ཕྱི་ལོ་ ༢༠༠༦ ཟླ་ ༡༢ ཚེས་ ༢༠ འཕགས་ཡུལ་གྱི་གནས་མཆོག་ཝཱ་རཱ་ཎ་སིར་བྱང་ཆུབ་སེམས་འགྲེལ་དང༌། ལྟ་མགུར་ཨ་མ་ངོས་འཛིན། སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་གསུང་ཆོས་བཀའ་དྲིན་སྐྱོང་སྐབས་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
དོལ་རྒྱལ་གྱི་དཀའ་རྙོག་ནི་ྋགོང་ས་ལྔ་པ་ཆེན་པོའི་སྐབས་བྱུང་བ་དང༌། དཀའ་རྙོག་འདིའི་འབྱུང་རྐྱེན་ཐུགས་རྒྱུས་ཆེ་ཤོས་མངའ་མཁན་ྋགོང་ས་ལྔ་པ་ཆེན་པོ་ཡིན། བོད་གངས་ཅན་ལྗོངས་ལ་བཀའ་དྲིན་གྱི་བདག་ཉིད་ྋགོང་ས་ལྔ་པ་ཆེན་པོ་ནི་དཔོག་པར་དཀའ་བའི་མཁྱེན་སྟོབས་མངའ་བ་ཞིག་ཡིན་པས་བླ་མ་བླུན་པོ་ཞིག་གཏན་ནས་མིན། བླ་མ་ཁོང་ནི་ཐུགས་རིག་ཧ་ཅང་གྲུང་པོ་དང༌། གནས་ལུགས་ཚང་མ་གསལ་པོར་མཁྱེན་མཁན་ཞིག་ཡིན། ཁོང་འཇིག་རྟེན་ཕལ་པ་ལྟར་ཆགས་སྡང་རགས་པའི་སྐྱོན་ཡོད་མཁན་ཞིག་ཡིན་ན་གནས་ཚུལ་ཐ་དད་ཡིན་ཡང༌། ྋགོང་ས་ལྔ་པ་ཆེན་པོ་ནི་དེ་འདྲའི་བླ་མ་ཞིག་གཏན་ནས་མིན། ཁོང་ནི་གནས་བརྟན་འདུལ་བ་འཛིན་པ་སྤྱི་སྒོས་ཀྱི་བསྟན་པ་ཡོངས་རྫོགས་ཐུགས་ལ་མངའ་བའི་སྒོ་ནས་བོད་གངས་ཅན་གྱི་བསྟན་དང་འགྲོ་བ་རྗེས་སུ་འཛིན་མཁན་བཀའ་དྲིན་གྱི་བདག་ཉིད་ཅན་ཞིག་ཡིན། ངེས་པ་དོན་གྱི་དབང་དུ་བྱས་ན་ྋགོང་ས་ལྔ་པ་ཆེན་པོ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་འཕྲིན་ལས་ཀྱི་སྤྲུལ་པ་ཡིན་པ་དང༌། ཆོས་རྒྱལ་བཀའ་དྲིན་ཅན་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཡིན་པ་ལུང་རིགས་གཉིས་ཐད་ནས་གསལ་པོ་ཡོད།
ཆོས་རྒྱལ་བཀའ་དྲིན་ཅན་ནས་སློབ་དཔོན་ཐུགས་རྗེ་ཅན་དང༌། མཁན་ཆེན་ཞི་བ་འཚོ་བོད་དུ་སྤྱན་དྲངས་ནས་བསྟན་པའི་སྦྱིན་བདག་ཞུས་ཏེ་བསྟན་སྲིད་རྩ་བ་བཙུགས་ནས་བོད་གངས་ཅན་པ་ཐུགས་རྗེས་འཛིན་པའི་བཀའ་དྲིན་གྱི་བདག་ཉིད་ཅན་ཡིན། དེ་འདྲའི་ཐུགས་བསྐྱེད་སྨོན་ལམ་དང་སྐྱེས་པའི་རབས་ཀྱི་འཕྲེང་བ་འཛིན་པའི་བླ་མ་འདི་ལ་ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་དོན་དམ་གྱི་རྟོགས་པ་ཡོད་ངེས་ཀྱི་ཚད་ཐུབ་ཀྱི་སྐྱེས་བུ་ཞིག་ཡིན་པ་ལས། ཞལ་རྫུན་གསུང་མཁན་གྱི་བླ་མ་ཞིག་གཏན་ནས་མིན་པ་གསལ་པོ་ཡིན། ྋགོང་ས་ལྔ་པ་ཆེན་པོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ནང་དོལ་རྒྱལ་གྱིས་ནག་པོའི་ཆོ་འཕྲུལ་བྱུང་བར་དྲག་པོ་མངོན་སྤྱོད་མཛད་པའི་ལོ་རྒྱུས་དང་གཟུ་དཔང་ཡོད་པ་གསལ་པོ་འཁོད་ཡོད། གཟུ་དཔང་དེ་གསུང་ད་པའི་ནང་ཡོད་པ་དང༌། དེའི་མཚན་བྱང་གི་འགོ་བརྗོད་གླེང་གཞིའི་ནང་ལགས་ཨ་རྒྱལ་གྱི་འཕྲུལ་ལ་བརྟེན་ནས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་བརྫུས་མ་ལམ་དུ་སོང་བ་སྨོན་ལམ་ལོག་པའི་དམ་སྲིར་གྱུར་ཏེ་སྐྱེ་འགྲོ་མང་པོར་གནོད་ཅིང་འཚེ་བའི་ནག་པོའི་ཆོ་འཕྲུལ་བྱུང་བར་དྲག་པོ་མངོན་སྤྱོད་མཛད་པ་ཡིན་ཞེས་གསུངས་ཡོད། དངོས་གཞིའི་གཟུ་དཔང་ནང་འཕྲིན་བཅོལ་ཤོ་ལོ་ཀ་ཁ་ཤས་ཡོད་པ་དེའི་འཕྲིན་བཅོལ་ནང༌།
དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །
བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག ། ཅེས་བཀོད་གནང་སྟེ་དཔལ་མགོན་ཕྱག་དྲུག་པ་དང༌། འདོད་ཁམས་བདག་མོ། རྒྱལ་པོ་སྐུ་ལྔ། བསེ་ཁྲབ་པ། ཙིའུ་དམར་བ་སོགས་ཀྱི་མཚན་སྨོས་ཏེ་འཕྲིན་བཅོལ་གྱི་གཟུ་དཔང་མཛད་འདུག ཚིག་གཞི་དེ་དག་ནི་ཁ་གསལ་ལ་ནན་པོ་ཡོད་པ་ཤ་སྟག་ཡིན།
ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༡ ཚེས་ ༡༡ ཉིན་རྒྱ་གར་ལྷོ་ཕྱོགས་སེ་ར་ཆོས་སྒར་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་འབྲེལ་གནང་སྐབས་རྒྱ་གར་ལྷོ་ཕྱོགས་རིས་མེད་ཆོས་སྡེ་ཁག་གི་མཁན་པོ་ལས་ཟུར་དང༌། བླ་སྤྲུལ། དགེ་འདུན་འདུས་པ་རྒྱ་མཚོ། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་དང༌། ནང་སྲིད་དྲུང་ཆེ། མངའ་ཁུལ་དེའི་ས་གནས་འགོ་འཛིན་སོགས་འགན་ཁུར་བ་དང༌། སྤྱི་སྒེར་ཚོགས་སྡེ་ཁག་དང་སེར་སྐྱ་མི་མང་བཅས་ལ་དོལ་རྒྱལ་སྐོར་བཀའ་སློབ་སྩལ་བ།
