དོལ་རྒྱལ་རྗེས་འབྲང་པ་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་དད་རང་དབང་བཙན་འཕྲོག་གི་སྐུར་འདེབས་ཞུས་པར་ལན་འདེབས་འདི་ལྟར་བྱ་སྟེ། སྤྱིར་ཆོས་ཞེས་པ་ལ་སྒྲ་ཡང་དོག་གི་གོ་བ་ལེན་རྒྱུ་ཡོད་ཅིང། དེ་ཡང་ཕྱི་ནང་ཐུན་མོང་གི་ཆོས་ཀྱི་གོ་བ་ནི། ཆོས་ལུགས་སོ་སོའི་བསླབ་བྱ་ལ་འཇུག་སྟེ་འབྲས་བུ་གཙོ་བོ་ཕྱི་མ་ངན་འགྲོར་སྐྱེ་བ་འགོག་ཅིང་། ཚེ་འདིར་ཡང་ནང་སེམས་ཀྱི་བདེ་བར་ལོངས་སྤྱོད་པའི་ཐབས་ཤིག་ལ་ཆོས་ཟེར་བས་ན། རང་གི་ཆོས་ཀྱི་ཚུལ་ལས་བརྒལ་བའི་རང་ཁོངས་ཀྱི་ཆོས་བྱེད་རྣམས་ལ་འཇུག་ལྡོག་ཚུལ་བཞིན་དུ་སློབ་པ་ནི་དེ་དག་རང་ལུགས་ཀྱི་ལམ་ནོར་བར་འཇུག་པ་ལས་སྐྱོབ་པ་ཡིན་པས་འདིས་དེ་དག་གི་ཆོས་དད་རང་དབང་འཕྲོག་པ་ག་ལ་ཡིན།
ཁྱད་པར་ཐར་པའི་རྣམ་གཞག་སྟོན་པའི་ཆོས་ཀྱི་ཚུལ་རྣམས་ནི་གཙོ་བོ་རང་རྒྱུད་ལ་ཐར་པ་བསྒྲུབ་པའི་ཐབས་ཀྱི་ཚུལ་ལས་བརྩམས་པ་ཞིག་ལ་ཆོས་ཟེར་བ་ལས། དེ་ལས་ལྡོག་སྟེ་ཚེ་འདི་སྣང་གི་འདུ་འཛི་ལ་དམིགས་ཏེ་ལྷ་གསོལ་ཀླུ་གསོལ་ནི་ཆོས་སུ་མི་འགྲོ་བ་ཕྱི་ནང་ཐུན་མོང་བའོ། །དེའི་ནང་ནས་ཀྱང་རང་རེ་ནང་པ་ཞིག་གིས་ཆོས་ཀྱི་གོ་བ་རྣལ་མ་ཞིག་ལེན་ཕྱོགས་ནི་ཆོས་འགོག་ལམ་གྱི་སྟེང་ནས་ལེན་དགོས་ཤིང། དེ་ཡང་རང་འཁོར་བ་སྤྱི་དང་བྱེ་བྲག་ལ་ཡིད་བསུན་ཏེ་སྡུག་བསྔལ་དེ་དག་ལས་གཏན་དུ་གྲོལ་བའི་ཕྱིར་རང་རྒྱུད་ལ་རང་གི་འཐོབ་བྱའི་འབྲས་སྐྱབས་མངོན་དུ་བྱ་ཐབས་སུ་སྐྱབས་སྟོན་པ་པོ་སངས་རྒྱས་དང། གྲོགས་དགེ་འདུན་ལ་བཅོལ་ཏེ་བསླབ་པ་གསུམ་གྱི་གནད་ཚང་བའི་ངེས་འབྱུང་ངམ། བྱང་སེམས། དེ་བཞིན་ཡང་དག་པའི་ལྟ་བ་དང་འབྲེལ་བའི་ལམ་རིམ་པ་ལྔར་བགྲོད་པའི་ཚུལ་ལམ། མདོར་ན་དངོས་དང་བརྒྱུད་པའི་སྒོ་ནས་སངས་རྒྱས་ཀྱི་སར་བགྲོད་ཚུལ་ཞིག་ལ་གོ་དགོས་པ་ཡིན།
དེ་ལ་སངས་རྒྱས་ཀྱི་ལུང་གི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་རྟོགས་པའི་བསྟན་པ་རང་རྒྱུད་ལ་བསྐྱེད་པར་བྱ་དགོས་ཤིང་། དེའི་ཚུལ་ཡང་གཞི་བདེན་པ་གཉིས་ཀྱི་ཡིན་ལུགས་ཇི་བཞིན་རྟོགས་ནས་ལམ་ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་བདེན་བཞིའི་བླང་དོར་གྱི་ཚུལ་དང་མཐུན་ན་ཆོས་ཡིན་པ་ལས། ཚེ་འདིའི་བདེ་བ་ཙམ་ཐོབ་ཕྱིར་ལྷ་གསོལ་ཀླུ་གསོལ་བྱེད་པ་ལ་ཆོས་མི་ཟེར་རོ། །
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་རྨད་དུ་བྱུང་བའི་མཐུ་ལས། ད་ལྟ་རང་ཅག་བོད་འབངས་ཡོངས་ལ་རྒྱ་དམར་གྱི་བྱ་སྤྱོད་དེ་ལྟ་བུ་ལས་བསྟན་པ་ལ་འགལ་རྐྱེན་ཤིན་ཏུ་མི་བཟད་པ་བྱུང་རུང། བཙན་བྱོལ་དུ་བསྟན་པའི་མེ་རོ་སླར་གསོས་ཏེ་སྔར་བཞིན་དར་རྒྱས་ཕུན་སུམ་ཚོགས་པ་དང། ལྷག་པར་སངས་རྒྱས་ཀྱི་བསྟན་པའི་སྒྲ་ཙམ་ཡང་ཐོས་མ་མྱོང་བའི་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་དུ་མར་མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དང་། མཚན་སྙན། མཛད་བཟང་སོགས་ཀྱི་མཐུ་ལས་སངས་རྒྱས་ཀྱི་ཆོས་ཚུལ་གསར་དུ་དར་བ་སོགས་སངས་རྒྱས་དངོས་དང་སྒོ་ཀུན་ནས་མཚུངས་པའི་མཛད་པ་ཤིན་ཏུ་རླབས་ཆེ་བ་ནི་ཀུན་གྱིས་མཐོང་ཆོས་ལྟར་ཡིན། དེ་ཡང་མགོན་པོ་གང་ཉིད་ཀྱིས་བསྟན་པ་ལ་དག་ཐེར་རྨད་དུ་བྱུང་བའི་མཛད་པའི་ཡ་གྱལ་དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་འདིས་ཆོས་དད་རང་དབང་ཇི་ལྟར་འཕྲོག་ཏེ། མི་འཕྲོག་པར་ཐལ། ཆོས་གཞུང་བཞིན་བྱེད་ཚུལ་ལེགས་པར་གདམས་པ་ཁོ་ན་ཡིན་པའི་ཕྱིར་རོ། །
དེ་ཡང་རྒྱུད་སྡེ་ཁུངས་མ་རྣམས་དང་། བསྟན་འཛིན་ཐམས་ཅད་ཀྱིས་མགྲིན་གཅིག་དབྱངས་གཅིག་གི་སྒོ་ནས་དོལ་རྒྱལ་ཁྱེད་ཚོས་འདོད་པ་ལྟར་ཆོས་སྲུང་ཚད་ལྡན་དུ་གསུངས་ན། གནས་ཚུལ་ཐ་དད་ཡིན་པ་ལས། དེ་ལྟར་མིན་པར་དང་པོ་སྐྱེ་ཚུལ་གླེང་གཞི་ཅན་ནས་འགོ་བརྩམས་ཏེ་བར་དུ་ཆོས་ལུགས་ནང་འགལ་གྱི་ཆོས་སྤོང་གི་ལས་གསོག་ཅིང། ཉམ་ཆུང་ལ་ཐུབ་ཚོད། བསྟན་འཛིན་གྱི་སྐྱེས་བུ་མང་པོ་བཀྲོངས་པའི་ལོ་རྒྱུས་ཤིན་ཏུ་སྨད་པར་འོས་པ། མདོར་ན་བསྟན་པ་དང་འགྲོ་བར་འཚེ་བའི་ལས་ཁོ་ནར་འཇུག་པའི་དྲེགས་པ་ཆོས་ལོག་ཅན་རྒྱལ་པོ་དོལ་རྒྱལ་གཏན་གྱི་སྐྱབས་གནས་ལྟ་བུར་བསྟེན་དུ་མི་རུང་བའི་ལམ་སྟོན་བཀའ་སློབ་ནི། ཆོས་ཀྱི་ཚུལ་ཁོ་ན་དང་མཐུན་པ་ཡིན་ཏེ། སྐྱབས་འགྲོའི་བསླབ་བྱར། འཇིག་རྟེན་པའི་ལྷ་ཀླུ་སོགས་ལ་སྐྱབས་སུ་འཛིན་མི་རིགས་པར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་གསུངས་པའི་ཕྱིར། ཁྱེད་ཅག་ལྟར་ན། བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ནས་བཟུང་སྟེ་རྒྱ་གར་གྱི་མཁས་གྲུབ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང། འཕགས་པ་ཐོགས་མེད་སྐུ་མཆེད་སོགས་དང། བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་གི་དངོས་བརྒྱུད་ཀྱི་བླ་མ་ཀུན་གྱིས་ཀྱང་མགྲིན་གཅིག་ཏུ་འཇིག་རྟེན་པའི་ལྷ་ཀླུ་ཕལ་པར་སྐྱབས་གནས་ཡང་དག་ཏུ་སྐྱབས་འཚོལ་མི་རིགས་པར་གསུངས་པས་ན། དེ་དག་ཀུན་གྱིས་ཀྱང་རང་གི་བུ་སློབ་ཡང་སློབ་རྣམས་ཀྱི་ཆོས་དད་རང་དབང་འཕྲོག་པར་ཐལ་ལོ། །
གཞན་ཡང་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ནས་ཀྱང་གདན་ས་ཁག་ཏུ་ཚོགས་པ་ཁག་ནས་དོལ་རྒྱལ་མ་བསྟེན་ན་ལེགས་ཞེས་གསུངས་པ་གང་གི་བུ་སློབ་མང་པོ་འདི་ཕྱོགས་སུ་ཡོད་པ་དེ་དག་ཀུན་ལ་གྲགས་པ་ལྟར་ཡིན་པས། དོན་ལ་དོལ་རྒྱལ་ལ་དམ་བསྒྲགས་མཛད་པ་དང། རྒྱུན་དུ་འཇིག་རྟེན་པའི་ལྷ་ལ་སྐྱབས་འཚོལ་མི་རིགས་པ་ལམ་རིམ་བཀའ་ཆོས་སོགས་སུ་ལན་གྲངས་དུ་མར་བཀའ་གནང་མྱོང་ཡོད་པས། ཁྱེད་ཅག་ལྟར་ན་༸སྐྱབས་རྗེ་རིན་པོ་ཆེས་ཀྱང་རང་གི་བུ་སློབ་རྣམས་ཀྱི་ཆོས་དད་རང་དབང་འཕྲོག་པར་ཐལ་ལོ། །
