ཕྱི་ལོ་ ༡༩༧༨ ཟླ་ ༦ ཚེས་ ༡༣ ཉིན་རྣམ་གྲྭ་མཁན་པོ་བློ་བཟང་ཉི་མ་དང༌། དགེ་བཤེས་བློ་བཟང་བསྟན་འཛིན། རྣམ་གྲྭའི་ལས་སྣེ་དང༌། རྒན་གྲས་ཉི་ཤུ་རྩ་གཉིས། གནས་ཆུང་བ་རྒན་གྲས་ལྔ། རིགས་ལམ་སློབ་གྲྭའི་དགེ་རྒན་གཉིས། བཞུགས་སྒར་དུ་གཏན་སྡོད་རྒྱུད་གྲྭ་སྨད་སྟོད་ཀྱི་འཐུས་མི་གཉིས། དམིགས་བསལ་བཅར་འཐུས་བཀའ་འཁྲོལ་ཨ་རི་ཁུལ་བཅའ་སྡོད་རྭ་སྟོད་སྐྱོང་བླ་སྤྲུལ་སྐུ་དང༌། ཉག་རེ་སྐལ་བཟང་ཡེ་ཤེས་བཅས་པར་རྒྱལ་ཆེན་ཤུགས་ལྡན་ལམ་དོལ་རྒྱལ་སྐོར་བཀའ་སློབ་སྩལ་བ་གསུང་དཔར་ནས་ཕབ་བཤུས་སླར་སྤྱན་ཞུས་ལ་བསྐྱར་སྣོན་རེ་ཟུང་སྩལ་བ་བཅས་ཞལ་བཤུས་ཞུས་པ།
འདི་སྐོར་ཕྱོགས་གཅིག་ལ་རྒྱལ་ཆེན་དྲེགས་པ་ཞིག་ལ་ཐུག ཡང་སྒོས་ལྷག་པར་ཅན་དུ་ཁྲི་བྱང་རིན་པོ་ཆེ་རང་གི་བླ་མ་ལ་ཐུག་པ་དང༌། ཕྱོགས་གཅིག་ལ་གནས་ཆུང་དང༌། ལྷ་མོ་གཉིས་ལ་ཐུག་པ་བཅས་ང་དེ་རྣམས་ཀྱི་དཀྱིལ་དུ་བྱ་སྟངས་བྱེད་སྟངས་མི་ཤེས་པའི་དཀའ་ངལ་ཆེན་པོ་འཕྲད་བྱུང༌། གང་ལྟར་ཐ་མ་ཟན་བརྟག་ནས་དེ་ལྟར་བབས་པ་དང༌། རྨི་ལམ་ལ་རྒྱལ་ཆེན་ངོས་ནས་འཕྲེང་དོགས་གང་ཡང་མེད་པའི་གནས་ཚུལ་གསལ་པོ་ཞིག་ཆགས་དུས་བློ་བདེ་པོ་བྱུང༌། ཟླ་བ་དང་པོའི་ཚེས་བཅུ་ལ་གནས་ཚུལ་དེ་བྱུང༌། ཟླ་བ་དང་པོའི་ཚེས་བཅུ་གཉིས་ཡིན་པ་ཡོད། ཡོངས་འཛིན་རིན་པོ་ཆེ་རྡོ་རྗེ་གདན་ནས་ཡར་ཕེབས་ཏེ་མཇལ་བར་དེའི་སྐོར་གྱི་གནས་ཚུལ་ཆ་ཚང་ཞུས་པ་ཡིན། ཚེས་ ༡༣ ཉིན་ཁྲི་བྱང་རིན་པོ་ཆེ་མའེ་སོར་ནས་ཡར་ཕེབས་ཏེ་མཇལ་བྱུང༌། གནས་ཚུལ་སྔ་རྗེས་ཐམས་ཅད་གཅིག་དང་གཉིས་ཀྱིས་གསལ་པོ་ཞུས་པ་ཡིན། ཁྲི་བྱང་རིན་པོ་ཆེ་ནས་ཟན་བརྟག་དང༌། གནས་ཆུང་ནས་དེ་འདྲ་ཕེབས་ཡོད་ན་དངོས་འབྲེལ་རེད། བསླུ་བ་ཡོད་པ་མ་རེད། གནས་ཆུང་ལ་ཆ་བཞག་ན་འགག་དོག་སར་སླེབས་དུས་བསླུ་བ་མེད་པའི་ལུང་ཨང་ཀི་དང་པོ་གང་འདྲ་གནང་གི་ཡོད་མེད་ཤེས་གསལ་ཡིན། དེ་བཞིན་ཟན་བརྟག་ལ་ཆ་བཞག་ནའང་ལྷ་མོ་གསུང་བྱོན་མའི་སྐུ་ཐང་ལ་ཟན་བརྟག་བསྒྲིལ་བ་རེད། དེ་ཡང་ྋགོང་ས་ལྔ་པ་ཆེན་པོ་ཐེངས་གཅིག་གཤེགས་ཚར་རྗེས་སྡེ་སྲིད་ནས་གསང་སྒོ་ལོ་ག་ཚོད་དགོས་མིན་སོགས་སྡུག་སྐད་ཞུ་འབོད་ཤུགས་དྲག་བྱེད་པའི་སྐབས་ལ་ལྗགས་དབུགས་ཆད་ཚར་བ་དེ་ཡང་སྐྱར་ཚུར་གསོས་ནས། གལ་ཆུང་བ་དེ་ཚོ་ཁྱེད་རང་གིས་བློ་ཐག་གཅོད། གལ་ཆེ་བ་དེ་ཚོ་ྋརྒྱལ་བ་དགེ་འདུན་རྒྱ་མཚོའི་ཐུགས་ཀྱི་རྟེན་ལྷ་མོ་གསུང་བྱོན་མའི་སྐུ་ཐང་མདུན་དུ་ཟན་བརྟག་བསྒྲིལ་ནས་ཐག་གཅོད་བྱེད། དེ་ལ་བསླུ་བ་མི་ཡོང་ཞེས་གསུངས་པའི་སྐུ་ཐང་འདི་རེད། འདི་ལ་ཟན་བརྟག་བསྒྲིལ་ནས་ད་ལྟ་ཕན་ལ་བསླུ་བ་གང་ཡང་བྱུང་ཡོད་པ་མ་རེད། བསླུ་བ་མེད་ཐག་ཆོད་རང་རེད། དངོས་གནས་དྲང་གནས་དགོས་པ་རྒྱུ་མཚན་ཡོད་ཐག་ཆོད་ཡིན་པ་རེད་ཅེས་དང༌། འོན་ཀྱང་ད་ལྟ་ལྷ་མོ་དང་རྒྱལ་ཆེན་ཤུགས་ལྡན་གཉིས་མ་འཆམས་པ་ལྟ་བུའི་གནས་ཚུལ་དེ་ཕལ་ཆེར་བོད་ཀྱི་བསྟན་སྲིད་དང་འབྲེལ་བའི་ཐོག་ནས་ཡིན་པ་ལས། སྤྱིར་བཏང་ལྷ་མོ་དང་ཤུགས་ལྡན་གཉིས་མ་འགྲིགས་པ་རྩ་བ་ནས་ཡོད་ཀྱི་མ་རེད་ཅེས་གསུངས་བྱུང༌། ཁྲི་བྱང་རིན་པོ་ཆེ་ནས་ཡིད་ཆེས་གནང་གི་མི་འདུག གཞུང་གི་བསྟན་སྲིད་ཀྱི་ཐོག་ནས་ཏན་ཏན་ཡིན་གྱི་རེད། ྋརྒྱལ་བ་ལྔ་པའི་སྐབས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་ཙང་དེ་འདྲའི་ཐོག་ནས་ཡིན་གྱི་རེད་ཅེས་ཁྲི་བྱང་རིན་པོ་ཆེ་ནས་གོ་བ་དེ་འདྲ་ཞིག་བསྐྱོན་གྱི་འདུག གང་ལྟར་ཁྲི་བྱང་རིན་པོ་ཆེར་ཆ་ཚང་ཞུས་པ་ཡིན་ལ། ང་རང་ཡང་ཧ་ཅང་བློ་བདེ་པོ་བྱུང༌།
དེ་ནས་ཁྲི་བྱང་རིན་པོ་ཆེ་ནས་འདི་གར་སྐུ་ཐང་ཞིག་ཡོད་པ་དེ་རྒྱལ་ཆེན་བསྟེན་གསོལ་བྱེད་མཁན་ཞིག་ལ་གནང་ན་ཡག་པོ་མ་རེད་དམ་གསུང་གི་འདུག རྒྱལ་ཆེན་སྐུ་ཐང་ཡོད་པ་དེ་དྲན་ཡང་མ་བྱུང༌།ད་ལྟ་བར་དུ་བརྗེད་པ་རེད། དེ་ལམ་སེང་གཞན་དག་ལ་སྤྲོད་དགོས་ཨེ་ཡོད། འདི་གར་སྐུ་ཐང་གཞན་དག་བྱིངས་ཆེ་དེ་ཚོ་མཉམ་དུ་བཞག་ན་འགྲིགས་ཀྱི་མིན་འགྲོ། ངེས་མེད་ངས་ཉར་མ་ཆོག་པ་དེ་འདྲ་ཡོད་ན་ཁྲི་བྱང་རིན་པོ་ཆེར་འབུལ་གྱི་ཡིན། དེ་ཡང་ཉར་ཆོག་དང་མི་ཆོག