ངེས་པར་བསམ་བློ་ནན་པོ་གཏོང་དགོས་པ་ནི། དོལ་རྒྱལ་ལམ་ཤུགས་ལྡན་གྱི་ངོ་བོ་གང་ཡིན་གྱི་གནས་ཚུལ་འདི་ཡིན། དོལ་རྒྱལ་རྗེས་འབྲངས་པ་ཚོས་འདུལ་འཛིན་གྲགས་པ་རྒྱལ་མཚན་དྲག་པོའི་བསྐུར་བཞེངས་པའི་རྒྱུ་མཚན་ཤོད་ཀྱི་ཡོད། དོལ་རྒྱལ་འདུལ་འཛིན་གྱི་སྐུ་སྐྱེ་ཡིན་མིན་གྱི་གནད་དོན་འདི་ནི་དོགས་གཞི་ཆེན་པོ་ཞིག་ཡིན། ཕལ་ཆེར་གནད་དོན་འདི་ད་ལྟ་ང་རང་ཚོའི་ངོར་ཤིན་ལྐོག་ཡིན། གནད་དོན་འདི་ནི་གང་ཟག་ཚད་ལྡན་ཞིག་གི་ངག་ལ་བརྟེན་ནས་དཔྱད་པ་བྱེད་རྒྱུ་ལས་ང་ཚོས་ཐག་གཅོད་བྱེད་རྒྱུའི་གནས་ཚུལ་ཞིག་མིན། ྋགོང་ས་ལྔ་པ་ཆེན་པོ་ནི་མི་སྐྱོ་པོ་ཞིག་གཏན་ནས་མིན།ངོས་ལ་ྋརྒྱལ་བ་རིན་པོ་ཆེའི་མིང་ཡོད་པར་བརྟེན་ཞེན་པ་ཡོད་སྲིད་ཀྱང༌། གཙོ་བོ་བློ་གཟུ་བོར་གནས་པའི་མི་སུ་ལ་སྐད་ཆ་དྲིས་ཀྱང་ྋརྒྱལ་དབང་སྐུ་འཕྲེང་དང་པོ་ནས་བཞི་པ་བར་ལ་ཆེན་པོ་ཞེས་པའི་ཐ་སྙད་འབོད་ཀྱི་མེད། ྋགོང་ས་ལྔ་པ་ལ་མང་ཆེ་བས་ལྔ་པ་ཆེན་པོ་ཞེས་གསུང་གི་ཡོད། དེ་ནི་རང་རེའི་ངག་ལམ་དུ་འཇགས་ཟིན་པའི་ཚིག་ཅིག་ཡིན། ྋགོང་ས་ལྔ་པ་ཆེན་པོ་ནི་བོད་གངས་ཅན་ལྗོངས་ཀྱི་བསྟན་སྲིད་གཙོ་བོར་གྱུར་པའི་ཕྱོགས་གང་ཐད་སྐུ་དྲིན་ཧ་ཅང་ཆེན་པོ་ཡིན་པ་དང༌། མཁྱེན་པ་རྒྱས་ཤིང་བོད་གངས་ཅན་པའི་བཀའ་དྲིན་གྱི་བདག་ཉིད་དུ་གྱུར་པར་བརྟེན་ནས་ལྔ་པ་ཆེན་པོ་ཞེས་མཚན་གསོལ་ཡོད། དེ་བཞིན་གསུང་ལ་མཚོན་ན་ྋགོང་ས་ལྔ་པ་ཆེན་པོའི་གསུང་ཕྱི་མ་དང༌། གསུང་ནང་མ། གསུང་གསང་བ། གསུང་བཀའ་རྒྱ་མ་བཅས་ཡོད་པ་དེ་དག་ཚང་མར་བལྟས་ན་བླ་མ་མཁྱེན་སྟོབས་རྨད་དུ་བྱུང་བ་ཞིག་དང༌། རྩ་གསུམ་ལྷའི་བྱིན་རླབས་འགོག་མེད་དུ་ཡོད་པ། དག་སྣང་དུ་བྱུང་བའི་གསུང་ཁག་ཀྱང་ལྷག་པའི་ལྷ་དབང་པོའི་ཤེས་པར་མི་དང་མི་ཐུག་པ་ལྟར་འཆར་བའི་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད།
བོད་བསྟན་སྲིད་སྤྱིར་ཐུགས་འཁུར་བཞེས་ཚུལ་གྱི་བཀའ་དྲིན་ལ་མཚོན་ན། དུས་ད་ལྟ་མཆོད་རྟེན་མགོ་མཇུག་ལོག་ཀྱང༌། །བང་རིམ་སྐེད་པར་གནས། །ཞེས་པ་ལྟར་བོད་ལ་གནམ་ས་མགོ་རྟིང་ལོག་པ་ལྟ་བུའི་དུས་འགྱུར་གྱི་ཉམ་ཉེས་བྱུང་ཡོད་ཀྱང༌། ད་ལྟ་རང་རེ་འཛམ་གླིང་ཐོག་བོད་སྤྱི་པའི་སྒྲིག་འཛུགས་ཀྱི་དབུགས་ཀྱི་རྒྱུ་བ་མ་ཆད་པར་གནས་པ་འདི་ྋགོང་ས་ལྔ་པ་ཆེན་པོའི་བཀའ་དྲིན་ཡིན། གདན་ས་ཚོར་མཚོན་ནའང་སྤོབས་པ་གཟེངས་སུ་མཐོ་བ་ཡོང་བའི་རྒྱུ་མཚན་གཅིག་ྋགོང་ས་ལྔ་པ་ཆེན་པོས་ཐུགས་བརྩེ་དམིགས་བསལ་གྱིས་བསྐྱངས་པའི་བཀའ་དྲིན་ཏན་ཏན་ཡིན།