དེ་བཞིན་དུ་ནང་པ་ཞིག་གིས་ཕྱི་རོལ་བའི་ལྷ་ཞིག་རང་གི་སྐྱབས་གནས་ཡང་དག་ཏུ་བརྩིས་ཏེ་དེའི་འདྲ་སྐུ་ནང་པའི་གཙུག་ལག་ཁང་དུ་ལྷ་སྐུ་གཞན་དང་གྲལ་མཉམ་དུ་བཤམས་ན། དེ་ཡང་ཆོས་དད་རང་དབང་གི་སྒོ་ནས་ཁྱེད་ཅག་ལྟར་ན་ཆོག་པར་ཐལ། འདོོད་ན། བླ་མ་ཡི་དམ་ཆོས་སྲུང་སོགས་ཀྱི་གོ་རིམ་ཡང་འཆོལ་ནས་བསྒྲིགས་རུང་སྟེ་ཆོས་དད་རང་དབང་ཡིན་པའི་ཕྱིར། ཅི་སྟེ་མི་རུང་སྟེ་བསྟན་པ་སྤྱིའི་ཚུལ་དང་འགལ་ལོ་སྙམ་ན། དོལ་རྒྱལ་ལ་མདོ་རྒྱུད་ཀྱི་ཁུངས་ཡིག་འབྲུ་གཅིག་ཀྱང་སྟོན་རྒྱུ་མེད་པར་དེ་སྐྱབས་གནས་སུ་བརྩི་བ་ཡང་ཆོས་ཀྱི་ཚུལ་དང་ཇི་ལྟར་མཐུན་སོམས་ཤིག། །
ཡང་རྗེ་མར་པ་ལོ་ཙཱ་བས་རྗེ་བཙུན་མི་ལ་དང་ཐོག་མར་ཞལ་མཇལ་སྐབས་རྗེ་བཙུན་རང་གི་བམ་པོ་ཆུང་ངུ་མཐུའི་དཔེ་ཆ་དང་བསྲེས་ནས་ཡོད་པ་དེ་རྗེ་མར་པའི་མཆོད་གཤོམ་དུ་བསྒྲིག་པ་ན་དེ་མ་ཐག་ཁྱེད་ཀྱིས་དཔེ་གོག་དེས་ཁོ་བོའི་རྟེན་རྣམས་ལ་ཆམ་པ་ཕོག་ཉེ་འདུག་ཅེས་དེ་ནས་བསྐྱུར་བ་དང། ཡང་རྗེ་མི་ལས་རས་ཆུང་རྡོ་རྗེ་གྲགས་རྒྱ་གར་ནས་བྱོན་ཙམ་ན་རས་ཆུང་པ་ཆུ་ལེན་དུ་བཏང་བའི་བར་ལ་དེས་རྒྱ་གར་ནས་འབྱུང་བའི་དཔེ་ཆའི་རིགས་མང་དག་ཡོད་པ་ལས་རྒྱུད་སྡེ་ཁུངས་མ་ནས་འབྱུང་བ་རྣམས་མཁའ་འགྲོ་ལ་གསོལ་བ་བཏབ་སྟེ་ནམ་མཁར་བཞེས་སུ་གསོལ། གཞན་མུ་སྟེགས་པའི་ངན་སྔགས་སོགས་དང་འདྲེས་པ་རྣམས་མེར་ཕུལ་བའི་ཚུལ་ཡང་རྗེ་བཙུན་མི་ལའི་རྣམ་ཐར་ནང་གསལ་ཡོད་ན། ཁྱེད་རྣམས་ལྟར་ན་དེ་དུས་རྗེ་མར་པས་མི་ལའི་ཆོས་དད་རང་དབང་དང། རྗེ་མི་ལས་རས་ཆུང་པའི་ཆོས་དད་རང་དབང་འཕྲོག་པར་ཐལ་ལོ། །
གཞན་ཡང་དེང་གི་དོལ་རྒྱལ་རྗེས་འབྲང་པས་རང་ཅག་གི་སྐྱབས་གནས་དམ་པ་མགོན་པོ་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ལ་ཏཱ་ལའི་བླ་མ་དངོས་མིན་པ་དང། ཁ་ཆེེའི་བུ་དང། བཙན་པོ་དབང་ཤེད་ཅན་དང་། ཆོས་མིན་ཟོག་པོ་ཡིན་པ་སོགས་ཀྱི་འཆལ་གཏམ་སྣ་ཚོགས་སྨྲས་ཏེ། དོན་ལ་རང་ཅག་གི་བླ་མ་དམ་པ་འདི་བསྟེན་དུ་མི་རུང་བར་སྨྲས་པ་མ་ཟད། དེ་མཚུངས་ཀྱི་ཡིག་འཁྱམ་མང་དག་ཅིག་ཀྱང་གཏོང་བཞིན་འདུག་པས་ན། ཁྱེད་དོལ་རྒྱལ་རྗེས་འབྲང་པས་ཀྱང་ཆོས་ཅན། འདི་ཕྱོགས་བོད་མི་ཚུལ་མཐུན་རྣམས་ཀྱི་ཆོས་དད་རང་དབང་འཕྲོག་པར་ཐལ། བདག་ཅག་གི་བླ་མ་དམ་པར་མཚན་སྨད་ཚད་ལས་བརྒལ་བ་སྨྲས་ཏེ། ཁོང་བླ་མ་དམ་པ་མིན་ཞེས་སྐུར་བ་བཏབ་པས་དོན་གྱིས་ཁོང་ལས་རྒྱབ་ཀྱིས་ཕྱོགས་པར་སྐུལ་བའི་ཕྱིར། ཡང་སྐལ་བཟང་རྒྱ་མཚོས་ཀྱང་༸རྒྱལ་དབང་འདིས་བོད་མི་ཚོ་ཕོངས་ལ་འཇུག་པས་བཀའ་ལ་མི་ཉན་པར་སྐུལ་བའི་ཡི་གེ་བོད་པའི་གཞུང་སྒེར་གྱི་ཚོགས་པ་མང་དག་ལ་བསྐུར་བས་ན། ཁོ་པས་ཀྱང་བོད་མི་ཚོར་རང་གི་ལྷ་སྐལ་མགོན་པོ་ཐུགས་རྗེའི་རང་གཟུགས་མི་ཡི་གར་གྱི་རྣམ་པར་ཤར་བ་ལ་ཕྱག་མཆོད་བྱར་མི་རུང་བ་དངོས་སུ་སྨྲས་པས་ན། ཆོས་དད་རང་དབང་ཤིན་ཏུ་ནས་འཕྲོག་པར་ཐལ་ལོ། །
དེ་བཞིན་དོལ་རྒྱལ་གྱིས་དགེ་ལྡན་པ་ཞིག་གིས་རྙིང་ཆོས་ཞུས་ན་ཚར་གཅོད་ཚུལ་གྱི་དཔེར་ཕ་རྒོད་བླ་མའི་ཞལ་གྱི་བདུད་རྩིར་བླ་ཆེན་མི་ཆེན་བཅས་གྲངས་བཅུ་གསུམ་དྲངས་འདུག་ན། དོལ་རྒྱལ་གྱིས་དེ་དག་གི་ཆོས་དད་རང་དབང་འཕྲོག་པར་ཐལ། སྔ་འགྱུར་རྙིང་མའི་ཆོས་བྱེད་རྒྱུའི་རང་དབང་འཕྲོག་པའི་ཕྱིར། །
གཞན་ཡང་སྐལ་བཟང་རྒྱ་མཚོས་རང་གི་དགེ་ཕྲུག་རྣམས་ནས་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་པར་བསྒྲིགས་པ་དང། དཔེ་དེབ་ཀྱི་གསུང་ཀློག་པ། དད་པ་བྱེད་པ། དེ་འབྲེལ་གྱི་གཏམ་གླེང་ཡང་བྱེད་པར་དམ་དྲག་བྱེད་པའི་ཚུལ་དེ་དག་ཀུན་ཀྱང་ཆོས་ཅན། རང་གི་དགེ་ཕྲུག་གི་ཆོས་དད་རང་དབང་འཕྲོག་པར་ཐལ།
ཡང་ཁྱེད་ཚོས་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་༸རྒྱལ་དབང་ཐམས་ཅད་མཁྱེན་པར་དོལ་རྒྱལ་ངེས་པར་བསྟེན་དགོས་ཀྱི་བཀའ་ཕེབས་པའི་འཆལ་གཏམ་ལ་བདེན་པ་མེད་མོད། ཁྱེད་རྣམས་ནས་དེ་ཁོ་ན་ཡིན་ཞེས་ནན་གྱིས་སྒྲུབ་བཞིན་ཡོད་འདུག་པས། འོ་ན་༸སྐྱབས་རྗེ་རིན་པོ་ཆེས་ཀྱང་ཆོས་ཅན། ༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཆོས་དད་རང་དབང་འཕྲོག་པར་ཐལ། ༸རྒྱལ་དབང་འདིས་ཐུགས་ལ་མི་འདོད་བཞིན་དུ་དེ་ལྟར་མཛད་དགོས་པར་ནན་གྱིས་བསྐུལ་བའི་ཕྱིར།
ཡང་ལན་དུ་ཆོས་ཀྱི་སྐུལ་མ་མཛད་པས་ཉེས་པ་མེད་ཅེ་ན། ཚུལ་འདི་༸རྒྱལ་དབང་ཐམས་ཅད་མཁྱེན་པས་དོལ་རྒྱལ་དང་འབྲེལ་བའི་བཀའ་སློབ་ལ་ཅིའི་ཕྱིར་མི་མཚུངས་ཏེ་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར།
ལར་ནས་འཛམ་གླིང་གི་ཆོས་ཚུལ་ཁག་སོ་སོའི་ལུགས་མཐུན་གྱི་བསླབ་བྱ་ནི་ཚང་མས་གསུང་གི་ཡོད་པས། བསླབ་བྱའི་གནས་དང་གྲུབ་མཐའི་བཞེད་པ་མི་མཐུན་པ་ཡོད་པ་ལ། ཁྱེད་ཅག་ལྟར་ན་དེ་དག་ཀུན་ཕན་ཚུན་ཆོས་དད་རང་དབང་འཕྲོག་པར་ཐལ། བདག་འདོད་པ་དེས་བདག་མེད་བཀག་ཅིང། བདག་མེད་འདོད་པ་དེས་ཀྱང་བདག་བཀག་པའི་ཕྱིར།
དེ་བཞིན་དུ་འཇིག་རྟེན་བཀོད་པ་པོ་འདོད་མཁན་དེ་དག་གིས་བཀོད་པ་པོ་མི་འདོད་མཁན་དེ་དག་འགོག་པར་བྱེད་ལ། བཀོད་པ་པོ་མི་འདོད་མཁན་དེ་དག་གིས་ཀྱང་འདོད་པ་དེ་དག་བཀག་པའི་ཕྱིར། དེ་ཐམས་ཅད་ཀྱིས་ཀྱང་ཕན་ཚུན་ཆོས་དད་རང་དབང་འཕྲོག་པར་ཐལ་ལོ། །
དེ་དག་ལ་ཁྱབ་པ་མེད་ན་ཁྱེད་ཅག་གིས་༸སྐྱབས་མགོན་༸རྒྱལ་བའི་དབང་པོར་མགོན་པོ་གང་ཉིད་ཀྱིས་དོལ་རྒྱལ་བསྟེན་དུ་མི་རུང་བར་བསྒོ་བ་དང། དོལ་རྒྱལ་གྱི་ཐད་༸སྐྱབས་རྗེ་ཡབ་སྲས་རྣམ་གཉིས་དང་དགོངས་པ་མི་མཐུན་པ་འདི་ཁོ་ན་སྙིང་ལ་བཅངས་ཏེ་ཆོས་དད་རང་དབང་འཕྲོག་པར་སྐྱོན་བརྗོད་པ་མིན་ནམ་ཅི། བཙན་པོ་དབང་ཤེད་ནི་སུ་ལའང་མ་མཛད་པའི་ཕྱིར།
དེ་བཞིན་ཆོས་ལུགས་ཚང་མར་རང་རང་གི་ཆོས་དང་མཐུན་པའི་ནང་ཁྲིམས་རེ་ཡོད་པ་བཞིན་དེ་དག་ཕྱག་ལེན་དུ་བཀོལ་ཏེ་ཚུལ་དང་མི་མཐུན་པ་རྣམས་དང་ས་ཆུ་སོ་སོར་བྱེད་པ་ནི་ཆོས་ལུགས་ཀུན་ལ་ཡོད་མོད། ཁྱེད་ཅག་གི་འདོད་པ་ལྟར་ན་དེ་དག་ཀྱང་ཆོས་དད་རང་དབང་འཕྲོག་པའི་གྲལ་དུ་བརྩི་དགོས་པ་སོགས་ཧ་ཅང་ཐལ་ལོ། །
གཞན་ཡང་སྐལ་བཟང་རྒྱ་མཚོའི་ཆོས་ཚོགས་ནས་ཕྱིར་ཕུད་བྱེད་ཆོག་ལ། ངེད་ཚོའི་གདན་ས་ནས་དོལ་རྒྱལ་བསྟེན་མི་རྣམས་དང་ཆོས་དང་ཟང་ཟིང་སོ་སོར་འབྱེད་མི་ཆོག་པ་ལ་རྒྱུ་མཚན་ཡང་དག་ཅི་ཞིག་ཡོད། ཁྱེད་ཀྱི་ཁྲོད་དུ་༸རྒྱལ་དབང་འདི་ལ་དད་པ་ཅན་རྣམས་སྡོད་དུ་མི་ཆོག་པར། ངེད་ཚོའི་ཁྲོད་བདག་ཅག་གི་སྐྱབས་གནས་དམ་པ་༸རྒྱལ་དབང་འདི་དང་དམ་ཚིག་ཉམས་པ་རྣམས་དང། བོད་གཞུང་མང་གཉིས་དང་མི་མཐུན་པ་རྣམས་དང་ངེས་པར་ཆོས་དང་ཟང་ཟིང་ལྷན་དུ་སྤྱོད་དགོས་ཀྱི། དེ་ལྟར་མི་བྱེད་པར་ཁ་བྲལ་སོགས་ཀྱི་སྐྱོན་བརྗོད་བྱེད་པ་དེ་བཙན་པོ་དབང་ཤེད་མིན་ན་ཅི། སྐྱོན་བརྗོད་དེར་ཆོས་དང་འཇིག་རྟེན་མཐུན་འཇུག་གི་སྒྲུབ་བྱེད་གང་ཞིག་ཡོད།
ཡང་ཁྱེད་ཚོ་ནང་པའི་གྲལ་ནས་ཕྱིར་འབུད་བྱས་སོང་ཟེར་བའི་སྐྱོན་བརྗོད་ཀྱང། རང་གི་སྐེ་རང་གིས་ཞགས་པས་བཅིངས་ཤིང། ནང་པ་ཀུན་དང་མི་མཐུན་པར་འཇིག་རྟེན་པའི་དྲེགས་པར་སྐྱབས་འཚོལ་བའི་རང་གི་ངང་ཚུལ་ལ་བསམ་ན། དེ་ལྟར་བྱས་ན་ནང་པའི་གྲལ་ནས་རང་བུད་ཡིན་པ་མི་ཤེས་པ་སྣང་བས། སྐྱབས་གཉིས་འཛིན་གྱིས་སྐྱབས་འགྲོ་སྟོང་པའི་ཚུལ་ཁོ་བོས་གཞན་དུ་འཆད་པར་འདོད་པས་དེ་ལས་ཤེས་པར་བྱོས་ལ། རང་ཉིད་ནང་པའི་གྲལ་ནས་རང་བུད་དུ་མི་འགྲོ་བའི་ཚུལ་ལ་འབད་པར་བྱའོ། །
བཙན་པོ་དབང་ཤེད་ཀྱིས་སུ་ཞིག་ལ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང། བཙན་བྱོལ་སྒྲིག་འཛུགས་སྤྱི་དང་བྱེ་བྲག་གང་གིས་ཀྱང་དོལ་རྒྱལ་བསྟེན་མི་ཆོག་པའི་དམ་བསྒྲགས་བྱས་མེད་ལ། ཇི་ལྟར་ཁྱིམ་གཅིག་ཏུ་མི་མཐུན་པ་རྣམས་ཁྲིམས་མཐུན་གྱི་ལམ་ནས་སོ་སོར་གྱེས་པ་འཛམ་གླིང་ཀུན་གྱི་ལུགས་ཡིན་པ་བཞིན། དོལ་རྒྱལ་བསྟེན་མཁན་དང་མི་བསྟེན་མཁན་གཉིས་ཀྱང་དགོན་པ་གྲྭ་ཚང་གཅིག་ལྟ་བུའི་ནང་མཉམ་དུ་གནས་ཐབས་བྲལ་བ་ན་དེང་གི་མང་གཙོའི་ལམ་དང་མཐུན་པའི་རྩོད་པ་ཞི་ཐབས་བྱས་ཏེ་ཕྱོགས་མི་མཐུན་པ་གཉིས་སོ་སོར་གྱེས་ཏེ། དོལ་རྒྱལ་བསྟེན་མཁན་ཚོས་རང་རང་གི་ཐོབ་ཐང་འཁྱེར་ཏེ་གྲྭ་ཚང་གསར་དུ་བཙུགས་ནས་རང་གི་ལུགས་ལྟར་འདོད་མོས་ཀྱིས་དོལ་རྒྱལ་བསྟེན་སྲོལ་བྱེད་རྒྱུ་ཡོད་པ་ནི། ཆོས་དད་རང་དབང་འཕྲོག་པ་མིན་པར་འདོད་མོས་བཞིན་ཉིན་མཚན་ཀུན་དུ་ཀོ་བ་རྐམ་པོ་ལག་པ་ན་ན་བར་དུ་བརྡུངས་ནས་དོལ་རྒྱལ་གསོལ་མཆོད་བྱེད་རྒྱུའི་གོ་སྐབས་ཐོབ་ཡོད་པས། དེ་ནི་ཆོས་དད་རང་དབང་སྦྱིན་པ་ཡིན་པས་སེམས་རྣལ་དུ་ཞོག་ལ་ཆོས་དད་རང་དབང་སྦྱིན་པ་ལ་འཕྲོག་པའི་ཧམ་བཤད་མ་བྱེད་ཅིག།
ལར་ནས་ཆོས་ཇི་འདྲ་ཞིག་བྱེད་མིན་སོ་སོའི་རང་དབང་ལས། ཆོས་བྱེ་བྲག་གཅིག་བྱས་ཚེ་དེའི་ལུགས་དང་མཐུན་པ་བྱེད་དགོས་པ་ལས། བྱུང་རྒྱལ་དུ་དཔྱོད་པ་ནི་འཛམ་གླིང་ཆོས་ལུགས་གང་གི་ལུགས་ལའང་མི་ཆོག་པར་གཅིག་མཚུངས་ཡིན་པ་ལྟར། རང་ཅག་ནང་པའི་ཁྲོད་དུའང་རྒྱུད་སྡེ་གང་ནས་ཀྱང་མ་བྱུང་བའི་ཡི་དམ་མམ། ཚད་ལྡན་དམ་པ་མང་པོས་དམ་སྲི་རུ་ངོས་འཛིན་མཛད་པའི་དམ་རྫུ་ལ་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཡིན་ཞེས་ཕྱོགས་ཀུན་ཏུ་སྨྱོན་པ་ལྟར་དྲིལ་བསྒྲགས་བྱེད་པ་ནི་དཔྱོད་ལྡན་སུ་ཞིག་གིས་བཟོད་པར་ནུས། དེ་ལྟར་བྱས་ཏེ་རྒྱལ་བའི་བསྟན་པ་རྨང་ནས་དཀྲུགས་པ་དང། རང་ཅག་རྣམས་ཀྱི་སྐྱབས་གནས་དམ་པ་༸སྐྱབས་མགོན་༸རྒྱལ་བའི་དབང་པོར་སྒྲོ་སྐུར་ཚད་མེད་ཞུས་པ་དང། ཆོས་མེད་རྒྱ་དམར་གྱི་རྒྱུགས་ཁྱིའི་བྱ་སྤྱོད་འདི་ལྟ་བུ་བྱས་ཏེ། རང་ཅག་བོད་འབངས་རྣམས་དུས་ཚོད་ཉམས་དམའ་བ་འདི་ལྟ་བུ་ཡོད་ཁར། ད་དུང་ཡང་ཆོས་དད་རང་དབང་བཙན་འཕྲོག་སོགས་ཀྱི་སྒྲོ་སྐུར་སྣ་ཚོགས་སྨྲས་ཏེ། མདོར་ན་འགྲོ་སར་ཐུབ་ཚོད་དང་། མི་འགྲོ་སར་འཆལ་གཏམ་སྣ་ཚོགས་སྤེལ་བ་འདི་ཀུན་ལས་འབྲས་ཁས་ལེན་གྱི་ནང་པའི་བྱ་སྤྱོད་ག་ལ་ཡིན།
གཞན་ཡང་ཁྱེད་ཅག་གིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བུ་ཕྲུག་ཉམ་ཐག་རྣམས་དངུལ་གྱིས་བསླུས་ཏེ་དེ་དག་ཀྱང་ལྷ་གསོལ་འདྲེ་གསོལ་གྱི་རྒྱུད་པ་འཛིན་དུ་རེ་ནས་ལམ་ནོར་བ་ཆེན་པོར་བཀྲི་བ་འདིས་དེ་དག་གི་ཆོས་གཤའ་མ་བྱེད་རྒྱུའི་གོ་སྐབས་བཅོམ་པ་མིན་ནམ་ཅི།
བཀའ་གདམས་གསར་མ་དང། རི་བོ་དགེ་ལྡན་པ་སོགས་ཁ་ལ་འཁྱེར་ཏེ་ཆོས་ཕུགས་ཀྱི་གཙོ་བོ་ལྷ་གསོལ་འདྲེ་གསོལ་ལ་རྩལ་དུ་བཏོན་པ་ནི་བསྟན་པའི་གནད་མི་ཤེས་པར་མ་ཟད། རྗེའི་བསྟན་པ་ལ་ཇི་ལྟར་དོལ་རྒྱལ་གྱི་སྨོན་ལམ་ལོག་པ་ལྟར་བསྟན་པའི་རྨང་གཞི་གཏིང་ནས་དཀྲུགས་པ་ཡིན་ནོ། །གཞན་ཡང་བཀའ་གདམས་ལྷ་བཞིས་མི་ཆོག་པ་དང། རྗེའི་བཀའ་བཀོད་དམ་ཅན་ཆོས་སྲུང་མགོན་ཆོས་རྣམ་གསུམ་གྱི་མི་ཆོག་པར་དོལ་རྒྱལ་ལ་དེ་འདྲའི་ཤ་ཚ་བྱེད་དོན་ཅིའི་ཕྱིར་ཡིན་སྨྲོས་ཤིག