ཡང་ན་ཟན་བརྟག་བསྒྲིལ་ནས་ཐག་གཅོད་ཀྱི་ཡིན། ཡང་ན། གནས་ཆུང་ལ་བཀའ་འདྲི་ཞུ་གི་ཡིན་ཞེས་ཞུས་པ་ཡིན། ཚེས་ ༡༤ ཉིན་ལོ་གསར་པའི་གཟིམ་ཆུང་སྤྱན་འདྲེན་འཁེལ་བ་དེའི་སར་ངས་དོགས་གཅོད་ཞུས་པ་ཡིན། བར་ལམ་ཆོས་སྐྱོང་གིས་གསུངས་པ་དང༌། ཟན་བརྟག་བསྒྲིལ་བ་དེ་གཉིས་རྩེ་མཐུན་བབས་ནས་བློ་བདེ་པོ་ཡག་པོ་བྱུང༌། ངའི་ངོས་ནས་སྤང་བླང་འདི་ལྟར་བྱ་རྒྱུ་ཡིན། ད་ཆ་འདི་གར་རྒྱལ་ཆེན་གྱི་སྐུ་ཐང་ཞིག་ཡོད་པ་དེ་ངས་ཉར་ན་འགྲིགས་ཀྱི་ཡོད་ན་ནི་ཉར་གྱི་ཡིན། དེ་མིན་ཁྲི་བྱང་རིན་པོ་ཆེར་འབུལ་གྱི་ཡིན་པས་གང་དགའ་ཞེས་ཞུས་པར། ཆོས་སྐྱོང་གིས་དྲག་ཤུལ་དང་བཅས་སློབ་དཔོན་མཐོང་བ་དོན་ལྡན་གྱི་གནས་ནས་ད་ལྟ་རང་དོར་དགོས་གསུངས་བྱུང༌། སྤྱན་འདྲེན་གྲུབ་མ་ཐག་ཏུ་ལམ་སེང་མཆོད་གཡོག་ལགས་སྐུ་ཐང་དེ་ཁྲི་བྱང་རིན་པོ་ཆེར་འབུལ་དུ་བཏང་བ་ཡིན། དེ་འདྲ་བྱས་ནས་གཙང་མ་བཟོས་པ་ཡིན།
ངས་གནས་ཆུང་ལ་ཐོག་མར་རྒྱལ་ཆེན་སྐོར་ཕར་ཞུས་ནས་ཚུར་འགྲེལ་བཤད་སྐྱོན་པའི་སྐབས་ལ་རྒྱལ་ཆེན་བསྟེན་ན་ཕན་ལས་གནོད་ཆེ་བ་ཡིན། དེ་འདྲ་ཡིན་དུས་སྐུ་མདུན་སྐུ་གོང་མ་གསེར་ཞལ་འཚོ་བཞུགས་སྐབས་ལའང་འདྲེ་ངས་སྙན་སེང་ཞུ་རྒྱུ་འཁེལ་བྱུང་ཞེས་གསལ་པོ་བྱས་ནས་གསུང་གི་འདུག ཡང་ཤུགས་ལྡན་སྐོར་གནས་ཚུལ་གཞི་ནས་རྩད་གཅོད་ཉམས་ཞིབ་ བྱེད་པའི་སྐབས་ལ་དེ་སྔ་གོ་བོ་ཆོས་ཟུར་གྱི་སྐབས་སྤྱི་སྒེར་འགའ་ཤས་ལའང་རྒྱལ་ཆེན་བསྟེན་ན་གནས་ཆུང་འཁོན་གྱི་ཡོད་པའི་རྟགས་ཤུགས་ཆེན་པོ་ཡོད་པ་ཞིག་རེད་འདུག དེ་འབྲས་སྤུངས་ཀྱི་དགེ་བཤེས་རྒན་པ་ཚོའི་ངག་རྒྱུན་ལ་གསལ་པོ་ཡོད་པ་ཞིག་རེད།
དེ་མཚུངས་འབྲས་སྤུངས་དགེ་བཤེས་རྒན་པ་ཁ་ཤས་ཀྱི་ངག་རྒྱུན་ལ་ྋསྐྱབས་རྗེ་ཕ་བོང་ཁ་ལ་གནས་ཆུང་གི་འཁོན་དོགས་ཡོད་་པ་རེད་ཅེས་པའི་བཤད་རྒྱུན་ཡང་འདུག དེ་བཞིན་རྗེ་ཕ་བོང་ཁའི་སློབ་མ་བྲག་གཡབ་རྟོགས་ལྡན་ཁམས་ཁུལ་དགེ་ལུགས་པའི་དགོན་པ་མང་པོ་ཞིག་ལ་ཞབས་བཅགས་ནས་ཕེབས་པའི་སྐབས་ཁོང་རང་ཤུགས་ལྡན་ཤུགས་ཆེན་པོ་བསྟེན་གྱི་ཡོད་སྟབས་རྒྱལ་ཆེན་དར་ཁྱབ་ཆེན་པོ་ཆགས་ཚོད་འདུག