སྦྱང་བྱས་ནས་མ་བསྒྲུབས་ཀྱང་ཉེས་པ་མེད་དོ། །གལ་ཏེ་བྱ་བ་དེ་རིགས་པ་དང་ལྡན་པའི་སྒོ་ནས་བསྒྲུབ་པར་ནུས་པ་མིན་པར་མི་རིགས་པ་ཆོས་མི་ལྡན་གྱི་བསྒོ་བ་ཡིན་ནའང་སྔར་ལྟར་བཤད་སྦྱང་བྱས་ལ་འཇུག་པར་མི་བྱ་སྟེ། དཔལ་གསང་བ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་སྙིང་པོ་རྒྱན་ལས་འཇམ་དཔལ་གྲགས་པས། མི་དགེ་ལས་སྦྱོར་ཚིག་དག་ལ། །གདས་པར་གསོལ་ཏེ་བཏང་སྙོམས་གཞག །ཅེས་གསུངས་སོ། །

ཞེས་གསུངས་པའི་ཕྱིར་ན་ཚུལ་དེ་དག་ངེས་པར་བྱས་ནས་ཅི་ནས་ཀྱང་ཉམས་སུ་ལེན་པར་བསྐུལ་ལོ། །

ལྷག་བསམ་དགེ་བས་ཉེར་དྲངས་ཐུབ་བསྟན་རྒྱ་མཚོ་ཆེན་པོར་སྦལ་པའི་རྐྱལ་གྱིས་ནི། །
གར་ཡང་མི་བགྲོད་ཕ་མཐར་སོན་པ་སྲས་བཅས་རྒྱལ་བའི་ཐུགས་རྗེའི་རླབས་ཀྱི་དྲིན། །

ཕ་རོལ་བྱང་ཆུབ་གླིང་དུ་འགྲོ་འདོད་རྣམས་ལ་དེད་དཔོན་མེད་པར་ཇི་ལྟར་རུང་། །
དེ་བས་བླ་མ་ཤཱཀྱ་སེང་གེའི་གྲུར་ཞུགས་དེད་དཔོན་ཐུགས་རྗེའི་བཤེས་ལ་བསྟེན། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

དེས་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་བཅུ་ཕྲག་གཉིས་ཙམ་ཡོད་ཅིང། དེའི་ནང་ནས་དོལ་རྒྱལ་བསྟེན་གསོལ་གནང་མཁན་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མ་གཏོགས་༸རྒྱལ་བའི་ཡོངས་འཛིན་གཞན་ཐམས་ཅད་དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བ་གཏན་ནས་མེད་ཅིང། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་བསྟེན་གསོལ་ཡང་དྲེགས་པ་བསྟེན་པའི་ཚུལ་ཁོ་ན་ལས་དེང་གི་དོལ་རྒྱལ་རྗེས་འབྲང་པ་ལྟར་དོལ་རྒྱལ་སྐྱབས་གསུམ་ཀུན་འདུས་སུ་བརྩིས་མེད་ལ། སྤྱི་ནོར་༸གོང་ས་ཐམས་ཅད་མཁྱེན་པས་དོལ་རྒྱལ་སྐོར་བརྟག་དཔྱད་ཀྱི་རིམ་པ་རྣམས་༸སྐྱབས་རྗེ་རིན་པོ་ཆེར་སྙན་གསན་ཞུས་པ་ན་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་དམ་གྱི་རྟེན་དཔལ་ལྡན་ལྷ་མོའི་ཞལ་ཐང་གི་མདུན་དུ་གཟན་བསྒྲིལ་གནང་བའི་བརྟག་དཔྱད་ཀྱི་འབྲས་བུར་བསླུ་བ་གཏན་ནས་མེད་ཚུལ་གྱི་བཀའ་སློབ་ཕེབས་པ་མ་གཏོགས་མགོན་པོ་གང་གིས་དོལ་རྒྱལ་མཚམས་འཇོག་དང། དམ་བསྒྲགས་ལ་མི་མཉེས་པ་མེད་ཁར། ༸སྐྱབས་རྗེ་རིན་པོ་ཆེ་ནས་ཀྱང་དགའ་ལྡན་དང་སེ་ར་སོགས་སུ་ཚོགས་པ་སྤྱིར་དོལ་རྒྱལ་བསྟེན་སྲོལ་མེད་ན་ལེགས་ཞེས་གསུང་མྱོང་ཡོད་པ་གང་གི་བུ་སློབ་ད་ལྟའང་འཚོ་ཞིང་བཞུགས་པ་འདི་ཕྱོགས་སུ་མང་དག་ཡོད་པ་རྣམས་ཀྱིས་མཁྱེན་གསལ་ལྟར་རོ། །

གཞན་ཡང་སྤྱིར་སངས་རྒྱས་ཀྱི་བཅས་པ་ལ་དགག་སྒྲུབ་གནང་གསུམ་གྱི་བཅས་པ་ཡོད་པ་ལྟར་དོལ་རྒྱལ་བསྟེན་རྒྱུ་དེ་ཅི་སྟེ་༸སྐྱབས་རྗེ་རིན་པོ་ཆེའི་བཅས་པ་ཡིན་ན་ཡང་དགག་པའི་དང་སྒྲུབ་པའི་བཅས་པར་མི་རུང་བས་གནང་བའི་བཅས་པ་ཁོ་ནའོ། །

དེ་དགག་པའི་བཅས་པར་མི་རུང་སྟེ་ཟླ་བ་ཕྱེད་ཕྱེད་ལ་གསོ་སྦྱོང་བྱ་དགོས་པ་དེ་དེར་མི་རུང་བ་ལྟར་རྒྱུ་མཚན་མཚུངས་པའི་ཕྱིར།