རང་གཞན་གཉིས་ཀས་གུས་པས་སྤྱི་བོར་ལེན་པའི་༸སྐྱབས་རྗེ་ཕ་བོང་ཁའི་གདམས་པ་ཟབ་མོ་རྣམས་གང་ལ་མངའ་བའི་༸སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་དབང་ལུང་མན་ངག་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་སྩལ་བའི་སློབ་མའི་ཕུད་ནི་རང་ཅག་བོད་འབངས་ཡོངས་ཀྱི་ལྷ་སྐལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིད་ཡིན་ཞིང། ཇི་ལྟར་སློབ་དཔོན་འཕགས་པ་ལྷ་ལ། ཀླུ་སྒྲུབ་ཀྱི་རྗེས་འབྲང་རྣམས་ཀྱིས་ཀླུ་སྒྲུབ་གཉིས་པ་ལྟ་བུར་ཚད་མར་བྱེད་པ་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་མཆོག་གི་གདམས་ངག་ཟབ་མོ་རྣམས་མ་ཚང་བ་མེད་པར་མངའ་བས། ༸སྐྱབས་རྗེ་རིན་པོ་ཆེའི་བུ་སློབ་འདི་ཕྱོགས་སུ་ཡོད་པ་རྣམས་དང་མཚུངས་པར་༸མགོན་པོ་ཐམས་ཅད་མཁྱེན་པ་གཙུག་ཏུ་བསྟེན་ནས་ཆོས་ཀྱི་བགོ་སྐལ་ལ་ལོངས་སུ་མི་སྤྱོད་པར། དམ་ཉམས་མགོ་མཁྲེགས་འགའ་ལ་བཤེས་གཉེན་དུ་རེ་ཞིང། ༸རྒྱལ་བ་ལྔ་པ་ཆེན་པོ་དང། ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་དམ་པ་མང་པོས་དམ་སྲིར་ངོས་འཛིན་མཛད་པའི་དོལ་རྒྱལ་ལྟ་བུར་མཆོག་གསུམ་ཀུན་འདུས་སུ་བརྩི་བ་ནི་བསོད་ནམས་ཤིན་ཏུ་དམན་པའི་རང་རྟགས་སུ་བསམས་ནས་སྤང་བླང་ཚུལ་བཞིན་དུ་བྱེད་འདོད་ན་ད་ལྟ་ཕྱིས་དྲགས་མེད།
དེ་ལས་ལྡོག་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་༸རྒྱལ་བ་གོང་མའི་ཡང་སྲིད་མིན་པ་སོགས་སྨྲ་བ་ནི་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ཡང་སྐུར་བ་འདེབས་པར་འགྱུར་ཏེ། ༸སྐྱབས་རྗེ་རིན་པོ་ཆེས་ད་ལྟའི་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་༸རྒྱལ་བ་གོང་མ་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་ཡོད་ཅིང་། དེ་ལྟར་ཡིན་མིན་གྱི་དོགས་གཞི་ཙམ་ཡང་མཛད་མྱོང་མེད་པ་གང་གི་བུ་སློབ་ཚད་ལྡན་ཀུན་གྱིས་མཁྱེན་གསལ་ལྟར་དང་། ༸སྐྱབས་རྗེ་རིན་པོ་ཆེའི་རང་རྣམ་ལས་ཀྱང་༸རྒྱལ་དབང་འདི་ལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་ཞེས་པའི་ངོས་འཛིན་གྱི་ཚིག་གི་བརྡ་ལས་ཀྱང་༸སྐྱབས་རྗེ་རིན་པོ་ཆེའི་དགོངས་པར་ཇི་ཡོད་དཔོག་པར་མི་དཀའ་བའི་ཕྱིར། །
ཁྱེད་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸རྒྱལ་བའི་ཡང་སྲིད་དམ་ཏཱ་ལའི་བླ་མ་དངོས་མིན་ཞེས་སྨྲ་བ་དང། ༸སྐྱབས་རྗེ་ཁྲི་བྱང་རིན་པོའི་ཆེའི་ཆེ་བ་༸རྒྱལ་དབང་འདི་པའི་ཡོངས་འཛིན་ཟླ་མེད་པར་མཛད་པའི་སྟེང་ནས་སྨྲ་བ་ནི་འགལ་བའི་ཁུར་ཆེན་པོའོ། །
གཞན་ཡང་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་༸ཏཱ་ལའི་བླ་མ་དངོས་མིན་པར་སྨྲས་ཏེ། མགོན་པོ་གང་གིས་ངོས་འཛིན་མཛད་པའི་ཁྲི་བྱང་མཆོག་སྤྲུལ་རིན་པོ་ཆེ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གྱིས་ཤིན་ཏུ་ནས་བཀུར་བཞིན་ཡོད་པ་གཉིས་ཇི་ལྟར་མི་འགལ་སྨྲོས་ཤིག
གཞན་ཡང་དེ་ལྟར་སྒྲོ་སྐུར་སྣ་ཚོགས་ཀྱིས་༸སྐྱབས་རྗེ་རིན་པོ་ཆེའི་ཐུགས་སྲས་ཕུལ་དུ་བྱུང་བ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་མཚན་སྨད་ཀྱི་མཚམས་མེད་ཀྱི་ལས་འདི་དག་གིས་ནི། དོན་ལ་༸སྐྱབས་རྗེ་རིན་པོ་ཆེའི་སྐུ་ཚེ་ཧྲིལ་པོའི་མཛད་པ་ལ་ཡང་སྐུར་བ་འདེབས་པར་འགྱུར་ཏེ། ཁྱེད་ཅག་ལྟར་ན་༸སྐྱབས་རྗེ་རིན་པོ་ཆེས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་རྫུན་མར་ངོ་མར་དང་། ༸རྒྱལ་བའི་ཡང་སྲིད་རྫུན་མར་ངོ་མར་རློམས་སྟེ་དེའི་ཡོངས་འཛིན་ཟླ་མེད་ལྟ་བུར་མཛད་པར་གྱུར་པའི་ཕྱིར།
གཞན་ཡང་༸རྒྱལ་དབང་འདིར་༸རྒྱལ་དབང་གོང་མའི་ཡང་སྲིད་མིན་པར་སྨྲ་བ་ནི་དོལ་རྒྱལ་དམ་བསྒྲགས་མཛད་པའི་རྒྱུ་མཚན་གྱིས་ཡིན་ལ། དེ་ལྟར་ན་༸གོང་ས་བཅུ་གསུམ་པ་ཆེན་པོའང་དེ་ལྟར་༸རྒྱལ་བའི་སྐྱེ་གྲལ་མིན་ཞེས་སྨྲ་དགོས་པར་འགྱུར་ལ། དེ་ལྟར་ན་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ལ་ཁྲི་བྱང་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་མཁན་ལ་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོ་དང། གནས་ཆུང་ཆོས་རྒྱལ་ཆེན་པོ་རྣམ་གཉིས་གཙོ་བོ་ཡིན་པ་༸སྐྱབས་རྗེ་རིན་པོ་ཆེའི་རང་རྣམ་ནང་ཤིན་ཏུ་གསལ་བས། ཁྱེད་ལྟར་ན་༸སྐྱབས་རྗེ་རིན་པོ་ཆེ་ཉིད་ཁྲི་བྱང་སྐུ་གོང་མའི་ཡང་སྲིད་ཡིན་པ་ལ་ཡིད་བརྟན་མེད་པར་ཐལ། ངོས་འཛིན་མཛད་པ་པོ་བླ་ལྷ་གཉིས་ལ་ཡིད་བརྟན་མེད་པའི་ཕྱིར།
གཞན་ཡང་༸རྒྱལ་དབང་བཅུ་གསུམ་པར་༸རྒྱལ་བའི་སྐུ་ཕྲེང་མིན་ཞེས་དང་། དབང་ཤེད་ཅན་གྱི་རྗེ་བོ་ཞེས་སྐུར་བ་འདེབས་པ་ནི་རང་གིས་གཙུག་གི་ནོར་བུ་ལྟ་བུར་བཀུར་བའི་༸སྐྱབས་རྗེ་རིན་པོ་ཆེ་རྣམ་གཉིས་ཀྱི་རྡོ་རྗེ་སློབ་དཔོན་དང། ཁྱད་པར་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་བསྙེན་རྗོགས་ཀྱི་མཁན་པོར་སྐུར་བ་འདེབས་པ་ཡིན་པས། ལས་ངན་འདི་ལྟ་བུ་བྱས་ཏེ་མི་ལུས་རིན་པོ་ཆེ་གཞན་སྡིག་གྲོགས་ཀྱི་དབང་དུ་བཏང་བ་ལ་སྙིང་པོ་ཅི་འདུག་སོམས་ཤིག།
༸སྐྱབས་རྗེ་ཕ་བོང་ཁས་༸རྒྱལ་དབང་བཅུ་གསུམ་པར་ཕུལ་བའི་ཞུ་ཡིག་ནང་དམན་ལ་ལྷག་པར་བརྩེ་བའི་མགོན་པོ་དང། གནམ་འོག་ས་སྟེང་གི་བསྟན་པ་ཡོངས་རྫོགས་དང། འགྲོ་བའི་བདེ་སྐྱིད་བཅས་གང་ཉིད་སྐུ་ཚེ་ཞབས་ཟུང་ཡུན་དུ་བརྟན་པ་ཁོ་ན་ལ་རག་ལུས་པ་ལུང་རིགས་དུ་མས་མངོན་སུམ་དུ་གྲུབ་པ་མ་ཟད། བྱིས་པ་རྨོངས་པ་དག་གིས་ཀྱང་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་གཤིས། སྙིགས་མར་སྤྱོད་པའི་གདུལ་བྱའི་བརླང་སྤྱོད་ཇི་ཙམ་བདོ་བ་དེ་བཞིན་དུ་ཐུགས་བསྐྱེད་ཀྱི་གོ་ཆ་ཆེས་ཆེར་འཕགས་ཏེ། ཞབས་པད་བསྐལ་པ་རབ་འབྱམས་སུ་བརྟན་པའི་རྡོ་རྗེའི་བཀའ་བཞེས་ཟབ་མོ་བདེ་ཆེན་འཁོར་ལོའི་རྒྱན་མཆོག་དམ་པར་སྨིན་སྩོལ་བརྩེ་བ་ཆེན་པོས་གཟིགས་པ་མཁྱེན། མཁྱེན།
ཞེས་༸རྗེ་བདེ་ཆེན་སྙིང་པོའི་གསུང་འབུམ་ནང་དང། གོང་གི་དོལ་རྒྱལ་གྱིས་དགའ་བསུ་བྱས་ཚུལ་ཡང་༸རྗེ་འདི་པའི་རྣམ་ཐར་ནང་ཐོན་པས་ན། དེ་ལྟར་ན་དོལ་རྒྱལ་གྱིས་གནམ་འོག་ས་བསྟན་ཡོངས་རྫོགས་ཀྱི་བདག་པོ། ༸སྐྱབས་མགོན་༸རྒྱལ་བའི་དབང་པོ་དགོངས་པ་ཞི་བར་གཤེགས་པ་ལ་སྐད་གསང་ཐོན་པོས་དགའ་བསུ་བྱས་པ་ཡིན་པས། དེ་དུས་བོད་ཀྱི་ལྷ་མི་ཡོངས་མྱ་ངན་གྱི་གདུང་བའི་དུས་ཡིན་པས། དེས་དོལ་རྒྱལ་བསྟན་པ་ལ་སྙིང་ནས་དད་པ་དང་འགྲོ་བ་ལ་བརྩེ་བའི་དྲེགས་པ་མིན་པ་ཤིན་ཏུ་ནས་གསལ་ལོ། །
གཞན་ཡང་༸སྐྱབས་རྗེ་རྣམ་གཉིས་ཀྱི་སློབ་བརྒྱུད་ངོ་མ་ཞིག་ཡིན་ན། དོལ་རྒྱལ་གྱིས་༸སྐྱབས་རྗེ་རྣམ་གཉིས་ཀྱི་བླ་མ་དམ་པ་དང། བོད་གངས་ཅན་གྱི་ལྗོངས་འདི་བཀའ་དྲིན་གྱིས་བསྐྱངས་པའི་༸རྒྱལ་དབང་བཅུ་གསུམ་པ་དགོངས་པ་རྗོགས་པ་ཤེས་ཏེ་དགའ་བསུ་བྱས་པ་ལ། དེ་བས་ཀྱང་དོལ་རྒྱལ་བསྟན་པའི་དགྲ་བོར་ཅིའི་ཕྱིར་མི་འཛིན།
གཞན་ཡང་དོལ་རྒྱལ་གྱིས་དགེ་ལྡན་པ་ཞིག་གིས་རྙིང་མའི་ཆོས་བྱས་ན་ཚར་གཅོད་ཀྱི་ཡོད་པའི་དཔེ་མཚོན་དུ་རྭ་སྒྲེང་རིན་པོ་ཆེ་ཡང་ཕ་རྒོད་བླ་མའི་ཞལ་གྱི་བདུད་རྩིར་དྲངས་འདུག་ན། རྭ་སྒྲེང་རིན་པོ་ཆེས་རྒྱལ་ཚབ་མཛད་དུས་དེ་སྔ་༸རྒྱལ་དབང་བཅུ་གསུམ་པའི་དམ་དྲག་འོག་བཞུགས་པའི་༸སྐྱབས་རྗེ་ཕ་བོང་ཁར་ཡོངས་གྲགས་བཀའ་ཆོས་སྩལ་རྒྱུའི་བཀའ་ཁྲོལ་སྩལ་བ་༸རྗེ་ཕ་བོང་ཁའི་རྣམ་ཐར་ནང་གསལ་བས་ན། དོལ་རྒྱལ་གྱིས་རང་གིས་སྐྱོང་བར་ཁས་འཆེ་བའི་བླ་མ་གང་ལ་བསྟན་པ་འཛིན་པའི་གྲོགས་མཛད་མཁན་གྱི་བླ་མ་གཞན་དེའི་སྲོག་བཅད་པའི་ཚུལ་དེ་ཅི་སྟེ་བདེན་ན། དེས་ཀྱང་དོལ་རྒྱལ་དམ་སྲི་ཡིན་པ་ཅིས་མི་འགྲུབ། གཞན་ཡང་རྭ་སྒྲེང་རིན་པོ་ཆེ་ནི་༸སྐྱབས་རྗེ་ཕ་བོང་ཁའི་བླ་མ་ཡང་ཡིན་པ་ནི་༸སྐྱབས་རྗེ་ཕ་བོང་ཁའི་གསན་ཡིག་ལས་ཤེས་ཐུབ་པས། དེས་ན་ཁྱེད་ཅག་གི་བརྒྱུད་པའི་བླ་མ་ཡང་ཡིན་སྟབས་རང་གི་བླ་མའི་བླ་མ་དེ་དོལ་རྒྱལ་གྱིས་ཚར་བཅད་པའི་གཏམ་རྣ་བར་སྙན་པོ་འདུག་གམ།
གཞན་ཡང་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་ནི་༸སྐྱབས་རྗེ་ཕ་བོང་ཁའི་བླ་མ་དང་། བོད་གངས་ཅན་ལྗོངས་ཀྱི་བཀའ་དྲིན་ཅན་གྱི་བླ་མ་དང་། ཆོས་རྒྱལ་གཉིས་ཀ་ཡིན་ཞིང་། དོལ་རྒྱལ་རང་ཉིད་ཀྱི་སྐྱེ་བ་སྔ་མ་སྟེ་སྤྲུལ་སྐུ་གྲགས་རྒྱན་གྱི་རྩ་བའི་བླ་མ་༸རྒྱལ་དབང་ལྔ་པ་ཆེན་པོའི་ཡང་སྲིད་ཀྱང་ཡིན་ཡང་། དོལ་རྒྱལ་ནི་དེ་ལྟ་བུའི་གནས་ཚུལ་ལ་བསམ་ཤེས་ཅི་ཡང་མེད་ཁར། ༸རྒྱལ་དབང་བཅུ་གསུམ་པས་རང་ཉིད་གསོལ་མཆོད་ཀྱི་ཐད་དམ་བསྒྲགས་ཅུང་ཟད་མཛད་པར་ཁྲོས་ཏེ། མགོན་པོ་བཀའ་དྲིན་ཅན་དེ་དགོངས་པ་རྫོགས་ན་དགའ་བསུ་བྱེད་མཁན་ཡིན་པའི་ཚུལ་༸སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་གང་གི་དྲུང་ཡིག་བློ་བཟང་རྡོ་རྗེས་མཛད་པའི་ནང་གསལ་འདུག་ན། དེ་འདྲའི་ལྷ་མི་སུ་འདྲ་ཞིག་ཡིན་རུང་བསྟན་དགྲ་ངོ་མ་ཅིའི་ཕྱིར་མིན་ལེགས་པར་སོམས་ཤིག།
ཡང་དོལ་རྒྱལ་དྲེགས་པར་སྐྱེ་བའི་རྒྱུ་མཚན་ཡང་སྤྲུལ་སྐུ་གྲགས་རྒྱན་གྱི་རྩ་བའི་བླ་མ་༸གོང་ས་ལྔ་པ་ཆེན་པོ་དང་དམ་ཚིག་ལོག་པའི་སྟབས་ཀྱིས་ཡིན་པ་བརྗོད་པ་དེ་སྤྱིར་ནས་བདེན་མོད། འོན་ཀྱང་དེ་ལྟར་སྨྲ་བ་ནི་ཆོས་སྲུང་དྲེགས་པའི་སྐུར་བཞེངས་པའི་སྒྲུབ་བྱེད་དུ་ཡིད་ཆེས་པར་དཀའ་སྟེ། ཆོས་སྲུང་ཚད་ལྡན་གཞན་སུ་ཞིག་གི་བྱུང་རབས་རང་གི་རྩ་བའི་བླ་མ་དང་དམ་ཚིག་ལོག་པའི་སྟེང་ན་བརྗོད་པ་མ་མཐོང་ཞིང་། དྲེགས་པར་སྐྱེས་རྗེས་རང་གི་རྩ་བའི་བླ་མའི་ཕྱག་མཛོད་སྡེ་སྲིད་བསོད་ནམས་རབ་བརྟན་ཏེ། དགེ་ལྡན་པའི་བསྟན་པར་ཤིན་ཏུ་བཀའ་དྲིན་ཆེ་བ་༸གོང་ས་ལྔ་པ་རང་ཉིད་ཀྱིས་ཀྱང་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ནང་ཞལ་གྱིས་བཞེས་པའི་སྐྱེ་བོ་དེའི་སྲོག་ཀྱང་༸བཅད་པ་རྣམ་ཐར་དེ་གའི་ནང་གསལ་བས། དེས་ཀྱང་དོལ་རྒྱལ་དགེ་ལྡན་པའི་བསྟན་སྲུང་དུ་ཡིད་ཆེས་པར་དཀའ་བའི་ཕྱིར་དང་། རང་གི་རྩ་བའི་བླ་མ་༸གོང་ས་ལྔ་པ་ཆེན་པོར་ཡང་ཆོ་འཕྲུལ་བརྩམས་པ་༸གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་ནང་གསལ་བ་ལས་ཀྱང་འདྲེར་སྐྱེས་པའི་སྒྲུབ་བྱེད་ཁོ་ནར་སྣང་སྟེ། ཆོས་སྲུང་ཚད་ལྡན་ཡིན་ན། དང་པོ་བོད་གངས་ཅན་གྱི་བསྟན་པ་ཡོངས་རྗོགས་ཀྱི་བདག་པོ་༸གོང་ས་ལྔ་པ་ཆེན་པོས་དྲག་པོའི་ལས་སྦྱོར་དང་། བར་དུ་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་དགའ་ལྡན་ནས་ཕྱིར་ཕུད། དེ་ནས་པཎ་ཆེན་བསྟན་པའི་དབང་ཕྱུག་སོགས་ཀྱིས་དྲག་པོའི་ལས་སྦྱོར་དང། ད་ལྟར་༸གོང་ས་ལྷ་མིའི་རྣམ་འདྲེན་དམ་པས་དེ་ལྟ་བུའི་དགག་བྱ་མཛད་དགོས་དོན་མེད་པའི་ཕྱིར།
ཡང་དོལ་རྒྱལ་དགེ་ལྡན་པའི་བསྟན་སྲུང་ཡིན་ཞེས་ནན་གྱིས་སྒྲུབ་བཞིན་འདུག་ཀྱང་། གྲགས་རྒྱན་འདས་ནས་དམ་སྲིར་སྐྱེས་པ་ནི་༸གོང་ས་ལྔ་པའི་རྣམ་ཐར་ནང་གསལ་བས་དེ་ལས་ཁུངས་བཙན་གང་དུ་དགོས། ༸རྒྱལ་བ་ལྔ་པ་ཆེན་པོ་སོགས་ཀྱིས་དྲག་པོའི་ལས་སྦྱོར་མཛད་ནས་ལོ་ངོ་༤༦ ༼གྲགས་རྒྱན་གྲོངས་དུས་ ༡༦༥༦དང་། དྲག་པོའི་ལས་སྦྱོར་ཐ་མ་དེ་༡༦༧༥ལོར་མཛད། དེ་ནས་བདག་ཆེན་གྱི་སར་དོལ་རྒྱལ་སོང་དུས་ཏེ། ༡༧༢༡ བར། ༽ རིང་དོལ་རྒྱལ་གྱིས་དགེ་ལྡན་པའི་བསྟན་པ་བསྲུང་རྒྱུ་ལྟ་ཅི། རང་ཉིད་སྐྱེ་གནས་གང་འདྲ་ཞིག་ཏུ་ཡོད་མེད་ཀྱི་ལོ་རྒྱུས་ཙམ་ཡང་མེད་པར་ཤི་བའི་མི་ལྟར་ཡུན་རིང་གར་སོང་ཆ་མེད་དུ་ལུས། སླར་ཡང་སྔར་མ་ཤི་བར་བརྒྱལ་བསངས་ནས་ཡུན་རིར་འཁྱམས་པའི་འཁྱམ་པོ་ནང་དུ་ལོག་པ་ལྟར་རམ། ཡང་ན་སྔར་གྱི་སྨོན་ལམ་ལོག་པའི་མཐུས་སླར་ཡང་དམ་སྲིར་སྐྱེས་པ་གང་རུང་ཞིག་ཡིན་པ་སྟེ། དེ་ལྟར་དྲག་པོའི་ལས་སྦྱོར་གྱི་རྗེས་སླར་ཡང་དོལ་རྒྱལ་བྱུང་བ་ནི། དོལ་རྒྱལ་ནུས་ཤུགས་ཆེ་དྲག་པས་དྲག་པོའི་ལས་སྦྱོར་གྱིས་ཚར་གཅོད་མ་ཐུབ་པས་མིན་གྱིས། དོལ་རྒྱལ་ལ་འདྲེན་བྱེད་དམ་པ་དེ་རྣམས་ཀྱིས་དྲག་པོའི་ལས་སྦྱོར་མཛད་ཀྱང་རེ་ཞིག་སྐྱེ་གནས་ངན་པ་དང་། ཆོས་སྤོང་གི་ལས་ངན་ལས་ཁོ་ཐར་ཡང་། ཡོངས་སུ་མི་གྲོལ་བར་སླར་འདྲེར་སྐྱེས་པ་ནི། བླ་མ་དམ་པ་དེ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ཆེ་ཡང་གྲགས་རྒྱན་རང་ཉིད་སྐལ་བ་དམན་པ་དང་། བླ་མ་དམ་པ་དེ་རྣམས་དང་ལས་འཕྲོ་མེད་པ་དང་། དམ་ཚིག་མེད་པ་སོགས་ཚོགས་པའི་རྟེན་འབྲེལ་ངན་པ་ཁོ་ནའི་དབང་གིས་ཡིན་ཏེ། རྗེ་བཙུན་བྱམས་མགོན་གྱིས་རྒྱན་ལས།
ལྷ་ཡིས་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །
སངས་རྒྱས་རྣམས་ནི་བྱུང་གྱུར་ཡང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་གསུངས་པ་ལྟར་དོན་ལ་གནས་པའི་ཕྱིར།
དེ་ལྟར་དྲག་པོའི་ལས་སྦྱོར་མཛད་པར་ནུས་པ་མ་ཐོན་པ་ཡང་མིན་ཏེ། དེ་ནས་བཟུང་དོལ་རྒྱལ་ལོ་ངོ་༤༦རིང་ནུས་མེད་དུ་བཏང་བ་དེ་དེས་བྱས་པའི་ཕྱིར། རོ་བསྲེགས་པའི་དྲི་ཚོར་བས་དོལ་རྒྱལ་ཤི་བ་ཡང་མི་འགྲུབ་ལ། མ་ཤི་བ་ཡང་མི་འགྲུབ། ཅི་སྟེ་ཤི་ཡོད་ན་སླར་དོལ་རྒྱལ་བྱུང་བ་ཇི་ལྟར་འགྲེལ་ཞེས་ན། སྔར་མ་ཤི་བར་བརྒྱལ་བསངས་ནས་བྲོས་ནས་ཡུན་རིང་འཁྱམས་པའམ། ཡང་ན་བར་དེར་སྐྱེ་གནས་གཞན་བླངས། ཡང་སླར་སྔར་གྱི་སྨོན་ལམ་ལོག་པའི་མཐུས་འདྲེར་སྐྱེ་བ་ཤིན་ཏུ་ནས་སྲིད་པའི་ཕྱིར་རོ། །འོ་ན་དེ་དུས་རོ་བསྲེགས་པའི་དྲི་ཚོར་བ་ཇི་ལྟར་སྲིད་སྙམ་ན། ཡང་ན་དེའི་སྐབས་དྲེགས་པ་གཞན་དང་མཉམ་དོལ་རྒྱལ་ཡང་ཤི་ནས་སླར་འདྲེར་སྐྱེ་བ་འདོད་ལ། ཅི་སྟེ་དེ་སྐབས་མ་ཤི་ན་གདོན་མི་ཟ་བར་དེ་དུས་དོལ་རྒྱལ་གྱི་ཆོ་འཕྲུལ་རྣམས་ཟིལ་གྱིས་གནན་ནས་དོལ་རྒྱལ་གྱི་འཁོར་གདུག་པ་ཅན་གཞན་མང་དག་མེར་བསྲེགས་ནས་རོ་བསྲེགས་པའི་དྲི་ཚོར་ལ་ཟེར་བ་སྟེ་དེ་དེ་བཞིན་ཡིན་པར་ཤེས་པར་གྱིས་ཤིག
དེ་ཡང་དོལ་རྒྱལ་སླར་ཡང་ཤི་ལོག་བརྒྱབ་པ་ལྟར་ལོག་པ་ན། འབྲས་སྤུངས་སུ་ནི་སྔར་གྱི་གཟིམ་ཁང་གོང་ཤུལ་མེད་དུ་བཤིག་སྟེ་དེའི་ཤུལ་དུ་སྦྱིན་སྲེག་མཛད་པ་སོགས་ཀྱིས་མཐུས་འགྲོ་མི་ནུས། སེ་རྭ་དང་དགའ་ལྡན་དུའང་གྲགས་རྒྱན་རང་ཉིད་ལ་ངོ་ཤེས་བདག་སྤྲོད་བྱེད་མཁན་གྱི་རེ་བ་མེད་པས་འགྲོ་མ་སྤོབས། ཕལ་ཆེར་བཀྲ་ཤིས་ལྷུན་པོ་རང་གི་བླ་མ་པཎ་ཆེན་བློ་བཟང་ཆོས་རྒྱལ་མཚན་གྱི་གདན་ས་ཡིན་པས། དེར་ཕྱིན་ན་བདག་བཟུང་བྱེད་མཁན་ཡོང་སྲིད་སྙམ་སྟེ་དེར་སོང་པ་ན། རྣམ་སྲས་རྟ་བདག་བརྒྱད་ཀྱིས་ཕྱག་སྦྲེལ་ཏེ་བཀྲིས་ལྷུན་པོ་མཐའ་བསྐོར་ནས་ནང་དུ་འགྲོར་མི་གནང་བ་ན། དགེ་ལྡན་པར་རེ་བ་བྲལ་ཏེ་སྐབས་དེ་དུས་དགེ་ལྡན་པ་དང་འབྲེལ་ཐག་རིང་བའི་ས་སྐྱར་ཕྱིན་ནས་རང་ཉིད་དགེ་ལྡན་པའི་དམ་སྲི་ཡིན་པའི་ངང་ཚུལ་གསལ་བར་སྨྲས་ན། དེ་དུས་ས་སྐྱ་པ་དགེ་ལྡན་པ་དང་མི་མཐུན་པ་ཡོད་པས་བདག་པོ་བརྒྱབ་པ་སྲིད་སྙམ་སྟེ། ས་སྐྱའི་བདག་ཆེན་བསོད་ནམས་རིན་ཆེན་གྱི་སར་རང་གི་འདྲེའི་རྣམ་འགྱུར་གསལ་བར་བསྟན་ནས་ང་དགེ་ལྡན་པའི་དམ་སྲི་ཁོ་ཡིན་ཞེས་གསལ་བར་སྨྲས་པ་ན། བདག་ཆེན་གྱིས་ཐུགས་རྗེས་གཟིགས་ཏེ་རེ་ཞིག་བདག་གཉེར་མཛད།
དེ་ཡང་ས་སྐྱའི་ཁྲོད་དོལ་རྒྱལ་དར་སྲོལ་ཆེ་ཆུང་ཇི་ལྟར་བྱུང་རུང་། སྔ་དུས་དགེ་ལྡན་པའི་ཁྲོད་ཅོལ་ཆུང་འགའ་ཞིག་མ་གཏོགས་བསྟེན་གསོལ་བྱེད་མི་མེད་པ་མ་ཟད། དེ་དག་གི་བསྟེན་གསོལ་ལ་ཡང་དགེ་ལྡན་པའི་བླ་ཆེན་རྣམས་ཀྱིས་དགག་པ་ཇི་ལྟར་མཛད་ཚུལ་ལོ་རྒྱུས་ཀྱི་ཡིག་ཆ་ཁུངས་ལྡན་རྣམས་ལས་ཤེས་པར་འགྱུར་བས་འདིར་མི་སྤྲོའོ། །
དེ་ནས་བར་སྐབས་ནས་བཟུང་དྭགས་པོ་སྐལ་བཟང་མཁས་གྲུབ། སོག་པོ་རྟ་དབྱངས།༼༡༨༦༢ ནས་ ༡༩༣༧༽ ༸སྐྱབས་རྗེ་ཕ་བོང་ཁ་༼༡༨༧༨ ནས་ ༡༩༤༢༽ སོགས་ཀྱི་མི་རབས་བར་དོལ་རྒྱལ་དགེ་ལྡན་པའི་ཁྲོད་ཚད་ལྡན་སུས་ཀྱང་བདག་པོ་བྱེད་མཁན་མེད་པར་ལུས་པས། གྲགས་རྒྱན་གྲོངས་༼༡༦༥༦ལ་གྲོངས། དེ་ནས་༡༩༡༠ ཙམ་བར༽ནས་ལོ་ངོ་ཉི་བརྒྱ་ལྔ་བཅུ་ལྷག་རིང་དགེ་ལྡན་པའི་བསྟན་པར་བྱ་བ་བྱས་པའི་གཏམ་འདི་ཡིན་ཞེས་ཡེ་ནས་མེད་པར་གློ་བུར་དུ་༸སྐྱབས་རྗེ་ཕ་བོང་ཁའི་དུས་སུ་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་སླར་ཡང་རང་གི་རི་བོང་རྭ་མཚུངས་ཀྱི་ཐུགས་བསྐྱེད་དེ་དྲན་ནས་དགེ་ལྡན་པ་དང་རྙིང་མའི་དབར་དཀྲུགས་ཤིང་བརྒྱབ་སྟེ་དགེ་ལྡན་པའི་བསྟན་པ་བསྲུངས་པ་ཡིན་ཞེས་ཟེར་རམ། ཡང་ལོ་ངོ་ཉི་བརྒྱ་ལྔ་བཅུ་ཙམ་གྱི་རིང་གནས་ཆུང་ཀྱིས་འདུལ་འཛིན་གྲགས་པ་རྒྱལ་མཚན་ལ། རེ་ཞིག་ཁྱེད་རང་གཉིད་ལ་སོང་ལ། ཁོ་བོས་གནས་སྐབས་དགེ་ལྡན་པའི་བསྟན་པ་བསྲུང་མི་ཐུབ་པ་མིན་འདུག །ཅེས་གསོལ་འདེབས་སླར་ཡང་མཛད་པའི་དབང་གིས་དོལ་རྒྱལ་དེའི་རིང་ཡུན་རིང་གྱི་གཉིད་ཉལ་ནས་བསྡད་པ་ཡིན་ནམ། དོལ་རྒྱལ་གྱི་ལོ་རྒྱུས་རྟོག་བཟོ་ཅན་ཡོངས་གྲགས་དེར་ཡིད་ཆེས་བྱེད་མི་རྣམས་དང་། གཞན་ལའང་དེ་ལྟར་བསྒྲགས་མཁན་རྣམས་སམ། དེ་དག་གི་རྗེས་འབྲང་སུ་ཡོད་ནའང་རུང་། གོང་གི་ཁོ་བོས་སྨྲས་པ་ལྟར་མིན་པའི་ལོ་རྒྱུས་ཁུངས་ལྡན་གྱི་དྲང་པོའི་ལན་ཡོད་ན་ད་སྨྲོས་ཤིག
ཆོས་མིན་ཆོས་སུ་རློམ་པའི་དམ་ཉམས་རྣམས། །ལྷ་གསོལ་འདྲེ་གསོལ་རང་དབང་ཡོད་བཞིན་དུ། །
ཆོས་དད་བཙན་འཕྲོག་འཆལ་གཏམ་སྣ་ཚོགས་སྤེལ། །བླ་མ་སྤངས་ནས་འདྲེ་བཟུང་ངང་ཚུལ་སྐྱོ། ཞེས་པ་ནི་བར་སྐབས་ཀྱི་ངལ་གསོའི་ཚིགས་སུ་བཅད་པའོ། །