རྙོག་དྲའི་ཕྱོགས་ནས་བཤད་ན་ས་སྐྱ་པ་དང༌། ཇོ་ནང་པ། བཀའ་བརྒྱུད་སོགས་ཀྱི་དགོན་པ་འགའ་ཞིག་དགེ་ལུགས་པར་བསྒྱུར་ཡོད། ས་སྐྱའི་མཁན་པོ་སངས་རྒྱས་བསྟན་འཛིན་ཧ་ཅང་གི་མཁས་པ་རེད། ཁོང་གིས་ངོས་ལ་གསུངས་མྱོང་ཡོད། ྋགོང་ས་ལྔ་པ་ཆེན་པོས་ས་དགོན་མང་པོ་དགེ་ལུགས་པར་བསྒྱུར་བར་བརྟེན་དཔལ་ས་སྐྱ་པས་ལྔ་པ་ཆེན་པོར་མོས་པོ་རང་མེད། འོན་ཀྱང་ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་ནས་ལམ་འབྲས་སློབ་བཤད་ཀྱི་ཟིན་བྲིས་མཛད་པ་བརྒྱུད་གསུམ་སྐབས་འཕྲོ་ཅན་དུ་ལུས་པའི་ཞལ་སྐོང་ྋགོང་ས་ལྔ་པ་ཆེན་པོས་མཛད་ཡོད། ལམ་འབྲས་སློབ་བཤད་སྐབས་ྋགོང་ས་ལྔ་པས་ཞལ་སྐོང་མཛད་ཡོད་པར་བརྟེན་དཔལ་ས་སྐྱ་པས་ྋགོང་ས་ལྔ་པ་ཆེན་པོར་མགོ་སྒུར་དགོས་པ་རེད་ཅེས་གསུང་མཁན་ཡོད་ཅེས་གསུངས་མྱོང་ཡོད། གང་ལྟར་ྋགོང་ས་ལྔ་པ་ཆེན་པོ་ཚད་ལྡན་གྱི་སྐྱེས་བུ་ཞིག་ཡིན། ཆོས་སྲིད་གང་གི་ཐད་མཁྱེན་པ་རྒྱས་པོ་བསམ་གྱིས་མི་ཁྱབ་པ་དང༌། ངེས་པའི་དོན་ལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་སྤྲུལ་ཡིན། ཁོང་གིས་གསུངས་པ་ཁག་ལ་ཆ་འཇོག་བྱེད་འོས་པ་ཡིན་སྙམ། ཤིན་ལྐོག་གི་གནད་གཅིག་ྋགོང་ས་ལྔ་པ་ཆེན་པོས་གསལ་བར་བསྟན་པ་དེ་ལ་རང་ཅག་ ནས་ངེས་པར་ཆ་འཇོག་བྱེད་འོས་པ་ཡིན།
གྲགས་པ་རྒྱལ་མཚན་འདུལ་འཛིན་གྱི་ཡང་སྲིད་མིན་པ་ྋགོང་ས་ལྔ་པ་ཆེན་པོས་ཐག་གཅོད་གཙང་མ་གནང་ཡོད། ྋགོང་ས་ལྔ་པ་ཆེན་པོས་མཛད་པའི་གཟུ་དཔང་གི་དབུའི་གླེང་གཞིའི་ནང་གྲགས་པ་རྒྱལ་མཚན་དོལ་རྒྱལ་པོར་གྱུར་རྗེས་འགྲོ་བ་མང་པོར་གནོད་འཚེ་བྱུང་སྟེ་མཐར་དྲག་པོ་མངོན་སྤྱོད་གནང་དགོས་པར་གྱུར་ནས་དེའི་གཟུ་དཔང་མཛད་པ་དེང་སྐབས་འཕྲིན་བསྐུལ་ནང་འདོན་བཞིན་པ་དེ་ཡིན། དེའི་མགོར་ཡིག་ཆུང་མདོར་བསྡུས་ཤིག་ཡོད། དེའི་ནང་གད་ཁ་སའི་ལགས་ཨ་རྒྱལ་གྱི་འཕྲུལ་ལ་བརྟེན་ནས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་བརྫུས་མ་ལམ་དུ་སོང་བ་སྨོན་ལམ་ལོག་པའི་དམ་སྲིར་གྱུར་ཏེ་ཞེས་པའི་ཚིག་འདི་ཡོད། དེའི་དོན་གད་ཁ་ས་ནི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་སྐྱེས་ཡུལ་སྟོད་ལུང་གི་ས་ཆའི་མིང་ཡིན་པ་དང༌། ལགས་ཨ་རྒྱལ་ཟེར་བ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ཨ་མའི་མིང་རེད། ཨ་མ་དེ་འཇོན་པོ་ཞིག་ཡོད་
པས་པཎ་ཆེན་བློ་བཟང་ཆོས་རྒྱན་དང་ཐུགས་འདྲིས་ཡོད་གཤིས། ལགས་ཨ་རྒྱལ་གྱི་འཕྲུལ་ལ་བརྟེན་ནས་ཞེས་ཐབས་ཤེས་ཀྱི་གཞན་དབང་ལ་བརྟེན་ནས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་ཞུ་བ་ནི་པཎ་ཆེན་བསོད་ནམས་གྲགས་པའི་སྐུ་སྐྱེ་ཡིན་པ་རེད། དེའི་ཡང་སྲིད་ལྟ་བུར་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སླེབས་ཡོད་པར་བརྟེན་ྋགོང་ས་ལྔ་པ་ཆེན་པོས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་བརྫུས་མ་ཡིན་པ་དང༌། དེ་ཡང་ལགས་ཨ་རྒྱལ་གྱི་ཐབས་ཤེས་ཀྱི་འཕྲུལ་ལ་བརྟེན་ནས་ཡང་སྲིད་བརྫུས་མ་ལམ་དུ་སོང་བ་ཞེས་གསུངས་ཏེ་འདུལ་འཛིན་གྱི་ཡང་སྲིད་ངོ་མ་མིན་པར་ཐག་གཙང་མ་བཅད་གནང་ཡོད། དེའི་མཇུག་ཏུ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སྨོན་ལམ་ལོག་པའི་དམ་སྲིར་གྱུར་པའི་སྐོར་བཀོད་ཡོད།
དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །
ཅེས་གསུངས་ཏེ་ངོ་བོ་བསྟན་པའི་ནང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་ངོ་མ་མིན་པར་བརྫུས་མ་དང༌། དེ་ཡང་རྐྱེན་ཞིག་གིས་སྨོན་ལམ་ལོག་པའི་དམ་སྲིར་གྱུར་པ་རེད་ཅེས་གསལ་པོ་གསུངས་ཡོད། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སྨོན་ལམ་ལོག་པའི་དམ་སྲིར་གྱུར་ཏེ་བྱ་བ་གང་ཞིག་བྱེད་མིན་སྐོར་གསུང་སྐབས། བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །ཞེས་བསྟན་དང་འགྲོ་བ་ཀུན་ལ་གནོད་འཚེ་བྱེད་ཀྱི་འདུག་ཅེས་གསུངས་པ་དང༌། དེའི་མཇུག་ཏུ། མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །ཅེས་ཚར་གཅོད་དགོས་པ་བསྟན་ཡོད།
ྋགོང་ས་ལྔ་པའི་གསུང་དེ་དག་སྔོན་མ་ངོས་ནས་ཀྱང་ཤེས་ཀྱི་མེད། མཇུག་ཏུ་དོལ་རྒྱལ་ལམ་ཤུགས་ལྡན་སྐོར་གླེང་གཞིའི་སྐད་ཆ་མང་པོ་བྱུང་བ་དང༌། ལྷག་པར་ལྷས་མི་སྐྱོབ་མི་ཐུབ་པར། མིས་ལྷ་སྐྱོབ་དགོས་པའི་དུས་སྐབས་ཤར་ཏེ་དོལ་རྒྱལ་རྗེས་འབྲངས་ཁག་གཅིག་ནས་ལྷ་མི་སྲུང་སྐྱོབ་ཚོགས་པ་ཟེར་བ་བཙུགས་པར་མ་ཟད། ཁོ་པ་ཚོས་ཡིག་ཆ་མང་པོ་ཞིག་བཏོན་པའི་ནང་ྋགོང་ས་ལྔ་པ་ཆེན་པོས་ཤུགས་ལྡན་བསྟེན་གསོལ་གནང་ཚུལ་དང༌། ལྔ་པ་ཆེན་པོས་མཛད་པའི་ཤུགས་ལྡན་གྱི་འཕྲིན་བསྐུལ་ཡོད་ཚུལ་འཁོད་ཡོད། དེ་བཞིན་ངོས་ནས་ཀྱང་ཤུགས་ལྡན་གྱི་འཕྲིན་བསྐུལ་བྲིས་ཚུལ་བཀོད་ཡོད། ངོས་ནས་ཐོག་མར་མ་ཤེས་པ་དང༌། རྐྱེན་མང་པོ་ཞིག་གི་འོག་ནས་དོལ་རྒྱལ་བསྟེན་གསོལ་བྱས་པ་ཡིན། གྲོ་མོར་འཕྲིན་བསྐུལ་ཀྱང་བྲིས་ཡོད། དེ་དག་ངོས་ནས་ནོར་འཁྲུལ་བྱུང་བ་དང༌། ནོར་འཁྲུལ་ནོར་འཁྲུལ་རང་ལ་ངོས་འཛིན་བྱེད་རྒྱུ་ཡིན།
གང་ལྟར་དོལ་རྒྱལ་ཚོགས་པའི་ཡིག་ཆའི་ནང་ྋགོང་ས་ལྔ་པ་ཆེན་པོས་དོལ་རྒྱལ་གྱི་འཕྲིན་བསྐུལ་ཡོད་ཚུལ་བཀོད་ཡོད། ྋགོང་ས་ལྔ་པ་ཆེན་པོའི་གསུང་ཆ་ཚང་བའི་གསུང་འབུམ་ཡོད་པར་བརྟེན་དེ་དག་གཅིག་དང་གཉིས་ཀྱིས་ཞིབ་འཇུག་བྱས་པ་ཡིན། ཞིབ་འཇུག་བྱེད་སྐབས་དོལ་རྒྱལ་ཚོགས་པའི་ཡིག་ཆའི་ནང་བཤད་པའི་འཕྲིན་བསྐུལ་མ་རྙེད་པར་མ་ཟད། ཁོ་པ་ཚོར་མི་དགོས་པའི་གཟུ་དཔང་དེ་རྙེད་པ་རེད། གཟུ་དཔང་ནང་གོང་གསལ་དངོས་དོན་གྱི་གསུང་དེ་ཚོ་ཐོན་ཡོད། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་འཚོ་བའི་སྐབས་ྋགོང་ས་ལྔ་པ་ཆེན་པོ་དང་ཐུགས་ཉེ་པོ་ཡོད་བཟོ་འདུག མཇུག་ཏུ་སྨོན་ལམ་ལོག་པའི་དམ་སྲིར་གྱུར་པ་རེད། མཐའ་མ་ྋགོང་ས་ལྔ་པ་ཆེན་པོས་སྨོན་ལམ་ལོག་པའི་དམ་སྲི་ཡིན་ཞེས་ཐག་བཅད་པ་ཡིན་དུས་ཇི་སྲིད་ྋགོང་ས་ལྔ་པ་ཆེན་པོ་དང་རྟོགས་པ་དོ་མཉམ་པ་ཞིག་ནས་ཚིག་གི་བདག་པོས་ཚིགས་སུ་བཅད་དེ་ྋགོང་ས་ལྔ་པ་ཆེན་པོས་གསུངས་པ་རྣམས་ལ་དགོངས་གཞི་དང༌། དགོས་པ། དངོས་ལ་གནོད་བྱེད་འདི་འདྲ་རེད་ཅེས་ཤོད་མཁན་མ་བྱུང་བར་དུ་ྋགོང་ས་ལྔ་པ་ཆེན་པོས་ཐུགས་ཐག་གང་བཅད་པར་ཆ་བཞག་རྒྱུ་རེད། ྋགོང་ས་ལྔ་པ་ཆེན་པོ་དང་རྟོགས་པ་དོ་མཉམ་པ་ཞིག་ནས་ཐག་བཅད་དེ་གསུང་མཁན་ཡོད་ན་གནས་ཚུལ་ཐ་དད་ཡིན། ད་ལྟ་བར་དུ་དེ་འདྲ་བྱུང་མེད། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་དོལ་རྒྱལ་ཤུགས་ཆེ་བསྟེན་གྱི་ཡོད། ཁོང་ྋགོང་ས་ལྔ་པ་ཆེན་པོ་དང་དོ་མཉམ་པའི་བླ་མ་ཞིག་ཁག་པོ་ཡིན། ས་སྐྱ་པའི་བླ་མ་འགའ་ཞིག་ནས་ཤུགས་ལྡན་བསྟེན་གསོལ་གནང་བའི་ལོ་རྒྱུས་ཡོད་ཀྱང་ཆོས་སྲིད་གང་ཐད་ནས་ྋགོང་ས་ལྔ་པ་ཆེན་པོ་དང་དོ་མཉམ་པ་ཞིག་ཕལ་ཆེར་ཁག་པོ་ཡིན། བོད་སྤྱིའི་བསྟན་སྲིད་འགན་ཁུར་དང་བཀའ་དྲིན་གང་གི་ཆ་ནས་ཡིན་ཡང་ྋགོང་ས་ལྔ་པ་ཆེན་པོ་དང་དོ་མཉམ་པ་ཁག་པོ་ཡིན། གལ་ཏེ་ྋརྒྱལ་བ་སྐུ་གོང་མས་ཚིག་གི་བདག་པོས་ཚིགས་སུ་བཅད་དེ་ཡོད་ན་བསམ་བློ་གཏོང་དགོས་པ་ཡིན། སྐུ་གོང་མས་དེ་ལྟར་གནང་རྒྱུ་ལས་ལྡོག་སྟེ་ྋགོང་ས་ལྔ་པ་ཆེན་པོས་ཐག་གཅོད་གང་གནང་བ་དེའི་ཐོག་ཕེབས་ཡོད།
རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་དེ་སྔོན་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་ྋརྒྱལ་བ་སྐུ་གོང་མས་སྐུ་ཚེའི་སྟོད་ལ་གཟིགས་པ་ཆེན་པོ་གནང་སྟེ། ལོ་རེའི་རྨེ་རུའི་དཔྱིད་ཆོས་དགའ་ལྡན་ཁྲི་པས་གནང་སྲོལ་ཡོད་ཀྱང༌། སྐབས་ཤིག་ལ་ྋརྒྱལ་བ་སྐུ་གོང་མས་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་གསུང་ཆོས་གནང་དུ་བཅུག་ཡོད། ཕ་བོང་ཁ་རིན་པོ་ཆེ་ནི་བླ་མ་ཆེ་ཁག་གྲས་མིན། འོན་ཀྱང་སྐུ་གོང་མས་ཕ་བོང་ཁ་རིན་པོ་ཆེར་སྐུ་ཚེའི་སྟོད་ལ་གཟིགས་པ་ཆེན་པོ་གནང་བ་དང༌། ཐུགས་རེ་གནང་ཡུལ་གྱི་བླ་མ་ཞིག་ཡིན། འོན་ཀྱང་དེ་རྗེས་ྋརྒྱལ་བ་སྐུ་གོང་མས་བཀའ་ནན་གནང་ཡུལ་ཞིག་ཏུ་གྱུར་ཡོད། དེ་དག་ནི་ྋསྐྱབས་རྗེ་ཕ་བོང་ཁ་རང་ཉིད་ཀྱི་རྣམ་ཐར་དྲུང་ཡིག་བློ་བཟང་རྡོ་རྗེས་བྲིས་པ་བོད་ནས་པར་བརྒྱབ་པའི་ནང་འཁོད་ཡོད། དེའི་རྒྱུ་རྐྱེན་ནི་དོལ་རྒྱལ་ལམ་ཤུགས་ལྡན་ཁྱབ་སྤེལ་གནང་བའི་གནས་ཚུལ་ཁག་ྋརྒྱལ་བ་སྐུ་གོང་མའི་དགོངས་པར་མ་འཇུག་པར་མ་ཟད། ཐ་མ་དོལ་རྒྱལ་བསྟེན་གསོལ་ཤུགས་ཆེ་ཁྱབ་སྤེལ་གནང་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་གྱི་རེད་ཅེས་བཀའ་ནན་མཛད་པའི་ལོ་རྒྱུས་ཡོད།