དེ་སྒྲུབ་པའི་བཅས་པར་ཡང་མི་རུང་སྟེ་༸སྐྱབས་རྗེ་རིན་པོ་ཆེས་༸སྐྱབས་མགོན་༸རྒྱལ་བའི་དབང་པོར་དོལ་རྒྱལ་ངེས་པར་བསྟེན་དགོས་པར་བཀས་མ་བཅས་པའི་ཕྱིར། དེ་ལྟར་ཡིན་ཏེ། ༸སྐྱབས་མགོན་༸རྒྱལ་བའི་དབང་པོས་དོལ་རྒྱལ་དང་འབྲེལ་བའི་བརྟག་དཔྱད་ཀྱི་རིམ་པ་རྣམས་༸སྐྱབས་རྗེ་རིན་པོ་ཆེར་སྙན་སྒྲོན་ཞུས་པ་ན་༸རྒྱལ་དབང་ལྔ་པ་ཆེན་པོའི་ཐུགས་དམ་གྱི་རྟེན་འདོད་ཁམས་བདག་མོའི་ཞལ་ཐང་གི་མདུན་གཟན་བརྟག་བསྒྲིལ་བའི་བརྟག་པར་བསླུ་བ་གཏན་ནས་མེད་པ་དང། དེ་བཞིན་གནས་ཆུང་རྡོ་རྗེ་གྲགས་ལྡན་ཡང་དགག་ཐུག་སར་བསླུ་བ་གཏན་ནས་མེད་པའི་བཀའ་སློབ་ཕེབས་པ་དང། དོལ་རྒྱལ་གྱི་སྲོག་གཏད་ཞུ་རྒྱུ་ཕྱིར་འཐེན་གྱི་སྙན་གསན་དང། མཐར་དོལ་རྒྱལ་མཚམས་འཇོག་གི་གནས་ཚུལ་རྣམས་ཞུས་པར་ཞལ་བཞེས་དབུགས་དབྱུང་ཐོབ་པ་མ་གཏོགས་དེ་ལྟར་མི་རིགས་པའི་བཀའ་ནམ་ཡང་ཕེབས་མྱོང་མེད་པས་ན། སྒྲུབ་པའི་བཅས་པར་མི་རུང་བ་དེས་བསྒྲུབས་པས། དེས་ན་དོལ་རྒྱལ་བསྟེན་རྒྱུ་དེ་༸སྐྱབས་རྗེ་རིན་པོ་ཆེའི་བཅས་པ་མིན་ཀྱང་ཅི་སྟེ་ཡིན་པའི་དབང་དུ་བྱས་ཀྱང་གནང་བའི་བཅས་པ་ཁོ་ནའོ། །

གནང་བའི་བཅས་པར་ནི་བྱེད་ཀྱང་རུང་ལ། མི་བྱེད་ཀྱང་རུང། རང་ཇི་ལྟར་མོས་པ་ལྟར་བྱར་ཡོད་པ་ཡིན་པས་ན་༸སྐྱབས་རྗེ་རིན་པོ་ཆེའི་བཀའ་དང་ཇི་ལྟར་འགལ། གཞན་ཡང་༸རྒྱལ་དབང་ཐམས་ཅད་མཁྱེན་པས་ནི་དོལ་རྒྱལ་དང་འབྲེལ་བའི་ཆོས་གང་ཡང་༸སྐྱབས་རྗེ་རིན་པོ་ཆེ་ལས་གསན་མེད་པས་དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བའི་དམ་ཚིག་གང་ཡང་སྲུང་མི་དགོས་པས་དམ་ཚིག་ཇི་ལྟར་ལོག་པར་འགྱུར། །

ཡང་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་བསྟེན་ཞིང་༸རྒྱལ་དབང་འདིས་མི་བསྟེན་པས་དམ་ཚིག་འགལ་ལོ་ཞེས་ན་ཧ་ཅང་ཐལ་ཆེས་ཏེ། ཐེག་པ་ཆེན་པོའི་ཆོས་བདག་ཅག་གི་བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་དམ་གྱི་མཐིལ་དུ་བཞུགས་ཀྱང་། སྟོན་པའི་འཁོར་གྱི་ནང་ཤཱ་རིའི་བུ་ལ་སོགས་པས་ཉན་ཐོས་ཀྱི་ཐེག་པ་ཁོ་ན་འཛིན་པས། ཁྱེད་ཅག་ལྟར་ན་དེ་ལྟ་བུའི་སྟོན་པའི་འཁོར་གྱི་ཉན་ཐོས་ཐམས་ཅད་སྟོན་པ་དང་དམ་ཚིག་ལོག་པར་འགྱུར་བ་སོགས་ཀྱི་ཉེས་པ་བཟློག་ཏུ་མེད་དོ། །

གཞན་ཡང། རང་གི་བླ་མས་ཉམས་ལེན་མཛད་ཀྱང་དེ་ལྟར་རང་གིས་མི་བྱེད་པ་ཙམ་གྱིས་བཤེས་གཉེན་བསྟེན་ཚུལ་ལོག་ན་༸སྐྱབས་རྗེ་ཕ་བོང་ཁའི་བླ་མའི་ཁྲོད་དུའང་སྔ་འགྱུར་རྙིང་མ་ཉམས་བཞེས་མཛད་མཁན་དང། རིས་མེད་ཉམས་བཞེས་མཛད་མཁན་ཡང་ཡོད་པས་འབྲས་མཚུངས་ཀྱི་ལྟག་ཆོད་དུ་འགྱུར་ཉེན་ཆེ་བས་སེམས་རྣལ་དུ་ཞོག་ལ་བྱུང་རྒྱལ་དུ་སྒྲོ་སྐུར་མི་སྨྲ་ན་མཛེས་སོ། །

དེ་བཞིན་༸སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོའི་བླ་མའི་གྲལ་དུ་དོལ་རྒྱལ་དམ་བསྒྲགས་མཛད་མཁན་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོ་ཡང་ཡོད་ལ། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་བསྙེན་རྫོགས་ཀྱི་མཁན་པོ་༸གོང་ས་བཅུ་གསུམ་པ་ཡིན་ཞིང་། ༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་དང་། ༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་དང་། ད་ལྟའི་༸རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ཆེན་པོ་རྣམས་ཕན་ཚུན་བླ་སློབ་ཀྱང་ཡིན་པས། ༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེས་དོལ་རྒྱལ་མི་བསྟེན་ཞིང་། ༸རྒྱལ་དབང་ཐམས་ཅད་མཁྱེན་པ་འདིས་དོལ་རྒྱལ་དགག་བྱར་འཛིན་པས་ན། དགོངས་པ་མི་མཐུན་པ་ཙམ་གྱིས་བཤེས་གཉེན་བསྟེན་ཚུལ་ལོག་ན། སྐྱོན་དེ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དང་ཡོངས་འཛིན་གླིང་རིན་པོ་ཆེར་ཡང་འབབ་པར་འགྱུར་བས། ཅོལ་ཆུང་གི་ཤབ་ཤོབ་མི་སྨྲ་ན་མི་མཛེས་སམ།

དེ་ལྟར་བསྟེན་ཚུལ་ལོག་པའི་སྐྱོན་དེ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་འགྱུར་ཏེ། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་བསྟེན། ༸སྐྱབས་རྗེ་གླིང་རིན་པོ་ཆེ་དང་། ༸གོང་ས་ཐམས་ཅད་མཁྱེན་པས་མི་བསྟེན་པའི་ཕྱིར། གླིང་རིན་པོ་ཆེ་ཡང་ཁྱེད་ཅག་ལྟར་ན་བཤེས་གཉེན་བསྟེན་ཚུལ་ལོག་པར་འགྱུར་ཏེ། ༸སྐྱབས་རྗེ་ཕ་བོང་ཁས་དོལ་རྒྱལ་བསྟེན། རིན་པོ་ཆེས་མི་བསྟེན་པའི་ཕྱིར་དང་། ཁྲི་བྱང་རིན་པོ་ཆེ་དང་གླིང་རིན་པོ་ཆེ་གཉིས་ཕན་ཚུན་བླ་སློབ་ཡིན་པས་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་བསྟེེན། གླིང་རིན་པོ་ཆེས་ནམ་ཡང་མི་བསྟེན་པའི་ཕྱིར། ད་འཁོར་གསུམ་གྱིས་མགོ་བོ་ཐུམས་ཤིག