དེ་ལྟར་གསར་དུ་རྒྱལ་ཆེན་ཤུགས་ཆེན་པོ་བསྟེན་མཁན་གྱི་དགོན་པ་དང༌། བླ་བྲང༌། མི་ཁྱིམ་ཁག་མང་པོར་ལོ་ནས་ལོ་མེལ་བརྟག་དཔྱད་ཡུན་རིང་བྱས་པའི་སྐབས་ལ་གང་ལྟར་ཐ་མ་དེར་གྲ་མ་འགྲིགས་མང་པོ་ཐོན་པའི་གནས་ཚུལ་བྱུང་བ་འདྲ་པོ་འདུག
གང་ལྟར་ཟན་བརྟག་དང༌། གནས་ཆུང་གི་བཀའ་ལུང་ཐོག་ནས་གནས་ཚུལ་ཡོང་སྟངས་འདི་ཚོར་ངེས་ཤེས་རྙེད་རྒྱུ་བྱུང་བ་རེད། དེ་དང་དེ་མཚུངས་ཀྱི་ལོ་རྒྱུས་གནས་ཚུལ་དང༌། ངེད་རང་གི་མཐོང་ཆོས་གནས་ཚུལ་ཅི་རིགས་ནས་ཀྱང་ཉམས་ཞིབ་བྱེད་སྐབས་གནས་ཚུལ་ཁྱད་མཚར་ཞིག་ཏན་ཏན་ཡོང་གི་འདུག དེ་འདྲ་ཡིན་དུས་གཞི་ནས་ཞོར་ཞོར་ལ་གནས་ཆུང་ལ་བཀའ་འདྲི་དོགས་གཅོད་ཞུས་པའི་རྡོ་དོན་སྙིང་པོར། ལྷ་མོ་འཁོན་པའི་རྒྱུ་རྐྱེན་ནི་གཙོ་བོ་གཅིག་རི་བོ་དགེ་ལུགས་པའི་བསྟན་པ་འདི་ལ་གཉེར་གཏད་སྲུང་མ་སྐྱེས་བུ་གསུམ་གྱི་སྲུང་མ་ཡིན་པ་དང༌། སྐྱེས་བུ་གསུམ་གྱི་སྲུང་མས་མ་ཆོག་པར་ཆོས་སྐྱོང་གསར་པ་ཞིག་ཀུན་ལས་ལྷག་པ་ལྟ་བུ་ཆགས་ཡོང་དུས་དཔལ་ལྡན་ལྷ་མོ་འཁོན་པའི་རྒྱུ་རྐྱེན་གཅིག་དེ་ཡིན་འདུག རྒྱུ་རྐྱེན་གཞན་ཞིག་ལ། ྋརྒྱལ་དབང་གོང་མ་རིམ་བྱོན་གྱི་བཀའ་བསྒོས་གཉེར་གཏད་ཐུན་མོང་མ་ཡིན་པའི་སྲུང་མ་དེ་ལྷ་མོ་རེད། དེ་ལ་འགྲན་ཟླ་ལྟ་བུའི་དྲེགས་པ་གསར་པ་ཞིག་བསྟེན་པ་དེས་ཀྱང་ལྷ་མོ་འཁོན་གཞི་གཅིག་བྱུང་འདུག ཡང༌། ད་ལྟའི་རྒྱལ་ཆེན་ཁོག་བརླམས་འདི་པཎ་ཆེན་བསོད་ནམས་གྲགས་པའི་སྐྱེ་སྲིད་ཀྱང་མིན་པ་འདྲ། འོ་ན། ག་རེ་རེད་ཟེར་ན། སྨོན་ལམ་ལོག་པ་ཞིག་ཡིན་ཚོད་འདུག དེ་འདྲའི་རྐྱེན་གྱིས་རྒྱལ་ཆེན་བསྟེན་གསོལ་ཤུགས་ཆེན་པོ་བྱེད་མཁན་དེ་ལ་གང་བྱས་ཀྱང་མི་ཁ་འདྲ་ཡོང་མཁན་གཅིག་དང༌། ྋརྒྱལ་བ་རིན་པོ་ཆེས་འགོ་འཁྲིད་པའི་བོད་སྤྱི་པའི་དོན་ལ་སྐབས་རེ་ཁྲག་གེ་འཁྲུག་གེ་ཡོང་བ་རྒྱུ་རྐྱེན་གཅིག་ཆོས་སྐྱོང་དེའི་ཆོ་འཕྲུལ་ཡིན་ཚོད་འདུག ཡང༌། ངས་གནས་ཆུང་ལ་དེ་འདྲ་ཡིན་ན། ྋསྐྱབས་རྗེ་ཕ་བོང་ཁ་དངོས་གནས་དྲང་གནས་རྣལ་འབྱོར་པ་རྟོགས་པ་ཐོབ་པའི་བླ་མ་ཚད་ལྡན་ཞིག་ཡིན་རྒྱུ་རེད། དེས་ཆོས་སྐྱོང་ཚད་ལྡན་ཞིག་ལ་ཞལ་གྱིས་བཞེས་ཀྱི་ཡོད་པ་རེད།
དེ་བཞིན་འདིའི་སྲོག་གཏད་ཀྱི་བརྒྱུད་པ་སྟག་ཕུ་རྡོ་རྗེ་འཆང་ལ་དག་སྣང་བྱུང་སྟེ་འདུལ་འཛིན་གྲགས་པ་རྒྱལ་མཚན་ཞལ་གཟིགས། དེ་ནས་བྱུང་བ་ཡིན་པ་རེད་དེ་གང་འདྲ་ཡིན་ནམ་ཞེས་དོགས་གཅོད་ཞུས་པར། ཆོས་སྐྱོང་གིས་ཐག་ཆོད་པོ་བྱས་ནས་གསུང་པ་ལ། ྋསྐྱབས་རྗེ་ཕ་བོང་ཁ་ལ་རིག་འཛིན་ཆེན་པོ་ཞེས་མཚན་བསྟོད་གསུང་གི་འདུག རིག་འཛིན་ཆེན་པོ་དེའི་སྐུ་ཚེའི་སྨད་ལ་ནོར་འཁྲུལ་ཆེན་པོ་བྱུང་ཡོད། ནོར་འཁྲུལ་ཆེན་པོ་བྱུང་བའི་རྐྱེན་བྱས་ནས་ང་པེ་དཀར་རྒྱལ་པོ་འཁོན་པ་ཅི་ལ་ཡིན་ཏེ། རིག་འཛིན་ཆེན་པོ་དེའི་སྐུ་ཚེ་མཛད་པ་ཐ་མའི་སྐབས་རྣམ་རྟོག་མི་ཤིས་པ་ཇི་བྱུང་རྩད་གཅོད་གནང་ན་མཁྱེན་པ་ཡོད། དེའི་ཡང་སྲིད་རྒྱ་གར་ལ་གཤེགས་པ་དེ་གཤེགས་པའི་སྐབས་ལའང་མཚན་མ་ངན་པ་ག་འདྲ་བྱུང་རྩད་གཅོད་བྱས་ན་ཤེས་པ་ཡོད། དེ་ཙམ་དུ་མ་ཟད། དེའི་ཡང་སྲིད་བརྒྱུད་མར་བཅས་པའི་སྐུ་ཚེ་མཛད་འཕྲིན་མཐའ་འཁྱོངས་ཡོང་གི་མ་རེད་ཅེས་གསུང་གི་འདུག
ྋསྐྱབས་རྗེ་ཕ་བོང་ཁ་ལ་གྲ་མ་འགྲིགས་བྱུང་བ་དེ་མི་མང་པོས་ཤེས་ཀྱི་ཡོད་པ་རེད། མང་པོའི་བསམ་ཚུལ་ལ། ྋསྐྱབས་རྗེ་ཕ་བོང་ཁ་དགེ་ལུགས་པའི་བསྟན་པའི་ཐོག་ལ་མཛད་རྗེས་ཆེན་པོ་བྱུང་བ་དེས་རྐྱེན་པས་རྙིང་མ་སོགས་གྲུབ་མཐའ་གཞན་ཕྱོགས་ནས་གཏད་ཡོད་པ་རེད་ཅེས་ངན་ཁག་དེ་རྙིང་མ་བའི་ཐོག་ལ་གཡོག་གི་ཡོད་ཀྱང༌། གནས་ལུགས་ངོ་མ་དེ་འདྲ་ཡིན་བཟོ་མི་འདུག དེ་དམར་ནག་གཉིས་ཀྱི་ཐོག་ནས་བཀའ་ཆད་ལྟ་བུ་ཡོང་གི་ཡོད་པ་འདྲ།
དག་སྣང་སྐོར་ལ། དག་སྣང་ལ་གཉིས་ཡོད། རྩ་གསུམ་ལྷ་ཡི་བྱིན་རླབས་ཀྱི་ཐོག་ནས་བྱུང་བའི་དག་སྣང་གཅིག་དང༌། བར་ཆད་ཀྱི་དབང་གིས་བྱུང་བའི་དག་སྣང་གཅིག་སྟེ་གཉིས་ཡོད། འདི་བར་ཆད་ཀྱི་དབང་གིས་བྱུང་བའི་དག་སྣང་དེ་ཡིན་ཨེ་ཡིན། ཞེས་གསུང་གི་འདུག དེ་འདྲའི་གནས་ཚུལ་ཛ་དྲག་པོ་དང༌། ཁ་ནས་ཤོད་མི་ནུས་པ་ལྟ་བུ་འདུག