དེ་ལྟར་དོལ་རྒྱལ་གྱི་ལོ་རྒྱུས་ལ་རྟོག་བཟོ་ཇི་ལྟར་བྱས་ཏེ་ཡིད་ཆེས་ནས་མང་དག་དེར་མགོ་བོ་འཁོར་བ་ལྟར་མ་འོངས་པར་ཡང་དེ་ལྟ་བུ་ཡོང་མི་སྲིད་པ་མིན་པས། བསྟན་པའི་འཁུར་འཛིན་རྣམས་ནས་གང་བྱུང་བྱུང་དུ་རང་གི་སྐྱེ་ལྷ་ཡུལ་ལྷ་ལྟ་བུར་སྤྲེ་ལད་ཀྱིས་བསྟོད་དྲག་ན། དོལ་རྒྱལ་ལྟ་བུ་རྒྱུན་མ་ཆད་པར་འབྱུང་བར་ཉེ་ཞིང་། དེས་མི་ཤེས་པ་ཕྱོགས་རིས་ཅན་མང་པོའི་སྐྱབས་འགྲོ་ཡང་སྟོང་པར་ངེས་པས་ཀུན་གྱིས་གཟབ་དགོས་ཞེས་སྙིང་ནས་སྐུལ་ལོ། །
གཞན་ཡང་དོལ་རྒྱལ་དགེ་ལྡན་པའི་ཆོས་སྲུང་ངོ་མ་ཞིག་ཡིན་ན། ཆོས་བརྒྱུད་གཞན་རྣམས་ཀྱིས་འདྲེར་ཡང་མི་བལྟ། རང་ལ་གསོལ་མཆོད་བྱེད་མི་ཚོར་གཏོར་མ་དང་། འཕྲིན་བཅོལ་ཆད་པ་ཙམ་གྱིས་གནོད་པ་ཡང་མི་བྱེད། ཆོས་བྱེད་རང་ལ་གསོལ་མཆོད་བྱེད་མི་རྣམས་རང་དང་བླ་མ་གཉིས་ལས་རང་ཉིད་མ་སྤངས་པར་བླ་མ་སྤངས་པའི་ལས་ངན་ལ་དག་པ་ཡང་མི་སྟེར། དགེ་ལྡན་པའི་བསྟན་སྲུང་དུ་བརྫུས་ཏེེ། དགེ་ལྡན་པའི་དམ་ཉམས་པའི་ཕྱོགས་དང་། དགེ་ལྡན་པའི་བསྟན་འཛིན་ཀུན་གྱི་གཙུག་གི་ནོར་བུ་༸རྒྱལ་དབང་ཡིད་བཞིན་ནོར་བུར་ཡང་མི་འཁོན། གཞན་རྣམས་ཀྱང་དོལ་རྒྱལ་རང་གི་ཆེད་བླ་མ་སྤངས་པ་དང་། བླ་མར་བརྙས་སྨོད། བསླབ་བྱར་ཁྱད་གསོད་སོགས་ཀྱི་སྡིག་པ་མི་བཟད་པ་ལ་མི་སྦྱོར། རང་ལ་གསོལ་མཆོད་བྱེད་པོ་ཀུན། ཡང་ན་གྲྭ་ལོག ཡང་ན་རྒྱ་དམར་གྱི་རྒྱུག་ཁྱི། ཡང་ན་རྒྱལ་འཚོང་པ། ཐམས་ཅད་ཀྱང་དམ་ཉམས་པར་གྱུར་ཟིན་པ་ལ་འགྱོད་པ་དང་། དེ་དག་གི་འབྱུང་འགྱུར་གྱི་སྡུག་བསྔལ་ལ་བསམས་ཏེ་དེ་དག་ལ་སྙིང་རྗེའི་བསམ་པ་སྤུ་ཙམ་ཡང་མེད་པ་དང་། སངས་རྒྱས་ཀྱི་བསྟན་པ་ལྷ་གསོལ་འདྲེ་གསོལ་ལ་འགྱུར་ནས་ཉམས་གྱུར་གྱི་ཚུལ་ལ་སེམས་ཚབས་ཅུང་ཟད་ཀྱང་མེད་པ་སོགས་ཀྱི་རྒྱུ་མཚན་རྣམས་ལ་བསམ་ན། དོལ་རྒྱལ་འདྲེ་ཡིན་པའི་ཚུལ་ལ་ངེས་པ་བརྟན་པོ་འདྲེན་པར་འགྱུར་རོ། །
དེ་ལྟ་༸གོང་ས་ལྔ་པ་ཆེན་པོས་ཐུགས་ལ་དོལ་རྒྱལ་འཇམ་དབྱངས་དྲག་ཏུ་ཁྲོས་པ་ཡིན་པ་མི་མཁྱེན་པའི་དབང་གིས་དྲག་པོའི་ལས་སྦྱོར་མཛད་པ་དེ་ཡང་དོལ་རྒྱལ་གྱི་ཆེ་བ་འདོན་འདོད་ནས་ཡིན་པ་དང་། དེ་རྗེས་དོལ་རྒྱལ་གྱི་བསྟོད་པ་མཛད་པ་དང་། དོལ་རྒྱལ་གྱི་སྐུ་༸གོང་ས་ལྔ་པའི་ཕྱག་བཟོ་ཅན་ཡང་ཡོད་ཅེས་པ་རྣམས་མི་འཐད་དེ། དེ་ལྟར་ན་༸གོང་ས་ལྔ་པའི་རྣམ་ཐར་རམ། དེའི་དུས་ཀྱི་ཚད་ཐུབ་ཀྱི་བླ་མ་གཞན་གང་རུང་ཞིག་གི་གསུང་དུ་དེ་ལྟར་དོལ་རྒྱལ་དྲག་ཏུ་ཁྲོས་པའི་ཚུལ་དེ་ཅི་སྟེ་བདེན་ན་ངེས་པར་ཡོད་དགོས་པ་ལས་དེ་ལྟར་གང་དུའང་མི་སྣང་བའི་ཕྱིར། དེ་ལྟར་ངེས་པར་ཡོད་དགོས་ཏེ། དོལ་རྒྱལ་དྲེགས་པར་འཆར་བའི་ཚུལ་ཡང་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་རྗེའི་བསྟན་པ་བསྲུང་བའི་བསྟན་སྲུང་དུ་བཞེངས་པ་ཡིན་ན། དྲེགས་པར་བཞེངས་དུས་དང་དུས་མཚུངས་ཀྱི་དགེ་ལྡན་པའི་བསྟན་འཛིན་གཅིག་གིའང་གསུང་གང་རུང་ཞིག་ཏུ་གནད་དོན་གལ་འགངས་ཤིན་ཏུ་ཆེ་བ་འདི་ལྟ་བུ་དེ་ངེས་པར་སྣང་དགོས་ཀྱི་འདི་ལྟ་བུའི་གནས་ཚུལ་ནི་རང་དགར་དོར་དུ་མི་རུང་བ་དེའི་ཕྱིར།
དེ་ལྟ་བུའི་དོལ་རྒྱལ་གྱི་ཆོས་འབྱུང་ནི་གྲགས་རྒྱན་འདས་གྲོངས་སོང་ནས་ཕྱིས་སུ་ལོ་ངོ་སུམ་བརྒྱ་ལ་ཉེ་བའི་རྗེས་སུ་བྱུང་བ་ལས། གྲགས་རྒྱན་འདས་གྲོངས་ཀྱི་སྐབས་ཉིད་ནས་མ་བྱུང་བ་རྒྱུ་མཚན་གང་ལ་ཐུག དེ་ཡང་སོག་པོ་རྟ་དབྱངས་དང། ཀིརྟི་བློ་བཟང་འཕྲིན་ལས་སོགས་ཀྱི་སྐབས་ནས་ཏེ། ༸སྐྱབས་རྗེ་ཕ་བོང་ཁའི་གོང་ཙམ་ཉིད་ནས་དོལ་རྒྱལ་དགེ་ལྡན་པའི་བསྟན་སྲུང་དུ་གྲགས་པ་ནི་དོལ་རྒྱལ་གྱི་གཡོ་སྒྱུའི་ཐབས་དང་། བླ་མ་དེ་དག་གི་མཛད་པ་བར་ཆད་ཀྱི་དབང་དུ་སོང་བ་སྟེ། མདོར་ན་སྒྲོ་བཏགས་ཀྱི་དབང་ལས་དེ་ལྟར་དུ་གྲགས་པ་བྱུང་ཡང་། དྲེགས་པར་སྐྱེས་ནས་མི་ལོ་སུམ་བརྒྱ་ལ་ཉེ་བའི་རིང་དགེ་ལྡན་པའི་ཁྲོད་ཉུང་ཤས་གཅིག་གིས་མ་གཏོགས་བསྟེན་མཁན་མེད་པ་བདག་མེད་དུ་ལུས་པའི་ལོ་རྒྱུས་ལ་བསམ་ན་ཁོ་དགེ་ལྡན་པའི་བསྟན་སྲུང་མིན་པ་དོན་གྱིས་གྲུབ་བོ།
དོལ་རྒྱལ་རྗེའི་བསྟན་པ་སྲུང་བར་བསམ་བཞིན་སྐྱེ་བ་བླངས་ན་ལོ་ངོ་དེ་ཙམ་གྱི་རིང་རྗེའི་བསྟན་པ་འཛིན་པའི་བསྟན་འཛིན་རྣམས་ཀྱིས་བདག་གཉེར་མ་མཛད་པ་དང་། ལྷག་པར་བཀྲ་ཤིས་ལྷུན་པོའི་ནང་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བཀག་ནས་འགྲོར་མི་གནང་བ་དང་། དེ་ནས་སེ་འབྲས་སོགས་སུའང་བདག་པོ་བྱེད་མཁན་གྱི་རེ་བ་ཟད་དེ། ས་སྐྱར་ཕྱིན་ནས་ང་དགེ་ལྡན་པའི་དམ་སྲི་ཡིན་ཞེས་སྨྲ་དགོས་དོན་ཅི་ལ་ཐུག ཁོ་བོ་ལྟར་ན་ཚིག་དེའི་དོན་ནི་འདི་ལྟར་ཏེ། དགེ་ལྡན་པའི་དམ་པར་བརྫུས་པའི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་བདག་དགེ་ལྡན་པའི་བླ་མ་དམ་པ་རྣམས་དང་། ལྷག་པར་རང་གི་རྩ་བའི་བླ་མ་༸གོང་ས་ལྔ་པ་ཆེན་པོར་འགྲན་སེམས་དང་། འཕྲག་དོག། དེ་བཞིན་རང་གི་མ་གཡོ་སྒྱུ་ཅན་གྱི་བྱེད་པ་ལས་ཁོ་བོའི་མདུན་ལམ་བཟང་པོ་ཤོར་ཏེ། ད་ལྟ་སྲིར་སྐྱེས་ནས་ཡོད་པས་ན། སྔར་དགེ་ལྡན་པའི་དམ་པར་བརྫུས། ད་ལྟ་རང་གི་བླ་མ་དང་དེའི་ཞབས་འབྲིང་པ་རྣམས་དང་། གཞུང་དགའ་ལྡན་ཕོ་བྲང་དང་དམ་ཚིག་ལོག་པའི་ཡི་དྭགས་གི་རྣམ་པར་སྐྱེ་བའི་སྲི་ཡིན་པས། བདག་ལ་གཏོར་མ་ཐུགས་རྗེས་གནང་པ་ཞུ་ཞེས་ཞུས་པ་ལ་གོ་དགོས་སོ། །
ཡང་༸གོང་ས་ལྔ་པ་ཆེན་པོས་ཕྱིས་སུ་དོལ་རྒྱལ་གྱི་ངོ་བོ་དམ་པར་མཁྱེན་རྗེས་དོལ་རྒྱལ་གྱི་བསྟོད་པ་མཛད་ཅེས་པ་བདེན་ན། དྲག་པོའི་ལས་སྦྱོར་མཛད་པ་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ནང་སྣང་ལ། དེ་ལས་གལ་ཆེ་བ་གཞན་དྲེགས་པར་བཞེངས་པའི་ཚུལ་དང་། དེ་བཞིན་བསྟོད་པ་དང་སྐུ་བཞེངས་པའི་སྐོར་དེ་བས་ཀྱང་མེད་པས་ཡིད་ཆེས་པར་དཀའ་བའི་གནས་ཁོ་ནར་ཟད།