གཞན་ཡང་། ད་ལྟའི་ཁྲི་བྱང་མཆོག་སྤྲུལ་གྱི་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མའི་ཐོག་མ་ཡང་༸དོལ་རྒྱལ་དམ་བསྒྲགས་མཛད་མཁན་༸རྒྱལ་དབང་བཅུ་བཞི་པ་ཆེན་པོ་ཡིན་པས་ན། གཞན་ལ་སྨྲས་པའི་ཉེས་པ་རང་ལ་ཇི་ལྟར་མི་འཇུག་སོམས་ཤིག།

གཞན་ཡང་བཤེས་གཉེན་བསྟེན་ཚུལ་ལ་བསམ་སྦྱོར་གཉིས་ལས་སྤྱི་ནོར་༸གོང་ས་ཐམས་ཅད་མཁྱེན་པས་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་བརྙས་སྨོད་དང་མ་དད་པ། དེ་བཞིན་བསླབ་བྱར་ཁྱད་གསོད་སོགས་གང་ཡང་མ་མཛད་ཅིང་༸སྐྱབས་རྗེ་རིན་པོ་ཆེ་གང་ཉིད་ལམ་རིམ་དང་བློ་སྦྱོང་གི་བསྟན་པའི་བདག་པོ་དང། དཔལ་འཁོར་ལོ་བདེ་མཆོག་དངོས་ལྟ་བུ་དང། མ་རྒྱུད་འཁོར་ལོ་བདེ་མཆོག་ཡབ་བཀའ་ཡུམ་བཀའི་བསྟན་པའི་བདག་པོར་བཀུར་བཞིན་ཡོད་པའི་བཀའ་རིམ་པར་ཕེབས་པས་ན་བསམ་པའི་སྒོ་ནས་མ་དད་པ་མེད་པ་ལ་དེའི་སྒོ་ནས་བསྟེན་ཚུལ་ཇི་ལྟར་ལོག། སྦྱོར་བའི་སྒོ་ནས་ཀྱང་ཐུགས་ལ་མ་བབས་པ་མཛད་པ་འདི་ཡིན་ཞེས་སྟོན་རྒྱུ་མེད་ཁར་༸སྐྱབས་རྗེ་རིན་པོ་ཆེས་ཀྱང་བོད་མིའི་བསོད་ནམས་ཀྱིས་ཐུབ་ན་༸རྒྱལ་དབང་འདི་སྔར་གྱི་༸རྒྱལ་དབང་སྐུ་ཕྲེང་དང་པོ། ལྔ་པ་དང། བདུན་པ་བཅས་ཀྱི་མཛད་པ་རྣམས་གཅིག་ཏུ་བསྡོམས་པས་ཀྱང་འཕྲིན་ལས་རྒྱས་པ་ཡོང་རྒྱུའི་བཀའ་ལུང་དེ་སྔ་༡༩༥༢ལོར་བོད་དུ་འབྲས་སྤུངས་སུ་སེར་སྐྱ་མི་མང་བཞི་སྟོང་ཙམ་འདུས་པར་ལམ་རིམ་བཀའ་ཆོས་སྩལ་སར་གསུངས་མྱོང་ཡོད་པ་དང་། ༸སྐྱབས་མགོན་རྒྱལ་བའི་དབང་པོས་ཕྱིས་སུ་༸སྐྱབས་རྗེ་རིན་པོ་ཆེ་འཚོ་བཞུགས་སྐབས་ནས་དོལ་རྒྱལ་དམ་བསྒྲགས་མཛད་སྐབས་༸སྐྱབས་རྗེ་རིན་པོ་ཆེས་ཐུགས་ལ་མ་འབབས་པ་དང་མི་མཉེས་པ་མེད་པ་ཙམ་དུ་མ་ཟད། དགའ་ལྡན་བྱང་རྩེ་སོགས་སུ་རྗེས་འབྲང་སློབ་མ་ཚོར་ད་ལྟ་མངོན་ཆུང་བྱེད་རྒྱུ་གལ་ཆེ། ཕྱིས་སུ་༸སྐྱབས་མགོན་༸རྒྱལ་བའི་དབང་པོས་མཚམས་འཇོག་དགོས་པའི་བཀའ་ཕེབས་ཚེ་མཚམས་འཇོག་རྒྱུ་ལས་འོས་གཞན་མེད། ཅེས་བཀའ་སྩལ་མྱོང་ཡོད་པས་ཀྱང་༸སྐྱབས་རྗེ་རིན་པོ་ཆེས་༸སྐྱབས་མགོན་༸རྒྱལ་བའི་དབང་པོར་དོལ་རྒྱལ་དང་འབྲེལ་བའི་གནད་དོན་གྱི་ཐོག་ནས་ཀྱང་མི་མཉེས་པ་མེད་པ་བསྒྲུབས་པས། དེས་ན་སྦྱོར་བའི་བསྟེན་ཚུལ་ཚུལ་བཞིན་མཛད་པ་ཁོ་ནའོ། །

ཅི་སྟེ་དོལ་རྒྱལ་དང་འབྲེལ་བའི་བཀའ་མ་བསྒྲུབ་སྙམ་ན་གོང་དུ་བཤད་ཟིན་པ་ལྟར་བཤད་སྦྱང་ལེགས་པར་མཛད་དེ་བཀའ་འཁྲོལ་ཐོབ་པ་ན་བཀའ་དང་ཇི་ལྟར་འགལ། ཆོས་དང་མཐུན་ཡང་བླ་མའི་བཀའ་དང་མི་མཐུན་ན་བླ་མའི་བཀའ་ལ་རིགས་པས་སམ་ཚུལ་གཞན་གྱིས་ཀྱང་ལེགས་པར་དཔྱད་དེ་འཇུག་ལྡོག་དགོས་པ་རྗེ་བདག་ཉིད་ཆེན་པོས་ལམ་རིམ་ཆེན་མོ་དང་བླ་མ་ལྔ་བཅུ་པའི་འགྲེལ་པར་གསུངས་པ་གོང་དུ་དྲངས་པ་ལྟར་ལགས་ཤིང། དེ་ལྟར་མིན་ན༌རྗེ་བདག་ཉིད་ཆེན་པོ་གངས་ཅན་གྱི་ཤིང་རྟའི་སྲོལ་འབྱེད་དུ་ཇི་ལྟར་རུང་ལེགས་པར་སོམས་ཤིག ཆོས་ཁ་ལ་འཁྱེར་ཏེ་ཆོས་མིན་དང། བླ་མ་གཅིག་ཁོ་ན་ཚད་མར་བཟུང་ནས་གཞན་ལ་བརྙས་སྨོད་ཀྱི་ལས་ངན་མ་གསོག་པར་རང་གི་མདུན་མ་རང་གིས་སྲུང་བའི་ཚུལ་འདི་མི་མཛེས་སམ།

གཞན་ཡང་རྗེ་བདག་ཉིད་ཆེན་པོས་དྲང་ངེས་ལེགས་བཤད་སྙིང་པོའི་དབུར།

གཞུང་ལུགས་མང་ཐོས་རིགས་པའི་ལམ་དུའང། །ངལ་བ་མང་བསྟེན་མངོན་པར་རྟོགས་པ་ཡི། །
ཡོན་ཏན་ཚོགས་ཀྱི་མི་དམན་དུ་མས་ཀྱང། །འབད་ཀྱང་རྟོགས་པར་མ་གྱུར་གནས་འདི་ནི། །
འཇམ་མགོན་བླ་མའི་དྲིན་གྱིས་ལེགས་མཐོང་ནས། །ཤིན་ཏུ་བརྩེ་བའི་བསམ་པས་བདག་གིས་བཤད། །ཅེས་དང།

ཡང་གཞུང་དེ་རྫོགས་མཚམས་སུ།

ལེགས་བཤད་གཏེར་ཆེན་དེ་ཡི་གསུང་རབ་དོན། །སྨྲ་བའི་ཁྱུ་མཆོག་ཀླུ་སྒྲུབ་ཐོགས་མེད་ཀྱིས། །
ཇི་བཞིན་བཀྲལ་བའི་ཚུལ་གཉིས་ཤིང་རྟའི་སྲོལ། །དེ་བཞིན་འཆད་པའང་འདི་ལས་གཞན་ན་གང། །

རླབས་ཆེན་སྤྱོད་ལ་རིང་ནས་ཞུགས་པ་ཡི། །རྒྱལ་སྲས་རིག་གནས་ཀུན་ལ་མཁས་པས་ཀྱང། །
ཤིན་ཏུ་དཔག་དཀའ་ཟབ་དང་རྒྱ་ཆེའི་གནས། །ཇི་བཞིན་རྙེད་ནས་ཚུལ་བཞིན་འདྲིས་བྱས་པས། །ཞེས་དང།

ཡང་དེ་ཉིད་ལས།

དེ་ཚེ་རིང་ནས་ཉམས་པའི་རྟོགས་དཀའི་གནས། །གང་གིས་བཙལ་བས་རྙེད་པའི་རིགས་པའི་ལམ། །
དེ་ཡི་རྣམ་འཕྲུལ་ཀྱེ་མའོ་ངོ་མཚར་ཞེས། །གཅིག་པུར་གནས་ཀྱང་དགའ་བའི་ཅ་ཅོ་འཆོར། །

ཞེས་བོད་དུ་དབུ་སེམས་ཀྱི་ཤིང་རྟའི་སྲོལ་རིང་ནས་ཉམས་པ། རང་གི་དངོས་བརྒྱུད་ཀྱིས་བླ་མ་མང་དག་གིས་ཇི་བཞིན་མི་རྙེད་པ་གང་༸རྗེ་བདག་ཉིད་ཆེན་པོས་རྙེད་པར་ཞལ་གྱིས་བཞེས་པས་ན། རང་གི་བླ་མའི་བཀའ་དང་མི་མཐུན་པ་ཙམ་གྱིས་བཤེས་གཉེན་བསྟེན་ཚུལ་ལོག་ན་༸རྗེ་བདག་ཉིད་ཆེན་པོའང་དེར་འགྱུར་བ་སོགས་ཤིན་ཏུ་ནས་ཐལ་ཆེའོ། །

གཞན་ཡང་སྟོན་པ་བཀའ་དྲིན་ཅན་མྱ་ངན་ལས་འདའ་ཁར་གསུངས་པའི་འདུལ་བ་མདོར་བསྡུས་ལུང་ཕྲན་ཚེགས་སུ་གསལ་བ་ལས།

དགེ་སློང་དག། ངས་སྔར་གནང་བ་ཡང་མ་ཡིན་ཞིང། བཀག་པ་ཡང་མ་ཡིན་པ་གང་ཡིན་པ་དེ། གལ་ཏེ་མི་རུང་བར་བསྟན་ཅིང་རུང་བ་དང་མི་མཐུན་ན་རུང་བ་མ་ཡིན་པའི་ཕྱིར་སྤྱད་པར་མི་བྱའོ། །གལ་ཏེ་རུང་བར་བསྟན་ཅིང་མི་རུང་བ་དང་མི་མཐུན་ན་རུང་བ་ཡིན་པའི་ཕྱིར་སྤྱད་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །

ཞེས་གསུངས་པ་དེ་འདུལ་བའི་བཅས་པ་ཙམ་དུ་མ་ཟད་གཞན་དགག་སྒྲུབ་ཀྱི་ཉམས་ལེན་ཀུན་ལའང་སྦྱར་ཆོག་པས་སངས་རྒྱས་ཀྱི་བསྟན་པ་སྤྱིའི་ཚུལ་དང་མཐུན་པའི་འཇུག་ལྡོག་གིས་བཤེས་གཉེན་བསྟེན་ཚུལ་ལོག་པར་ཇི་ལྟར་འགྱུར།

གཞན་ཡང་བཀའ་གདམས་གཅེས་བཏུས་སུ་འབྲོམ་སྟོན་པའི་གསུང་གི་ལེའུ་ལས།

ཇོ་བོ་རྗེས་བོད་དུ་ཕལ་ཆེན་སྡེ་པ་འཛུགས་པར་བཞེད་པར། སྟོན་པས་དེ་མི་མཛད་པར་ཞུ། བོད་དུ་འདི་མི་ལེགས་ཞུས་པས། ཇོ་བོའི་ཞལ་ནས། ངས་དོ་ཧ་རྡོ་རྗེ་མགུར་བཤད་དབང་ཡང་མེད། སྡེ་པ་ཡང་འཛུགས་དབང་མེད་ན། ཁོ་བོ་བོད་དུ་འོངས་པ་དོན་མ་མཆིས་གསུངས། ཕལ་ཆེན་སྡེ་པའི་ལུགས་ལ་སྡེ་པ་གཅིག་ལ་རྩ་ལྟུང་འབྱུང་ན། སྡེ་པ་གཞན་ལས་སྡོམ་པ་བླངས་ན་སྐྱེ་བར་འདོད་པས། དེ་མི་ལེགས་པར་དགོངས་ནས། དགེ་བཤེས་སྟོན་པས་སྡེ་པ་མི་འཛུགས་པར་ཞུས་པ་ཡིན།

ཞེས་འབྱུང་བས་ན། འབྲོམ་སྟོན་པས་དེ་ལྟར་ཇོ་བོར་ཞུ་དགོས་དོན་ཡང་བསྟན་པ་གཞི་ནས་ལེགས་པར་འཛུགས་པར་བཞེད་ནས་ཡིན་པས། དོན་ལ་ཇོ་བོ་རྗེའི་དགོངས་པ་དང་ཇི་ལྟར་འགལ། དེང་གི་དོལ་རྒྱལ་རྗེས་འབྲང་པ་ཁྱེད་ཚོ་ལྟར་ན་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱང་བཤེས་གཉེན་བསྟེན་ཚུལ་ལོག་པར་འགྱུར་རོ། །