ལོ་འགའི་སྔོན་དུ་གནས་ཆུང་གིས་ཐོག་མའི་ལུང་བསྐྱོན་མ་བསྐྱོན་མཚམས་དེ་འདྲ་ཞིག་གི་སྐབས་ནུབ་གཅིག་རྨི་ལམ་ལ་ྋསྐྱབས་རྗེ་ཕ་བོང་ཁ་མཇལ་ཏེ་རྒྱལ་ཆེན་སྲོག་གཏད་ཞུ་དགོས་གསུང་བྱུང༌། དེ་མདུན་གླིང་རིན་པོ་ཆེའི་ཕྱག་མཛོད་ལགས་ཡོང་ནས་དེ་དོན་འགྲིགས་ཀྱི་རེད་ཟེར་བྱུང༌། འོན་ཀྱང་ཕ་བོང་ཁའི་ཕྱག་ངར་ལ་རྨ་ཤུལ་ཁྲག་དོན་བསྡད་པས་ངེད་རང་གི་བློར་དངངས་སྐྲག་དང་མི་བདེ་བ་ཆེན་པོ་བྱེད་པ་ཞིག་བྱུང༌། ད་ཆ་བསམས་སྐབས་བར་ཆད་ཀྱི་ཆོ་འཕྲུལ་ཡིན་པ་འདྲ་བསམ་པའི་ངེས་ཤེས་རྙེད་ཀྱི་འདུག
གོང་སྨྲོས་གནས་ཚུལ་འདི་ཛ་དྲག་ཧ་ཅང་རང་ཆེ་བས་ང་ཡང་འགན་མ་བཟོད་པར་ཐོག་མར་ཡོངས་འཛིན་ཁྲི་རིན་པོ་ཆེར་ཞིབ་ཕྲ་ཞུས་པ་ཡིན། དེ་ཙམ་བག་ཚ་གནང་གི་མི་འདུག དེ་ནས་ཁྲི་བྱང་རིན་པོ་ཆེར་ཆ་ཚང་ཞུས་པ་ཡིན། ཁྲི་བྱང་རིན་པོ་ཆེར་མ་ཞུས་ན་བློས་མ་བཟོད་མཁན་ཞིག་འདུག ཞུ་སར་སླེབས་དུས་ཞུ་མ་ནུས་མཁན་ལྟ་བུ་བྱུང༌། འོན་ཀྱང་ཁྲི་བྱང་རིན་པོ་ཆེ་ད་ལྟ་བར་དུ་སྐུ་ཚེ་མཛད་པ་འཕྲིན་ལས་བཟང་མཐའ་འཁྱོངས་པ་རེད། ཡིན་ནའང་བོད་ལ་ཇི་སྲིད་སངས་རྒྱས་བསྟན་པ་མ་ནུབ་བར་དུ་ྋསྐྱབས་རྗེ་རིན་པོ་ཆེ་ནས་ཐུགས་བསྐྱེད་དམ་བཅའ་བཙན་པོའི་སྒོ་ནས་སྐུའི་ཡང་སྲིད་ཕེབས་དགོས་པ་དང༌། ང་ཚོའི་ངོས་ནས་དེ་དོན་སྨོན་ལམ་དང་རེ་བ་རྒྱག་དགོས་པ་ཞིག་རེད། དེ་ཚོའི་ཐོག་ལ་གྲ་མ་འགྲིགས་བྱུང་ན་ཡག་པོ་མ་རེད། ཁྲི་བྱང་རིན་པོ་ཆེ་ནས་རྒྱལ་ཆེན་བསྟེན་གནང་བ་དེ་ད་ལྟ་སྐུ་ཚེ་འདི་ལ་གསར་པ་བཟོས་གནང་བ་མིན་པར་སྐུ་གོང་མའི་སྐབས་ནས་བསྟེན་གནང་གི་ཡོད་པ་རེད། དེ་མཚམས་འཇོག་གནང་དགོས་པ་གང་ཡང་མེད། འོན་ཀྱང་ལྷ་མོ་ནི་དཀོན་མཆོག་གོང་ཕུད་རེད། དེ་འོག་རྒྱལ་པོ་སྐུ་ལྔ་བཅས་མི་ཚང་གཅིག་ལ་ཆ་བཞག་ན་མི་ཚང་དེའི་འགན་འཁུར་གཙོ་བོ་ཕྱག་མཛོད་ལྟ་བུར་ངོས་འཛིན་གནང་རྒྱུ་ཞིག་དང༌། ཤུགས་ལྡན་དེའི་འོག་གི་གཉེར་པ་ལས་བྱེད་ཕལ་པ་ལྟ་བུར་ངོས་འཛིན་གནང་སྟེ། གང་ལྟར་སོ་སོའི་སྐྱེས་ལྷ་ཡུལ་ལྷ་ལྟ་བུ་ཞིག་ལ་ངོས་འཛིན་གནང་སྟེ་གསོལ་མཆོད་དང༌། འཕྲིན་བཅོལ་གནང་ན་མ་འཐུས་པ་གང་ཡང་ཨེ་ཡོད་སྙམ །དེ་མིན་ཐུགས་ཀྱི་གཏད་སོ་རྒྱལ་པོ་སྐུ་ལྔ་དང་འདྲ་མཉམ་མམ། ཡང་ན། རྒྱལ་པོ་སྐུ་ལྔ་ལས་ལྷག་པ་ལྟ་བུའི་དགོངས་པ་བཞེས་ན། ྋསྐྱབས་རྗེ་ཕ་བོང་ཁ་བླ་མ་བསམ་གྱིས་མི་ཁྱབ་པ་ཡིན་ནའང་གནས་ཚུལ་དེ་འདྲ་བྱུང་བ་རེད། རྒྱལ་པོ་སྐུ་ལྔའི་འཁུ་དོག་ཉེན་ཁ་ཡོད་པ་རེད། དེ་དགོངས་པར་བཅངས་དགོས་ཀྱི་འདུག་ཅེས་ངས་ཁྲི་བྱང་རིན་པོ་ཆེར་གསལ་པོ་ཞུས་པ་ཡིན། དེ་༸སྐྱབས་རྗེ་རིན་པོ་ཆེའི་ཐུགས་ལ་བབས་ཏེ་དེ་ལྟར་གནང་གི་ཡིན་ཞེས་བཀའ་གནང་བྱུང། ཡོངས་འཛིན་ཁྲི་རིན་པོ་ཆེ་ལ་ནི་མཛད་དཀའ་གང་ཡང་མེད་ལ། སྔར་ནས་འབྲས་སྤུངས་དགེ་བཤེས་དབུ་མཁྲེགས་ཐག་ཆོད་ཅིག་རེད། དེ་ལྟར་གནས་ཚུལ་འདི་རྣམས་གཙོ་བོ་ཡོངས་འཛིན་རྣམ་གཉིས་ཀྱིས་ཆ་ཚང་མཁྱེན། དགོངས་པར་ཆུབ་པ་དེ་འདྲ་ཡིན།
ཕྱི་ལོ་ ༡༩༨༠ ཟླ་ ༧ ཚེས་ ༡༨ ཉིན་སེ་ར་ཐེག་ཆེན་གླིང་དུ་བྱེས་སྨད་གཉིས་ཀྱི་མཁན་པོ་ལས་ཟུར་དང༌།ལས་སྣེ།དགེ་འདུན་བགྲེས་གྲས་ཁག་གཅིག་སྦེལ་ཀོབ་གཞོན་ནུའི་རྒྱུན་ལས་ཁག་བཅས་ཧྲག་བསྡུས་བཞུགས་མོལ་ཚོགས་འདུའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
ཡང་ཁ་ཤས་ཀྱིས་དེའི་གནས་ཚུལ་མ་ཤེས་པར་ྋརྒྱལ་བ་རིན་པོ་ཆེ་བཤེས་གཉེན་བསྟེན་ཚུལ་ལོག་ཡོད་པ་རེད། ྋརྒྱལ་བ་རིན་པོ་ཆེས་ཡོངས་འཛིན་རྣམ་གཉིས་ལ་ངོ་རྒོལ་ཞུ་གི་ཡོད་ལུགས་བཤད་ཀྱི་ཡོད་ཚོད་འདུག གང་བཤད་ཀྱང་ང་ལ་ཁྱད་པར་མི་འདུག
དཔང་པོ་གཉིས་ཀྱི་གཙོ་བོ་བཟུང༌། །
ཞེས་པ་ལྟར་རང་ངོས་ནས་མ་ནོར་བ་ཞིག་བྱས་ན་དེ་ག་རེད། འགའ་ཞིག་གིས་མ་ཤེས་པར་གང་འདྲ་ཡིན་ནམ་སྙམ་པ་དྲན་སྲིད། དེའི་གནས་ཚུལ་འདི་ལྟར་རེད། དེ་ཙམ་དུ་མ་ཟད་ྋསྐྱབས་རྗེ་རིན་པོ་ཆེ་རང་ལ་ངས་ཞུ་རྒྱུ་བྱུང༌། ཁྲི་བྱང་རིན་པོ་ཆེར་ཆ་བཞག་