ཡང་༸རྒྱལ་དབང་ལྔ་པ་ཆེན་པོ་མཛད་འཕྲིན་ཆེ་བས་དེ་ལྟར་ཐུགས་ཁོམ་མ་བྱུང་ཟེར་རུང་མི་འཐད་དེ། ༸རྒྱལ་བ་རང་ཉིད་ཀྱི་ཕྱག་བཟོ་ཅན་གྱི་སྐུ་ཡོད་པར་སྨྲས་ཏེ་དུས་ཁོམ་ལྷུག་པོ་ཡོད་པར་འདོད་པ་དང་། དེ་ལས་ཀྱང་གལ་གནད་ཆེ་བའི་ལོ་རྒྱུས་ཀྱི་བྱུང་བ་རང་གི་རྣམ་ཐར་ནང་ཤོག་གྲངས་གཅིག་གཉིས་ཙམ་ཡང་འགོད་པའི་དུས་ཁོམ་མེད་པ་གཉིས་ཀྱང་འགལ་བའི་འཁུར་ཆེན་དུ་སྣང་ངོ་། །
ཡང་ཕ་རྒོད་བླ་མའི་ཞལ་གྱི་བདུད་རྩི་ལས་དོལ་རྒྱལ་གྱིས་༸པཎ་ཆེན་བསྟན་པའི་དབང་ཕྱུག་གིས་རྙིང་མ་མཛད་པ་དང་། དོལ་རྒྱལ་དམ་དྲག་བྱས་པས་ཀྱང་རྐྱེན་བྱས་པར་བསྙད་དེ་༸པཎ་ཆེན་བསྟན་པའི་དབང་ཕྱུག་ཀྱང་སྐུ་བཀྲོངས་པ་བརྗོད་འདུག་ན། དོལ་རྒྱལ་གྱིས་རང་ཉིད་སྤྲུལ་སྐུ་གྲགས་རྒྱན་ཡིན་དུས་ཀྱི་རང་གི་རྩ་བའི་བླ་མ་༸པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཡང་སྲིད་དེ་ཡང་སྐུ་བཀྲོངས་པ་དང་། ཡང་༸གཏེར་བདག་འགྱུར་མེད་གླིང་པའི་རྣམ་ཐར་ལྟར་དོལ་རྒྱལ་གྱིས་༸རྒྱལ་བ་ལྔ་པའི་སྐུར་མཐོ་འཚམ་པ་བྱས་པ་དྲག་པོའི་ལས་སྦྱོར་གྱི་རྗེས་༸གོང་ས་ལྔ་པ་ཆེན་པོའི་སྙུང་གཞི་ཡང་དང་བ་དང་། ཡང་ལྔ་པ་ཆེན་པོའི་རྣམ་ཐར་ལྟར་དོལ་རྒྱལ་གྱིས་རྣམ་རྒྱལ་གྲྭ་ཚང་གྱི་དགེ་འདུན་པ་རེ་གཉིས་དང་། སྡེ་སྲིད་བསོད་ནམས་རབ་བརྟན་ཡང་ཆོ་འཕྲུལ་གྱི་མཐུས་སྐུ་བཀྲོངས་པ་དང་། གནས་ཆུང་གི་བཀའ་ལུང་དང་གཞན་དོལ་རྒྱལ་རྗེས་འབྲང་པར་ཡང་གྲགས་པའི་དོལ་རྒྱལ་༸རྒྱལ་བ་ལྔ་པས་གཏན་ལ་ཕབ་པའི་གཞུང་དགའ་ལྡན་ཕོ་བྲང་དང་འཁོན་པའི་ཚུལ་དང་། ཡང་༸སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་ལྟར་དོལ་རྒྱལ་གྱིས་༸གོང་ས་བཅུ་གསུམ་པའི་དགོངས་པ་རྗོགས་དུས་སྔོན་ནས་ཤེས་ཏེ་དེའི་ལུང་སྐད་གསང་མཐོན་པོས་སྨྲས་པ་སོགས་ཀྱི་གནས་ཚུལ་རྣམས་ལ་ཞིབ་ཏུ་བསམ་ན། དོལ་རྒྱལ་གྱིས་རང་གི་རྩ་བ་བླ་མ་གཅིག་གི་ཡང་སྲིད་དེ་སྐུ་བཀྲོངས་པ་དང་། ཡང་རྩ་བའི་བླ་མ་གཞན་དེའི་ཞབས་འབྲིང་པའི་གཙོ་བོ་དེ་དང་འཁོར་དགེ་འདུན་རེ་གཉིས་ཀྱང་སྐུ་བཀྲོངས་པའི་ཚུལ་རྣམས་ཀྱིས་ཁོ་དམ་སྲི་ཡིན་པའི་ཚུལ་ནི་སྨྱོན་དུ་མེད་ཀྱང་། དོལ་རྒྱལ་རྗེས་འབྲང་པས་དོལ་རྒྱལ་གྱིས་སྤྲུལ་སྐུ་གྲགས་རྒྱན་གྱི་རྩ་བའི་བླ་མའི་ཡང་སྲིད་ཀྱང་སྐུ་བཀྲོངས་པའི་ལོ་རྒྱུས་ཤིན་ཏུ་སྨད་པར་འོས་པ་དེ་ཡང་དེ་དྲེགས་པ་ཚད་ཐུབ་ཏུ་འཛིན་ཏེ་དེའི་ཆེ་བར་སྨྲ་བ་ནི་བཞད་གད་ཀྱི་གནས་ཁོ་ནར་ངེས་སོ། །
ཤེས་ལྡན་ཞིག་ཡིན་ན་རགས་བསྡུས་ཙམ་བསམས་པས་ཀྱང་ནི་དེ་འདྲའི་དྲེགས་པ་དེ་འདྲེ་ཡིན་མིན་གྱི་ཐེ་ཚོམ་ངེས་པར་སྐྱེ་བར་འགྱུར་གྱི། དེ་ལས་ལྡོག་སྟེ་དེ་འདྲའི་བྱ་ངན་རྣམས་བསྟན་སྲུང་ཡིན་པའི་སྒྲུབ་བྱེད་དུ་སྨྲ་བ་ནི་ཟེར་རྒྱུས་ཕོངས་པ་ཁོ་ནར་ཟད་དོ། །
ཡང་དོལ་རྒྱལ་དམ་དྲག་མཛད་པའི་དབང་གིས་ཁྱེད་ཅག་གིས་༸རྒྱལ་དབང་བཅུ་བཞི་པ་ཆེན་པོ་༸རྒྱལ་བའི་ཡང་སྲིད་མིན་པར་བསྒྲགས་པ་ལྟར་ན། ༸གོང་ས་ལྔ་པ་ཆེན་པོའང་དོལ་རྒྱལ་ལ་དྲག་པོའི་ལས་སྦྱོར་མཛད་མཁན་ཡིན་པས་ན་༸རྒྱལ་བའི་སྐུ་ཕྲེང་མིན་པར་འགྱུར་ལ། དེ་ལྟར་ན་༸སྐྱབས་རྗེ་ཕ་བོང་ཁ་དང། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་གཉིས་ཀས་ཀྱང་༸གོང་ས་ལྔ་པ་ཆེན་པོའི་གསུང་གསང་བ་རྒྱ་ཅན་གསན་འདུག་པ་དང། རྣམ་གཉིས་ཀས་ཀྱང་ལམ་རིམ་འཇམ་དཔལ་ཞལ་ལུང་གསན་ཞིང་གཞན་དག་ལའང་འཆད་པས་ན། བླ་མ་རྣམ་གཉིས་ཀྱིས་༸རྒྱལ་བ་ལྔ་པ་ཆེན་པོར་སངས་རྒྱས་དངོས་ཀྱི་འདུ་ཤེས་འཇོག་སར་ཁྱེད་ཅག་སྐུར་བ་འདེབས་པ་༸སྐྱབས་རྗེ་རྣམ་གཉིས་ཀྱི་བརྒྱུད་པ་འཛིན་མཁན་ངོ་མ་མིན་པ་ཤིན་ཏུ་ནས་གསལ་ལོ། །
འོ་ན་ཁྱེད་ཏཱ་ལའི་བླ་མའི་རྗེས་འཇུག་ཚོས་ཀྱང་༸སྐྱབས་རྗེ་རྣམ་གཉིས་ལ་སྐུར་བ་མི་འདེབས་སམ་སྙམ་ན། གསུང་ཚད་ཚད་མར་མི་བྱེད་ཀྱང་མ་དད་པ་མེད་ཅིང་། ༸སྐྱབས་རྗེ་བླ་མ་ཡབ་སྲས་ཀྱི་ཐུན་མོང་གདུལ་བྱའི་བསོད་ནམས་ཞན་སྟབས་ལས་བྱུང་བའི་མཛད་པའི་ཟུར་གཅིག་སྟེ་དོལ་རྒྱལ་དང་འབྲེལ་བའི་གསུང་རྣམས་ལ་ལུང་རིགས་དུ་མས་གནོད་པ་དང། བསྟན་པ་སྤྱིའི་ཚུལ་དང་མི་མཐུན་པས་ཁས་མི་ལེན་ཡང་། བླ་མ་རྣམ་གཉིས་ཀྱི་གསུང་གཞན་རྣམས་གུས་པས་སྤྱི་བོར་ལེན་བཞིན་པ་ལ་འགལ་བ་མེད་དེ། གསེར་གླིང་པ་དང་ཇོ་བོ་རྗེའི་རྣམ་ཐར་ལྟར་དང། རྗེ་བདག་ཉིད་ཆེན་པོས་ཀྱང་བོད་ཀྱི་སྔ་རབས་པའི་ལུགས་འཛིན་པའི་རང་གི་དངོས་བརྒྱུད་ཀྱི་བླ་མ་རྣམས་ལ་སྙིང་ནས་དད་ཀྱང། དེ་དག་གི་གསུང་ཚད་ཞལ་གྱིས་མི་བཞེད་ཅིང། ལེགས་བཤད་གསེར་ཕྲེང་དུ་རྒྱ་གར་གྱི་མཁས་པ་སྔ་མའི་གསུང་མི་འཐད་པ་རྣམས་ལ་དཔྱད་པ་མཛད་དེ་ཞལ་གྱིས་བཞེས་དཀའ་བའི་དོན་རྣམས་ལ་པཎྜི་ཏ་མཉམ་པར་མ་བཞག་པའི་ཚིག་ཅེས་གསུངས་པ་ལྟར་བླ་མའི་གསུང་ལའང་བསྟན་པ་སྤྱི་དང་། རིགས་པ་ཡང་དག་དང་མཐུན་མ་མཐུན་བརྟག་ཅིང་འཇུག་ལྡོག་བྱེད་དགོས་པ་གནད་ཀྱི་དམ་པའོ་ཞེས་སྨྲའོ། །
བོད་གངས་ཅན་གྱི་ལྗོངས་འདིར་སངས་རྒྱས་ཀྱི་བསྟན་པ་སྔ་དར་དང་ཕྱི་དར་སོགས་ཀྱི་འགྱུར་སྔ་ཕྱིའི་ཐ་སྙད་ཀྱི་ཁྱད་པར་དང། བླ་མ་སོ་སོའི་མན་ངག་རྩལ་དུ་འདོན་ལུགས་མི་འདྲ་བ་ཙམ་ལས་དོན་ལ་ཁྱད་པར་མེད་རུང། ཁྱེད་ཅག་དོལ་རྒྱལ་རྗེས་འབྲང་པ་རྣམས་དགེ་ལྡན་པར་རློམས་ཏེ་བོད་ཀྱི་ཆོས་བརྒྱུད་གཞན་གྱིས་འདྲེ་གདུག་པ་ཅན་དུ་ངོས་འཛིན་མཛད་ཅིང་གཞི་བདག་གི་གཏོར་བསྔོའི་ཡུལ་དང་། དྲག་པོའི་ལས་སྦྱོར་གྱིས་ཟིལ་གྱིས་གནོན་ཡུལ་དེ། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྣམ་རོལ་དགེ་ལྡན་པའི་ཐུན་མོང་མིན་པའི་ཆོས་སྲུང་ཡིན་ཞེས་སྨྲ་བ་ལ་ཤེས་ལྡན་ཞིག་ཡིན་ན་ངོ་ཚ་དགོས་པ་ལས་ཁྱེད་ཅག་ནི་རྨོངས་ཞེན་ཁོ་ནས་བསྒྲིབས་ཏེ་དེ་ལྟར་གང་ཡང་མི་ཚོར་བར་སྙིང་རེ་རྗེ།