དེ་ལྟར་༸རྒྱལ་དབང་འདིས་དོལ་རྒྱལ་དང་འབྲེལ་བའི་ཐད་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དང་དགོངས་པ་ངེས་པ་དོན་ལ་མི་མཐུན་པ་མིན་ཡང་། ཅི་སྟེ་མི་མཐུན་ན་ཡང་དོལ་རྒྱལ་དགག་པར་མཛད་པ་ནི་བསྟན་པའི་དག་ཐེར་དང། འགྲོ་བའི་བདེ་རྩར་ཐུག་པས་ཤིན་ཏུ་ནས་རུང་ངོ་། །

དེ་ལྟར་དོལ་རྒྱལ་གྱི་ཐད་༸རྒྱལ་དབང་འདིས་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་གཟབ་པར་བསྐུལ་ན་ཡང་རིགས་ཏེ། རང་གི་བླ་མ་དེ་ཐུན་མོང་གདུལ་བྱའི་སྣང་ངོར་དགོངས་པ་ནོར་བར་སོང་བ་ལའང་སློབ་མས་དག་ཐེར་གྱིས་ལམ་ཚུལ་བཞིན་སྟོན་ནའང་རིགས་པའི་ཕྱིར་ཏེ། བླ་མ་སེར་སྣ་ཅན་གྱི་སེར་སྣ་ཞི་བའི་ཕྱིར་བླ་མ་ལའང་སློབ་མས་སྦྱིན་པའི་གྲོགས་བྱེད་དགོས་པར་གསུངས་པའི་ཤུགས་ཀྱིས་བསྒྲུབས་པའི་ཕྱིར། དེ་ལྟར་ཡིན་ཏེ། ལམ་རིམ་ཆེན་མོ་ལས་སྦྱིན་པའི་ཕར་ཕྱིན་གསུངས་པའི་སྐབས་འདི་ལྟར་འབྱུང་སྟེ།

དེ་བཞིན་དུ་རང་གི་མཁན་སློབ་དང་སློབ་མ་དང་གྲོགས་བརྐམ་ཆགས་ཅན་གཏོང་མི་ནུས་པའམ་དེ་མིན་ཀྱང་ཡོ་བྱད་བྱིན་ཏེ་དཀོན་མཆོག་གསུམ་ལ་སྦྱིན་པ་བྱེད་དུ་འཇུག་ཅིང་རང་ཉིད་མི་བྱེད་དོ། །

ཞེས་གསུངས་པའི་ཕྱིར།

གསུམ་པ་གཟབ་པར་བསྐུལ་ཏེ་མཇུག་བསྡུ་བའོ། །

དེས་ན་མི་ཤེས་རྨོངས་པའི་གཞན་དབང་དུ་སོང་བའམ། ཕྱོགས་རིས་ཅན་ནམ། བསྟན་པའི་གནད་མི་ཤེས་པ་དག་གིས་བྱུང་རྒྱལ་དུ་དོལ་རྒྱལ་འཇམ་མགོན་རྒྱལ་བའི་བསྟན་སྲུང་དང་། ཡི་དམ་དུ་འདོད་པ་དང། ༸སྐྱབས་མགོན་༸རྒྱལ་བའི་དབང་པོར་སྒྲོ་སྐུར་སོགས་མི་རུང་བ་སྣ་ཚོགས་བྱེད་པ་ནི་བསྟན་པའི་རྩ་བ་དཀྲུགས་པའི་ལས་ལ་འཇུག་པ་ཁོ་ན་ཡིན་ཏེ། ཇི་སྐད་དུ་སློབ་དཔོན་དབྱིག་གཉེན་གྱིས་མཛོད་རྩ་བ་ལས།

སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཞིང། །དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །
དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །

རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། །མཆོག་ཏུ་ཞིང་གཤེགས་འགྲོ་མགོན་མེད་པ་ན། །
འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི། །དྲི་མས་དགའ་མགུར་དེང་སང་འདི་ན་སྤྱོད། །

དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། །
སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །ཐར་པ་འདོད་པ་དག་གིས་བག་ཡོད་གྱིས། །ཅེས་གསུངས་པ་དང།

རྗེ་གུང་ཐང་བསྟན་པའི་སྒྲོན་མེས་ཀྱང།

དེང་དུས་ཡབ་རྗེའི་སྲོལ་བཟང་ཡང། །སྙིགས་མ་མུན་པའི་རྡུལ་གྱིས་ཁེངས། །
ལྟར་སྣང་བཤེས་གཉེན་དུ་མ་ཡིས། །སྐྱེ་བོ་ཉམ་ངའི་གཡང་དུ་འཁྲིད། །

ཅེས་གསུངས་པ་ལྟར་རང་གཞན་ཀུན་གྱིས་ཤིན་ཏུ་ནས་གཟབ་པར་བྱའོ། །

གཞན་ཡང་ནུབ་ཕྱོགས་ཀྱི་དོལ་རྒྱལ་རྗེས་འབྲང་དང་བཅས་པ་རྣམས་རང་གི་ཕ་མེས་ཀྱི་ཆོས་ནང་པ་དང་། ཁྱད་པར་བོད་བརྒྱུད་ཀྱི་ནང་པ་གཏན་ནས་མིན་ཡང། བོད་ཆོས་ལྡན་གྱི་ཞིང་འདིར་ཕྱི་ལོ་༡༩༥༩ནས་རྐྱེན་ངན་བྱུང་བ་ནུབ་ཕྱོགས་པ་མང་པོར་གྲོགས་སུ་གྱུར་ནས་གཙོ་བོ་༸སྐྱབས་མགོན་༸རྒྱལ་བའི་དབང་པོའི་ཐུགས་བསྐྱེད་མཛད་བཟང་དང། མགོན་པོ་གང་གི་སྣེ་འཁྲིད་སྐྱབས་བཅོལ་སྒྲིག་འཛུགས་ཀྱི་ཚོགས་པ་སྤྱི་བྱེ་བྲག དགོན་སྡེ་གྲྭ་ཚང། བླ་མ་དགེ་བཤེས་སོགས་ཀྱི་དྲིན་ལས་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་མར་ནང་ཆོས་དར་བ་ཡིན་རུང། བཀའ་དྲིན་ལ་བསམ་ཤེས་མེད་པའི་བུས་རང་ཉིད་གང་ལས་སྐྱེས་པའི་མར་རྒོལ་ཞིང་དེའི་སྲོག་ཀྱང་གཅོད་པར་བརྩམས་པ་དང་མཚུངས་པར་ད་ཆ་བོད་མི་ཡོངས་ཀྱིས་གཙུག་ཏུ་བཀུར་བའི་དེང་གི་དུས་སུ་སྟོན་པ་གཉིས་པ་ལྟ་བུའི་མགོན་པོ་གང་ཉིད་ནི་༸སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གི་གསུང་ལས་སྐྱེས་པའི་ཕུལ་དུ་བྱུང་བའི་ཐུགས་སྲས་གཅིག་པུ། འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་གཙུག་གི་ནོར་བུ་གཅིག་ཉིད་འདི་ཁོ་ན། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པའི་སྤྱན་མངའ་བའི་ཀུན་བཟང་གདོད་མའི་མགོན་པོ། གངས་ལྗོངས་ལྷ་མི་ཡོངས་ཀྱི་ལྷ་སྐལ་ཐུགས་རྗེའི་རང་གཟུགས། སངས་རྒྱས་དངོས་ཡིན་པ་གང་གི་མཛད་བཟང་ལས་ཀྱང་ཚེགས་མེད་པར་རྟོགས་པར་མི་དཀའ་བའི་བདག་ཅག་གི་ཚེ་རབས་གཏན་གྱི་སྐྱབས་གཅིག འཕགས་མཆོག་འཇིག་རྟེན་དབང་ཕྱུག་ངུར་སྨྲིག་གར་གྱི་རྣམ་པར་རོལ་བ། དམན་ལ་ལྷག་པར་བརྩེ་བའི་སྙིགས་མའི་མགོན་པོ་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཚན་བསྟན་འཛིན་རྒྱ་མཚོ་ཞེས་ཉི་ཟླ་ལྟར་སྲིད་པ་གསུམ་དུ་གྲགས་པ་སྟེ། མགོན་པོ་གང་ཉིད་ནི་དེང་གི་དུས་སུ་བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་དངོས་སུ་བྱོན་ཀྱང་འདི་ལས་ལྷག་ཏུ་བྱོན་རྒྱུ་མེད་པ་ལྟ་བུ་ཡིན་པ་ནི་ཤེས་ལྡན་སུས་ཀྱང་དཔག་པར་མི་དཀའ་བས། དེ་ལྟ་བུའི་༸རྒྱལ་བ་འདི་ལ་རྒོལ་ཞིང་རང་གིས་ཆོས་ཀྱི་གནས་ཚུལ་ཅུང་ཟད་ཙམ་ལས་མི་ཤེས་ཀྱང་དེ་ལ་མཁས་རློམ་གྱི་ང་རྒྱལ་དང། ལྟར་སྣང་གི་བཤེས་གཉེན་དུ་མའི་ཁར་སོང་བའམ་ཚེ་འདིའི་ཕྲན་ཚེགས་ཀྱི་བདེ་ཐབས་ཀྱི་ཕྱིར་མིག་ཡོད་ཀྱང་དམུས་ལོང་དུ་བསྒྱུར་ནས་ད་ཆ་བསྟན་པའི་དགྲ་བོའི་ལག་ཆར་གྱུར་པའམ་ཡང་ན་རང་ཉིད་བསྟན་བཤིག་གམ་བསྟན་དགྲ་ངོ་མར་གྱུར་པ་འདི་ལྟ་བུའི་ལས་ངན་ལ་ཤེས་ལྡན་སུ་ཞིག་གིས་ལེགས་པར་མཐོང།

གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་དོལ་རྒྱལ་བསྟེན་པར་མི་རུང་བའི་བཀའ་སློབ་ལམ་སྟོན་ལ་དཔྱད་པ་ལྟ་ཅི། ཉན་པར་ཡང་མི་སྤྲོ་བའི་ཕྱོགས་ལྷུང་ཅན་ཚོས་དེ་ལྟར་བཀག་པའི་དགོས་པ་གང་ཡིན་མི་ཤེས་ཁར། དེ་འཚོལ་བའི་ངལ་བ་ཡང་གཏན་ནས་མི་བྱེད་པར་གཡམ་རྒྱུགས་ཁོ་ནས་རང་གི་ངན་རྟོག་གིས་རང་ཕུང་བ་མི་ཤེས་པ་འདིས་ངན་སོང་གི་རྒྱུ་མི་ཟད་པ་བསྒྲུབ་པ་ནི་ཤིན་ཏུ་ནས་ཡིན་ཏེ། སྐྱེས་བུ་དམ་པར་སྨད་པ་ནི་ངན་སོང་སྡུག་བསྔལ་ཤིན་ཏུ་མི་ཟད་པའི་རྒྱུར་མདོ་རྒྱུད་དུ་མར་དུས་ལན་གཅིག་མིན་པར་ཡང་ནས་ཡང་དུ་གསུངས་པའི་ཕྱིར། ཇི་ལྟར་གསུངས་པའི་ཚུལ་ཁུངས་དང་བཅས་གཞན་དུ་འཆད་འདོད་ཅིང། འདིར་ཚིག་མང་དུ་དོགས་ནས་མ་སྤྲོས་སོ ། །གཞན་ཡང་དོན་གཉེར་ཡོད་ན་ངན་སོང་གི་སྡུག་བསྔལ་སྣ་ཚོགས་དང། ཁྱད་པར་དམྱལ་བའི་སྡུག་བསྔལ། དེ་དག་གི་ཚེ་ཚད་དང། ཚུལ་ཇི་ལྟར་སྡུག་བསྔལ་བར་འགྱུར་བ་རྣམས་ལམ་རིམ་སོགས་ལས་ཤེས་པར་བྱས་ཏེ། སངས་རྒྱས་ཉིད་ཀྱིས་ཆེད་དུ་བརྗོད་པའི་སྡེ་ལས།

བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །
བདག་ཉིད་ལེགས་པར་ཐུལ་བས་ནི། །མཁས་པས་མཐོ་རིས་འཐོབ་པར་འགྱུར། །ཞེས་དང།

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལས་ཀྱང།

མགོ་བརྒྱའི་ནང་ནས་རང་མགོ་གཅེས། །

ཞེས་གསུངས་པ་ལྟར་སྤང་བླང་འཇུག་ལྡོག་གི་ཚུལ་ལ་མ་ནོར་བ་དགོས་ཀྱི། རང་གི་བླ་མ་དང་ལྷ་སོགས་རྒྱུ་མཚན་དུ་བྱས་ནས་སྡིག་པ་གསོག་པའང་སྡིག་པ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་བཤེས་སྤྲིང་ལས།

ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང།
འཁོར་གྱི་སླད་དུ་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །

ཞེས་གསུངས་པའི་ཕྱིར།

དེ་ལ་ཁ་ཅིག་གིས་ཚིགས་བཅད་དུ་བླ་མའམ་སློབ་དཔོན་སོགས་ཀྱི་བརྡ་མེད་པས་བཤེས་སྤྲིང་གི་གོང་གི་ཚིག་རྐང་དང་པོའི་དགོངས་པ་དེ་ལྟར་མིན་སྙམ་ན། ཚིགས་བཅད་དེའི་དགོངས་པ་དེར་གནས་ཏེ། རྗེ་བདག་ཉིད་ཆེན་པོས་བསྟེན་ཅིང་མཉེས་པར་མཛད་པའི་བླ་མ་དམ་པ་རྗེ་བཙུན་རེ་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་བཤེས་སྤྲིང་གི་འགྲེལ་པ་དོན་གསལ་ལས།

བླ་མ་དང་བྲམ་ཟེ་ལ་སོགས་པའི་དོན་དུ་སྡིག་པ་བྱས་ཀྱང་ཆོས་མ་ཡིན་པར་མི་འགྱུར་རོ་ཞེས་འཇིག་རྟེན་པ་དག་ཆོས་མ་ཡིན་པ་དག་ལ་ཡང་ཆོས་སུ་གྲགས་པ་ཡོད་པས་དེ་བཟློག་པའི་ཕྱིར། ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི། །

ཞེས་གསུངས་ཏེ།

ཞེས་པ་དང། དེར་མ་ཟད་བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་རབས་བཅུ་གཉིས་པ་ལས་ཀྱང་ཤིན་ཏུ་གསལ་བར་བྱུང་བ་དེ་ལམ་རིམ་ཆེན་མོར་ཁུངས་སུ་དྲངས་པས་ན་དེར་ཤིན་ཏུ་ནས་ངེས་སོ། །

དེ་ལྟར་ཡིན་པ་རིགས་པས་ཀྱང་འགྲུབ་སྟེ། དགོས་པ་གང་གི་ཕྱིར་ཡིན་རུང། རྒྱུ་དང་དུས་ཀྱི་ཀུན་སློང་མི་དགེ་བས་ཀུན་ནས་བསླངས་ན་དེ་ཀུན་སློང་གི་སྒོ་ནས་མི་དགེ་བ་ཡིན་ཏེ།

མཛོད་རྩ་བར།

་་་་ཐར་པ། །དམ་པའི་དོན་དུ་དགེ་རྩ་བ། །

ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱིས། །དེ་དག་དང་ལྡན་མཚུངས་ལྡན་གྱིས། །
བྱ་བ་ལ་སོགས་ཀུན་སློང་བས། །བཟློག་པ་མི་དགེ་དོན་དམ་པར། །

ཞེས་གསུངས་པ་ལྟར། དགེ་བ་དང་མི་དགེ་བ་ལ་དོན་དམ་པའི་དེ། ངོ་བོ་ཉིད་ཀྱི་དེ། མཚུངས་ལྡན་གྱི་དེ། ཀུན་སློང་གི་དེ་བཅས་གསུངས་པས་ན་ཀུན་སློང་ཁོང་ཁྲོ་སོགས་ཀྱིས་བསླངས་པ་རྣམས་ཀུན་སློང་གི་མི་དགེ་བ་ཡིན་པས་ན། རང་དོན་རང་གཅེས་ཀྱི་སྒོ་ནས་མི་དགེ་བའི་ལས་ལ་བླུན་པོ་ཆུ་སྣ་གར་འཁྲིད་ལྟར་མི་འཇུག་པར་ཤེས་ལྡན་གྱི་བརྟུལ་ཞུགས་ཅི་ནས་ཀྱང་བསྟེན་པར་འཚལ།

གཞན་ཡང་ཡབ་རྗེ་རྒྱལ་བའི་བསྟན་ལ་ཤ་ཚ་ཡིན་ཁུལ་ཁ་ལ་ཁྱེར་ཏེ་དོལ་རྒྱལ་ཡི་དམ་དུ་འདོད་དེ། གསོལ་མཆོད་སོགས་བྱེད་པ་ནི་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་སོགས་ཀྱི་དགག་བྱ་ཤིན་ཏུ་ཆེ་བས། ༸རྒྱལ་དབང་འདིས་ཐུགས་ཀྱི་གཏིང་ནས་བརྩེ་བས་མ་བཟོད་ནས་དེ་ལྟར་མི་རུང་བར་བསྒོ་བ་ལ། མི་ཉན་པར་གྱེན་ལོག་གི་ཚུལ་ནི་༸རྒྱལ་དབང་འདི་ལས་སྔར་ཆོས་འབྲེལ་ཡོད་པའི་ད་ལྟའི་དོལ་རྒྱལ་བསྟེན་མི་ཀུན་སྤྱིར་ནི་སྡོམ་པ་གསུམ་གྱི་བསླབ་བྱ་དང་འགལ་ཞིང། ལྷག་པར་བླ་མར་བརྙས་སྨོད་བསླབ་བྱར་ཁྱད་གསོད་སོགས་ཀྱི་སྒོ་ནས་དེ་དག་ལ་སྔགས་ཀྱི་རྩ་ལྟུང་རྒྱུན་མར་བྱུང་བ་ཡིན་ཞིང། ཁྱད་པར་སྔགས་བླ་མེད་ལུགས་ཀྱི་སྡིག་པའི་མཐར་ཐུག་ཀྱང་བླ་མར་སྨོས་པ་དེ་ཉིད་ཡིན་པ་རྗེ་བདག་ཉིད་ཆེན་པོས་གསང་འདུས་འགྲེལ་པ་བཞི་སྦྲགས་སུ་གསུངས་ཡོད་ལགས་ན། དེའི་ཕྱིར་དེ་དག་ཀུན་ཤིན་ཏུ་ནས་སྡིག་ཆེན་དང་ཆེས་དམ་ཚིག་ཉམས་པར་འགྱུར་བ་ཡིན་པ་ཤེས་པར་གྱིས་ཤིག།

དེའི་ཕྱིར་དམ་ཉམས་པ་དང་ལྷན་དུ་ཆོས་དང་ཟང་ཟིང་ལ་ལོངས་སྤྱད་ན་རང་ལ་ཡང་དམ་གྲིབ་ཕོག་ཅིང། ཁྱད་པར་སྡིག་ཅན་མཛའ་བོར་བསྟེན་པའི་རྩ་ལྟུང་ཡང་འབྱུང་བར་གདོན་མི་ཟ་བས། དེས་ན་བདག་བདེ་ལེགས་སུ་འདོད་པ་ཀུན་གྱིས་དེ་དག་རིང་ནས་སྤང་བར་བྱ་ལ། དེ་ལྟར་བྱ་དགོས་པའི་མདོ་རྒྱུད་ཀྱི་ཁུངས་ཀྱང་གཞན་དུ་འཆད་པར་འདོད་པས་འདིར་མི་སྤྲོའོ། །

གཞན་ཡང་ནུབ་ཕྱོགས་པའི་ཁྲོད་དུ་ཡོད་པའི་བོད་རིགས་རྒྱལ་ཚོང་བ་ནི་དམ་ཉམས་པས་ཀྱང་ཆེས་དམ་ཉམས་སུ་གྱུར་པས་བོད་མི་རིགས་ཀྱི་བླ་འཚོང་མཁན། རྒྱ་དམར་གྱི་རྒྱུག་ཁྱི་ཡིན་པས་དེ་དག་རྒྱང་ནས་དུག་ལྟར་སྤང་བར་བྱས་ན་རང་གི་ཚེ་རབས་གཏན་གྱི་མདུན་མ་མ་འཆོལ་བར་སྲིད་ཀྱི་གཞན་དུ་ན་མཛོ་སྦྲེལ་གཡང་ལ་སྐྱུར་བའི་དཔེ་ལྟར་དམྱལ་བའི་ཁྲོ་ཆུ་མཉམ་པོར་འཐུང་བར་ངེས་སོ། །

འདིར་ཚིག་མང་དུ་དོགས་ནས་དེ་ཙམ་ལས་མི་སྤྲོ་ཞིང་གོང་གི་དེ་རྣམས་ཅུང་ཟད་སྤྲོས་ཏེ་བཤད་པ་ནི་མི་ཤེས་རྨོངས་པའི་གཞན་དབང་དུ་སོང་བ་རྣམས་ལ་ཕན་དུ་རེ་བས་བྱས་པའོ། །

དེ་ཡང་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སོགས་ཚད་ལྡན་གྱི་བཤེས་གཉེན་བཅུ་ཕྲག་གཉིས་ཙམ་ལས་ཆོས་ཀྱི་བདུད་རྩི་ཉམས་སུ་མྱོང་ཞིང་དེ་དག་གི་ཞབས་རྡུལ་སྤྱི་བོར་ལེན་པའི་སྐལ་བ་ཅན། བོད་གངས་ཅན་གྱི་ལྗོངས་སུ་སྐྱེས་ཀྱང་རྒྱ་དམར་ཀླ་ཀློའི་འོག་སྡུག་བསྔལ་མནར་གཅོད་ཀྱིས་རྒྱུན་མར་མནར་མི་དགོས་པར་ཆུང་དུས་ནས་མི་ཚེ་ཧྲིལ་པོ་དངོས་སུ་༸རྒྱལ་དབང་ཐམས་ཅད་མཁྱེན་པ་དང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་དྲིན་གྱིས་འཚོ་བའི་སྐྱབས་འོག་གི་ཆབ་འབངས། རྗེ་བདག་ཉིད་ཆེན་པོའི་རིང་ལུགས་འཛིན་པའི་གདན་ས་ཆེན་པོར་སློབ་གཉེར་གྱི་སྐལ་བ་བྱུང་བའི་དགེ་སྦྱོང་ཞིག་གིས་རྩ་བའི་བླ་མའི་ཞལ་བཟང་ལས་དངོས་སུ་ཐོས་པའི་མན་ངག་རྣམས་གཞིར་བྱས། རང་གིས་གང་ཤེས་ལུང་རིགས་ཀྱིས་ཀྱང་བརྒྱན་ཏེ། བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་སྤེལ་བ་འདིས་ཐུབ་བསྟན་དྲི་མ་མེད་པ་ཡུན་དུ་གནས་ཤིང་། མགོན་པོ་ཐམས་ཅད་མཁྱེན་པའང་རང་ཅག་བོད་འབངས་ཀྱིས་གཙོས་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་མཛད་འཕྲིན་སྲིད་མཐར་བརྟན་ཅིང། རླབས་ཆེན་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། འདི་ལྟར་འབད་པས་ཚེ་རབས་ཀུན་ཏུ་སྤྱིར་ལུས་ཅན་སྤྱི་དང་། ཁྱད་པར་བདག་ཅག་བོད་འབངས་རྣམས་མགོན་པོ་ཐུགས་རྗེ་ཆེན་པོས་ནམ་ཡང་འབྲལ་བ་མེད་པར་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།།

ཐུབ་བསྟན་དྲི་མེད་འདེགས་མཁས་དེེད་དཔོན་བླ་མ་རྗེ། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོས་ཐུགས་རྗེ་ཡིས། །
གདམས་པའི་དོན་འདི་ལུང་རིགས་བརྒྱན་ཏེ་སྤེལ་བ་འདིས། །
མགོན་ཁྱོད་མི་འཇིགས་རྡོ་རྗེར་ཞབས་བརྟན་རྩེ་གཅིག་གསོལ། །

གངས་རིའི་ཁྲོད་འདིར་རྒྱལ་བློན་ལོ་ཙཱ་བཀའ་དྲིན་ཅན་རྣམས་ཀྱིས། །
དཀའ་བ་དུ་མས་གཏན་ལ་ཕབ་པའི་ཐུབ་བསྟན་དྲི་མེད་རླིངས། །
ལུང་རྟོགས་ཉམས་མྱོང་གིས་དབེན་ཚོང་པས་མང་དག་བསླུ་དུས་འདིར། །
རྒྱ་བོད་མཁས་གྲུབ་རྣམས་ཀྱི་དགོངས་བཅུད་སྤེལ་འདི་སྐལ་བ་བཟང་། །

ཁ་བའི་ལྗོངས་ཀྱི་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་བཀའ་དྲིན་སྙིང་ལ་ལྕི། །
གངས་ཅན་མགོན་པོ་ཕྱག་ན་པདྨོའི་ཐུགས་རྗེ་དྲན་བཞིན་མིག་ཆུ་འཆོར། །
བོད་ཡུལ་ཆོས་ལྡན་ཞིང་འདི་ཉམས་དོགས་སྡུག་བསྔལ་གྱིས་གཟིར་གདུང་དུས་འདིར། །
ཐུགས་བསྐྱེད་རྨད་བྱུང་དམ་པ་རྣམས་ཀྱིས་ལྷག་པར་ཐུགས་རྗེས་གཟིགས་པར་མཛོད། །

ཀྱེ་མ་རང་གི་ནོར་བུའི་ནོར་ཉམས་མ་ཆོད་བོད་རིགས་གཞོན་སྐྱེས་ཚོ། །
ཕྱི་གླིང་སྐད་འདི་ཁོ་ནས་གར་ཡང་མི་བགྲོད་ཕ་སྐད་ཟབ་མོར་འབུངས། །
གཞན་ཀུན་རང་ལུང་འཕེལ་རྒྱས་འཛིན་སྐྱོང་གླེང་བའི་དུས་རབས་ཉེར་གཅིག་འདིར། །
རང་རེའི་བོད་འདི་འཆག་འཇིག་སྐབས་ཡིན་ཕྱོགས་རིས་སྤོང་ལ་གཅིག་སྒྲིལ་འབུངས། །

ཐུབ་བསྟན་རིན་ཆེན་བྱང་ཆེན་བླ་ན་མེད་པའི་ཐབས། །
ཕྱི་གླིང་གང་དུའང་མེད་པའི་བོད་ཀྱི་གཅེས་ནོར་ཡིན། །
བོད་འདིར་རྒྱས་པའི་རང་སྐད་གསུང་རབ་ལྡེ་མིག་འདི། །
ལེགས་སྦྱར་ལས་དྲངས་ལྷ་སྐད་གཉིས་པ་ཡིན་པས་གཅེས། །

ཞེས་པ་ནི་བོད་མི་ན་གཞོན་རྣམས་ལ་བསླབ་བྱའི་ཚུལ་དུ་ཞར་ལ་སྤེལ་བ་དགེའོ། །

Related Articles

ལམ་སྟོན།