ན་ྋསྐྱབས་རྗེ་ཕ་བོང་ཁའི་སྲས་ཀྱི་ཐུ་བོ་རེད། བླ་མའི་ཕྱག་བཞེས་ལྟར་རྒྱལ་ཆེན་གཙོ་བོ་བསྟེན་པ་གནང་གི་ཡོད། དེ་ཙམ་དུ་མ་ཟད་སྐུ་ཐོག་གོང་རིམ་ནས་རྒྱལ་ཆེན་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་ལས་སྔར་མེད་གསར་སྤྲོས་གནང་བ་ཞིག་མིན། དེ་ཡིན་སྟབས་རྒྱལ་ཆེན་བཞག་པ་གནང་དགོས་ཀྱི་མ་རེད། འོན་ཀྱང་དགོངས་པའི་ནང་གཙོ་ཆེ་ཆུང་གི་ངོས་འཛིན་གནང་སྟངས་མ་འཕྱུག་པ་ཞིག་གནང་དགོས་གལ་དང༌། ྋསྐྱབས་རྗེ་རིན་པོ་ཆེ་སྐུ་ཚེ་འདིར་མཛད་འཕྲིན་མཐར་ཕྱིན་པ་རེད་དེ། སྐུ་ཐོག་རྗེས་མ་ཚོར་གང་འདྲ་ཡོང་མིན་ཆ་མ་མཆིས་སྟབས་དགོངས་བཞེས་གནང་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་བྱུང༌། ངའི་འདི་ཁ་ཤས་ཀྱིས་བྱེད་སྤྱོད་ལྟར་མདུན་ལ་བཤད་མ་ནུས་པར་རྒྱབ་བཤད་རྒྱབ་པ་དེ་འདྲ་དང༌། འགྲོ་ས་ལ་བཏང༌། མ་འགྲོ་སར་འཁུམས་བསྡད་པ་དེ་འདྲ་མིན། སྤྱིའི་གནས་སྟངས་དེ་འདྲ་ཞིག་རེད་འདུག
ཕྱི་ལོ་ ༡༩༩༨ ཟླ་ ༨ ཚེས་ ༢༧ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
གང་ལྟར་ྋསྐྱབས་རྗེ་ཕ་བོང་ཁ་ཚད་ཐུབ་ཀྱི་བླ་མ་ཧེ་རུ་ཀའི་རྣལ་འབྱོར་པ་ཆེན་པོ་དཔེ་མེད་ཡོངས་གྲགས་དང༌། ལམ་རིམ་བློ་སྦྱོང་གི་བསྟན་པའི་བདག་པོ་དཔེ་མེད་ཡོངས་གྲགས་རེད། དེ་དག་གིས་དོལ་རྒྱལ་བསྟེན་པ་གནང་སྟངས་ནི་རང་ཉིད་ལྷ་ཡི་རྣལ་འབྱོར་བརྟན་པོ་ཡོད་པའི་ཐོག་ནས་དྲེགས་པ་བྲན་དུ་བཀོལ་བའི་གནས་ཚུལ་ཐ་དད་ཡིན། དཔེར་ན་ང་རང་ཚོའི་བློ་སྦྱོང་ནང་ཆ་བཞག་ན། སྦྱོར་བ་བཞི་ཉམས་ལེན་བྱེད་དུས་མི་དང་མི་མ་ཡིན་ལ་འཕྲིན་བཅོལ་བྱེད་ཚུལ་ཡོད། དེ་རྣམས་རང་ཉིད་ལྷའི་རྣལ་འབྱོར་གྱི་གདེང་དང་ལྡན་པའི་ཐོག་ནས་དྲེགས་པའི་སྲོག་རང་ལ་ཚུར་གཏད་དེ་དྲེགས་པ་བྲན་དུ་བཀོལ་བ་ཞིག་ཡིན་ཀྱང༌། བར་སྐབས་ཀྱི་བྱེད་སྟངས་མང་པོ་ཞིག་ནི་རང་གི་སྲོག་དྲེགས་པ་ལ་ཕར་གཏད་པ་ལྟ་བུ་ལས་དྲེགས་པའི་སྲོག་ཚུར་ལ་གཏད་དེ་དྲེགས་པ་བྲན་ཏུ་བཀོལ་བ་ཞིག་རེད་མི་འདུག ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་དང་ ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ནི་དངོས་གནས་ཚད་ལོངས་པའི་དགེ་བའི་བཤེས་གