རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀཿདཔལ་ངུར་སྨྲིག་གར་རོལ་སྐྱབས་གཅིག་ཕ་བོང་ཁ་བདེ་ཆེན་སྙིང་པོ་དཔལ་བཟང་པོའི་(༡༨༧༨ ནས་ ༡༩༤༡ བར་)རྣམ་པར་ཐར་པ་དོན་ལྡན་ཚངས་པའི་དབྱངས་སྙན་ཤོག་གྲངས་ ༤༦༦ མདུན་ཤོག་ཡིག་ཕྲེང་གཉིས་པར།
(བླ་མཆོད་ཚོགས་ཞིང་འབྲི་སྟངས་ཤིག་གསུངས་ནས།) ཐོག་མའི་ལྗགས་བཀོད་དུ་བླ་བརྒྱུད་སོགས་ཅུང་ཟད་བསྡུས་ཤིང༌། ཡི་དམ་གྱི་གྲས་སུ་རྟ་མགྲིན་ཡང་གསང་ཡང་མེད་ལ། ཡང་གསང་བླ་མཆོད་ཀྱི་ཚོགས་ཞིང་དུ་འགོད་པ་འདི་རྗེ་བླ་མ་རྡོ་རྗེ་འཆང་ཉིད་ཀྱི་དགོངས་པའི་མཐིལ་དངོས་མ་ནི་གཏན་ནས་མ་ཡིན་ཏེ། ཐོག་མའི་ཚོགས་ཞིང་འབྲི་ཚུལ་གྱི་ཡི་དམ་གྲས་སུ་མ་བཀོད་པ་དང༌། རྟ་མགྲིན་ཡང་གསང་རྙིང་མའི་ཡི་དམ་སྒྲུབ་པ་བཀའ་བརྒྱད་གྲས་པདྨ་གསུང་གི་ལྷ་ཚོགས་ཀྱི་གཙོ་བོ་ཡིན་པ་དང༌། ཡི་དམ་ཡང་གསང་གི་འཕྲུལ་ཡིན་ཡང་ཟེར་ཏེ་གང་ལྟར་སེ་ར་བྱེས་ཀྱི་ཁོངས་གཏོགས་དགེ་ལུགས་ཀྱི་བླ་སྤྲུལ་དགེ་འདུན་དགོན་སྡེ་མང་བ་ཞིག་ལྟ་གྲུབ་དེ་ཙམ་གཙང་རྒྱུ་མེད་པར་གསུངས་པ་ལྟར་ཡོངས་སུ་གྲགས་པའི་ཕྱིར་དང༌། དུས་ཕྱིས་རྗེ་བླ་མ་ཉིད་དགུང་ལོ་རེ་བཞིར་ཕེབས་ཐོག་དྭགས་པོ་བཤད་སྒྲུབ་གླིང་དུ་མཛད་པ་དང་གསུང་སྒོ་ཇི་ལྟར་གནང་བའི་སྐབས་སོགས་ལས་ཀྱང་ངེས་པ་བརྟན་པོར་ འདྲེན་ནུས་པའི་ཕྱིར་རོ།
འོན་ཀྱང་ཐང་བཀོད་ཕྱི་མ་གཉིས་སུ་རྟ་མགྲིན་ཡང་གསང་བཀོད་འདུག་པ་ཅི་ཡིན་ཞེ་ན། སེར་བྱེས་ཀྱི་བླ་སྤྲུལ་དང་དགེ་འདུན་འདུས་ཚོགས་ཤིན་ཏུ་མང་བ་རྣམས་ཕལ་ཆེར་རྗེ་ཉིད་ཀྱི་གསུང་སྐྱེས་ཀྱི་བུ་སློབ་ཏུ་མ་གྱུར་པ་མེད་ཅིང༌། དེ་དག་ཀྱང་ཡི་དམ་ཡང་གསང་ལ་ཐུགས་ཞེན་ཆེས་ཆེ་བ་ཤ་སྟག་ཡིན་པ་དང༌། དེ་སྐབས་ཀྱི་ཡིག་འབྲིའི་ཕྱག་ཕྱི་བ་སེར་བྱེས་ལྷོ་པ་ཆབ་མདོ་དྲུང་ཡིག་ཞལ་སྔ་ནས་ཐུབ་བསྟན་གསུང་རབ་སོགས་ཀྱིས་ཀྱང་སྤྱི་སྙོམས་སུ་དེ་ལྟར་འགོད་གནང་མཛད་ན་ལེགས་ཚུལ་གྱི་ཞུ་བསྐུལ་ནན་བསྐྱེད་པར་བརྟེན་གདུལ་བྱའི་མོས་ངོ་དང་འཚམས་པར་བྲིས་ཐང་བར་མའི་མ་ཕྱིར་རྟ་མགྲིན་ཡང་གསང་འགོད་པར་མཛད་པ་ཡིན་ལ།