དོལ་རྒྱལ་དུས་རབས་ཉེར་གཅིག་པའི་སྲུང་མར་ཁས་འཆེ་བའི་ཤབ་ཤོབ་འགོག་པ།

http://shugdenfacts.com/gadenjangtsemonastery/གཞན་ཡང་ཁྱེད་ཚོས་འཆལ་གཏམ་གཞན་དུ་དོལ་རྒྱལ་དུས་རབས་ཉེར་གཅིག་པའི་སྲུང་མ་ཆོས་བྱེད་པའི་མཐུན་རྐྱེན་སྒྲུབ་པར་མེད་ན་མི་འབྱུང་བའི་གྲོགས་ཡིན་ལུགས་སོགས་སྣ་ཚོགས་སྨྲས་པ་ལ་འདི་ལྟར་བརྗོད་པར་བྱ་སྟེ།

ཚད་ཐུབ་ཀྱི་ལུང་རིགས་གང་ཡང་མེད་པར་དེ་ལྟར་སྨྲས་ནས་ཁྱེད་ཅག་ལ་དགོས་པ་གང་ཡོད། བསྟན་པ་ལ་བྱ་བ་བྱེད་པ་དང། འགྲོ་བ་ལ་ཕན་པར་སྨྲ་ན་དེ་ལྟར་མིན་ལ། ཁྱེད་ཚོས་འཇམ་མགོན་བླ་མའི་བསྟན་པ་དེ། ལྷ་གསོལ་འདྲེ་གསོལ་གྱི་རྣམ་པ་ཙམ་ལས། ཕྱི་ཉན་ཐོས། ནང་བྱང་སེམས། གསང་བ་གསང་སྔགས་སོགས་ཀྱི་སྒོ་ནས་བསྟན་པའི་ཚུལ་རྨད་དུ་བྱུང་བ་ཡོད་པ་དེ་ཕར་བཞག འབྱུང་པོ་གསོལ་མཆོད་ལ་རང་དགའ་ཞིང་། གཞན་ཡང་དེར་འཇུག་འདོད་པ་ནི་བསྟན་པའི་གནད་མི་ཤེས་པའི་རང་རྟགས་གསལ་བར་བསྟན་པ་ཡིན།

   རྗེ་ཡབ་སྲས་སོགས་ཀྱིས་བཀའ་བཀོད་གཉེར་གཏད་མགོན་ཆོོས་རྣམ་གསུམ་དང་། མ་གཅིག་དཔལ་ལྡན་ལྷ་མོ་སོགས་ཀྱིས་གོ་མི་ཆོད་པ་ལྟ་བུ་དོལ་རྒྱལ་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཡིན་ཞེས་ཤིན་ཏུ་ནན་གྱིས་དྲིལ་བསྒྲགས་བྱེད་པ་ནི། རྗེའི་བསྟན་པར་ཤེས་བཞིན་དུ་གནོད་པ་བྱེད་པ་ཁོ་ན་ཡིན་ལ། ལར་བསྟན་སྲུང་ཞེས་པ་ཚུར་ཆོས་བྱེད་དགེ་འདུན་དང་བཅས་པར་སྲུང་སྐྱོབ་བྱེད་མཁན་ཞིག་ལ་ཟེར་བ་ལས། ཁྱེད་ཚོས་སྲུང་མ་ཕར་སྲུང་སྐྱོབ་བྱེད་པ་ནི་སྔར་ཐོས་མ་མྱོང་བའི་ལྟས་ངན་ཡིན་ལ། སྲུང་སྐྱོབ་བྱེད་ཚུལ་ཡང་༸གོང་ས་མཆོག་ལྟ་བུ་ལྷ་དང་འགྲོ་བ་ཡོངས་ཀྱིས་བཀུར་བའི་ཚད་ལྡན་གྱི་བླ་མ་དེ་ལྟ་བུའི་སྐུ་ཚེའི་མཛད་པར་བར་ཆད་དང། ཕུ་དཀྲུགས་མདའ་དཀྲུགས་ཀྱིས་གཞན་ལ་དྲག་པོའི་སྡིག་ར་བྱེད་པ་སོགས་ནི་འཇམ་མགོན་རྒྱལ་བའི་རིང་ལུགས་འཛིན་མཁན་ཕར་ཞོག། དོན་ལ་ནང་པ་ཡིན་མིན་ཡང་ཤིན་ཏུ་དོགས་པའི་གནས་སོ། །

   དེ་ཡང་རྙོག་གླེང་ཅན་གྱི་དམ་སྲི་འདི་ལྟ་བུ་ལ་ཆོས་སྲུང་ཚད་ལྡན་ཡིན་པ་ལྟ་ཅི།  དྲེགས་པ་ཚུལ་མཐུན་ཞིག་ཡིན་པའི་སྒྲུབ་བྱེད་ཀྱང་མེད་པས། དུས་རབས་ཉེར་གཅིག་པའི་སྲུང་མར་ཇི་ལྟར་རུང་། དུས་རབས་ཉེར་གཅིག་པའི་སྲུང་མ་ཡིན་ཞེས་སྨྲ་བ་ལ། དུས་རབས་འདི་དང་འབྲེལ་བའི་ལྷ་རབ་བྱུང་ན་སངས་རྒྱས་ཀྱི་བསྟན་པ་སྤྱི་དང། དེ་མིན་དོལ་རྒྱལ་རང་ཉིད་གང་གི་སྲུང་མར་ཁས་འཆེ་བའི་ད་ལྟའི་དུས་ཀྱི་དགེ་ལྡན་གྱི་བསྟན་པར་ངེས་པར་དུ་ཕན་པ་ཞིག་དགོས། རི་བོ་དགེ་ལྡན་པའི་གདན་ས་གསུམ་དང། རྒྱུད་གྲྭ་རྣམ་གཉིས། རྩེ་རྣམ་རྒྱལ་གྲྭ་ཚང་། རྭ་བ་སྟོད་པ། བཀྲ་ཤིས་ལྷུན་པོ་ལ་སོགས་པ་ཐམས་ཅད་ཀྱིས་དོལ་རྒྱལ་དམ་སྲི་རུ་འདོད་པས་སྲུང་མར་ཁས་མི་ལེན་པ་མ་ཟད། དགོན་པ་གྲྭ་ཚང་དེ་དག་ཐམས་ཅད་རྒྱལ་བསྟན་སྤྱི་དང། རིས་མེད་ཀྱི་བསྟན་པར་དག་སྣང་སྦྱོང་མཁན་ཤ་སྟག་ཡིན། ཡབ་རྗེ་རྒྱལ་བའི་སྲོལ་འཛིན་གྱི་ལྟེ་གནས་འདི་རྣམས་སུ་ཁས་མི་ལེན་པར། ༸འཇམ་མགོན་རྒྱལ་བའི་བསྟན་སྲུང་ཡིན་ཞེས་སྨྲ་བར་ངོ་མི་ཚའམ། སྤྱིར་ཆོས་སྲུང་ཡིན་པ་ལ། བསྟན་པ་དང་འགྲོ་བར་ཕན་པའི་ཐུགས་བསྐྱེད་དང་སྨོན་ལམ་དྲི་མ་མེད་པའི་སྒོ་ནས་དང། ཁྱད་པར་དུ་དུས་དང་སྦྱར་ན། དུས་དེ་དང་དེར་བསྟན་པ་ལ་བྱ་བ་བྱེད་པའི་ཐུགས་བསྐྱེད་སྨོན་ལམ་སོགས་ཀྱི་འབྲེལ་བ་ཡོད་དགོས་པ་ལས། དུས་རབས་ཉེར་གཅིག་པའི་བསྟན་འཛིན་གྱི་གཙུག་ནོར་༸གོང་ས་སྐྱབས་མགོན་༸རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་དང། མགོན་པོ་གང་ཉིད་གང་གི་དབུར་བཞུགས་པའི་བོད་ཀྱི་ཆོས་བརྒྱུད་ཐམས་ཅད་ཀྱིས་འདྲེར་ལྟ་བ། སྔར་རང་ཉིད་འབྱུང་པོར་སྐྱེས་པའི་རྒྱུ་སྨོན་ལམ་ལོག་པ་ཅན། བར་དུ་བསྟན་འགྲོར་འཚེ་བའི་བྱ་བ་ངན་པ་ཅན། ཐ་མར་རང་གཞན་ཀུན་ཕུང་ལ་སྦྱོར་བའི་འབྲས་བུ་ངན་པ་ཅན། ངོ་བོ་དམ་སྲི་ཡིན་པ། དམ་པ་མང་པོས་དགག་བྱ་བྱེད་ཡུལ་འདི་དེང་ཁྱེད་རྗེས་འབྲང་པ་ཚོས་རྒྱལ་བསྟན་སྤྱི་དང་མི་མཐུན་པར་རང་ལུགས་ཀྱི་བསྟན་པ་གཞན་ཞིག་གི་བསྟན་སྲུང་ཡིན་ཞེས་སྨྲས་ནས་རང་གི་ལུགས་གསར་པ་ཞིག་གསར་དུ་གཏོད་འདོད་ན་ཁྱེད་ཅག་གི་རང་དབང་ཁོ་ན་ཡིན་པ་ལས། ༸རྒྱལ་བ་ལྔ་པ་ཆེན་པོ་སོགས་དམ་པ་མང་པོས་རྒྱུ་སྨོན་ལམ་ལོག་པ། ངོ་བོ་དམ་སྲི། བྱེད་ལས་བསྟན་འགྲོར་འཚེ་བ་ཅན་གྱི་འདྲེར་ངོས་འཛིན་མཛད་པའི་ཡི་དྭགས་ཤིག་ལ་༸འཇམ་མགོན་བླ་མའི་བསྟན་པ་དང་དུས་རབས་ཉེར་གཅིག་པའི་སྲུང་མ་ཡིན་ཞེས་སྨྲས་ཏེ་ཉམ་ཆུང་མང་པོ་བསླུ་བྲིད་ཀྱིས་ལྷ་གསོལ་འདྲེ་གསོལ་ལ་སྦྱར་ནས་རང་ཡང་ཚེ་རབས་བསྐལ་པ་མང་པོར་དམ་པའི་ཆོས་ཀྱི་སྒྲ་ཡང་མི་ཐོས་པར། དེས་སྟོང་པའི་མུན་ནག་གི་དམྱལ་བ་སོགས་ཀྱི་རྒྱུ་མ་སྒྲུབས་ཤིག་ཅེས་སྙིང་ནས་སྐུལ་ལོ། །

   དུས་རབས་ཉེར་གཅིག་པའི་ནང་སྤྱི་ནོར་༸གོང་ས་ཆེན་པོའི་ཐུགས་བསྐྱེད་མཛད་འཕྲིན་ཤིན་ཏུ་ཆེ་བའི་སྐབས་འདིར།  དོལ་རྒྱལ་ནི་འཇིག་རྟེན་གྱི་གཏམ་དཔེར། ཆོས་ཟབ་སར་བདུད་གཟབ། །ཅེས་པ་ལྟར་ལྷག་པར་ཡང་བར་ཆད་བྱེད་པའི་ལོག་སྨོན་ཅན། དགེ་ལྡན་པའི་བསྟན་པར་ལོག་པར་འཁུ་བའི་དམ་སྲི་ཡིན་པས། ཕྱིའི་ཚུལ་ལ་རྗེའི་བསྟན་པར་ཤ་ཚ་ཡོད་མདོག། དོན་ལ་ཆོས་ལུགས་ནང་འགལ་གྱི་འཆལ་གཏམ་སྣ་ཚོགས་ཀྱི་སྒོ་ནས་རྗེའི་བསྟན་པར་གཞན་རྣམས་མི་དད་པའི་རྒྱུ་བསྒྲུབ་པར་བྱེད་ཅིང། རྗེའི་བསྟན་འཛིན་རྣམས་ཀྱིས་སྔ་འགྱུར་རྙིང་མའི་ཆོས་བྱེད་ན་ཚར་གཅོད་ཚུལ་ལ་ཁ་གཡར་ཏེ་དེ་དག་གི་སྐུ་ཚེའི་མཛད་འཕྲིན་ལ་བར་ཆད་བྱེད་པ་སོགས་ཤིན་ཏུ་འཚེ་བའི་བསྟན་དགྲ་འདི་བསྟེན་པ་ན། བོད་གངས་ཅན་ལྗོངས་ཀྱི་དཔལ་ནཱ་ལེནྡྲའི་ཕྱག་སྲོལ་དྲི་མ་མེད་པའི་ལུགས་འདི་དེང་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ངོམ་བཞིན་པའི་དུས་འདིར་འདྲེ་ངན་འདི་འདྲེ་ངན་གཞན་ལས་ལྷག་པར་འཚེ་བ་ཆེ་བས་དེ་བས་ན་འདི་ལ་ངེས་པར་དུ་འཛེམས་དགོས་ཞེས་པའི་རྒྱུ་མཚན་བཀོད་དེ་དོལ་རྒྱལ་དུས་རབས་ཉེར་གཅིག་པའི་བསྟན་དགྲའི་རྒྱལ་པོ་ཡིན་ཞེས་མིང་བཏགས་ན་མི་མཛེས་སམ།

   གཞན་ཡང་སྔར་༸སྐྱབས་རྗེ་ཕ་བོང་ཁ་པར་༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་དོལ་རྒྱལ་བསྟེན་སྲོལ་དང་འབྲེལ་བའི་བཀའ་བཀྱོན་ནན་གྱིས་གནང་སྟེ་དགོངས་ཚུལ་བྱུང་སྐབས། འཇམ་དབྱངས་རྣམ་འཕྲུལ་ལམ་ཡི་དམ་གསང་འདུས་དང་ངོ་བོ་གཅིག་ཡིན་ལུགས་སམ། གནས་ཆུང་གིས་ལྷར་བཞེངས་པའི་སྐུལ་མ་བྱས་ཚུལ་སོགས་སྙིགས་མའི་དུས་སུ་བསྟན་པ་སྲུང་བའི་ཆོས་སྐྱོང་བླ་ན་མེད་པ་ཡིན་པའི་གཏམ་རྣམས་ཅི་སྟེ་རྟོག་བཟོ་མིན་ན་མདོ་རྒྱུད་གང་ལས་འབྱུང་བ་སོགས་སྐབས་དེར་སྤོབས་པའི་ངང་ལུང་གི་ཁུངས་དང་བཅས་པར་རིགས་པས་བརྒྱན་ཏེ་ཞུ་དགོས་པ་ལས་དེ་ལྟར་མ་བྱས་པར་རིན་པོ་ཆེ་རང་ཉིད་ཀྱིས་མ་ཡུམ་གྱི་སྐྱེས་ལྷ་ཡིན་ལུགས་ཙམ་དང། དོལ་རྒྱལ་བསྟེན་པ་སྐྱབས་འགྲོའི་བསླབ་བྱ་དང་འགལ་བར་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོར་བཤགས་པ་ཕུལ་བ་༸སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་བོད་ནས་ཐོན་པ་གང་གི་དྲུང་ཡིག་བློ་བཟང་རྡོ་རྗེས་བརྩམས་པ་དེར་ཤིན་ཏུ་ནས་གསལ་བས། དེས་ན་དེ་ཙམ་ལས་ཞུ་མ་སྤོབས་པ་ཅི་ཡིན། ཁྱོད་ཚོས་བྲིས་པའི་དེབ་ནང་༸གོང་ས་ལྔ་པ་ཆེན་པོ་དང་བཅུ་གསུམ་པ་ཆེན་པོར་བཙན་པོ་དབང་ཤེད་ཅན་༼dictator༽ ཡིན་པར་སྐུར་བ་བཏབ་འདུག་པ་ལ་གཞིག་ན་༸སྐྱབས་རྗེ་ཕ་བོང་ཁ་༸རྒྱལ་དབང་གི་བཙན་པོ་དབང་ཤེད་ཀྱིས་འཇིགས་ནས་ཞུ་མ་སྤོབས་ཅེས་ལན་སྨྲ་ཚོད་འདུག་པས། དེ་ལྟར་ན་༸རྒྱལ་དབང་འདི་ལ་༸སྐྱབས་རྗེ་ཕ་བོང་ཁའི་ཞུ་ཡིག་གང་གི་རྣམ་ཐར་ནང་གསལ་བ་དེར། དམན་ལ་ལྷག་པར་བརྩེ་བའི་མགོན་པོ་ཞེས་ཆེ་བསྟོད་ཞུས་འདུག་པས་དེ་དང་འགལ། གཞན་ཡང་༸རྒྱལ་དབང་འདིས་༸སྐྱབས་རྗེ་ཕ་བོང་ཁར་སྐུ་ཚེ་སྟོད་དུ་གཟིགས་སྐྱོང་ལྷག་པར་མཛད་པ་༸སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་ནང་གསལ་བ་དང་ཡང་འགལ། གཞན་ཡང་༸སྐྱབས་རྗེ་ཕ་བོང་ཁས་༸རྒྱལ་དབང་ཉིད་ལས་ཆོས་འབྲེལ་གསན་ཏེ་༸རྒྱལ་དབང་ཉིད་༸སྐྱབས་རྗེ་ཕ་བོང་ཁའི་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མར་གྱུར་པ་དང། རང་གཞན་གཉིས་ཀས་༸སྐྱབས་རྗེ་ཕ་བོང་ཁས་༸རྒྱལ་དབང་མཆོག་ལ་རང་གི་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་ཡིན་པས་སངས་རྒྱས་དངོས་ཀྱི་འདུ་ཤེས་ཡོད་པར་འདོད་དགོས་ན། ཐུགས་རྗེ་གོམས་པ་རབ་ཀྱི་མཐར་སོན་པའི་སངས་རྒྱས་སུ་འདོད་པ་ལ་འཇིགས་དགོས་སམ་ལེགས་པར་སོམས་ཤིག། ཅི་སྟེ་༸སྐྱབས་རྗེ་ཕ་བོང་ཁས་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོར་སངས་རྒྱས་དངོས་ཀྱི་འདུ་ཤེས་མེད་ཅེས་སྨྲ་ན་དེ་༸སྐྱབས་རྗེ་ཕ་བོང་ཁའི་ཉམས་ལེན་ལ་སྐུར་བ་འདེབས་པ་ཡིན་པས་ནང་འགལ་གྱི་འཁུར་ཤིན་ཏུ་ལྕི་རུང་ད་དུང་ལྐུགས་པ་ཨུ་ཚུགས་བྱེད་པར་དགོས་པ་ཅི་ཞིག་འདུག། གཞན་ཡང་སྲུང་མ་ཚད་ལྡན་ཞིག་ཡིན་ཕྱིན་ལམ་རིམ་སྨོན་ལམ་དུ། གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས། །ཚུལ་བཞིན་སྒྲུབ་ལ་བརྩོན་ལ་དེ་ཡི་ཚེ། །མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང། །ཞེས་གསུངས་པ་ལྟར་རང་གི་ངང་གིས་སྲུང་སྐྱོབ་བྱེད་དགོས་པ་ལས། དགེ་ལྡན་བསྟན་སྲུང་གི་མིང་འཁྱེར་ཏེ་བསྟན་པ་རྨང་ནས་བཤིག་འདོད་པའི་འདྲེ་ངན་འདི་བསྟན་དགྲ་ལས་བསྟན་སྲུང་དུ་མི་རུང་བ་ནི་འདྲེ་འདི་ལ་གསོལ་མཆོད་བྱེད་མཁན་གྱི་དེང་གི་བོད་མི་དམ་ཉམས་འགས་སྔར་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་དྲུང་ནས་དུས་འཁོར་དབང་ཆེན་སོགས་དབང་ལུང་མན་ངག་མང་དག་ཞུས་ཏེ་ད་ཆ་དེ་དག་དམ་ཉམས་དང་རྒྱ་མིའི་རྒྱུགས་ཁྱིར་གྱུར་པ་འདིས་ཀྱང་ཤིན་ཏུ་ནས་འགྲུབ་བོ། །

ཐུབ་པའི་བསྟན་ལ་ཐུབ་དབང་གཉིས་པ་བཞིན། །ལུང་རྟོགས་དམ་ཆོས་ཡོངས་འཛིན་ཟླ་བྲལ་རྗེ། །
སྙིགས་མའི་འགྲོ་བའི་བླུན་རྟགས་མངོན་དུས་འདིར། །ལྷག་པར་ཐུགས་རྗེས་གཟིགས་པ་ཆེས་ཆེར་སྤྲོས། །ཞེས་པ་ནི་བར་སྐབས་ཀྱི་སྨོན་ལམ་མོ། །

Related Articles

ལམ་སྟོན།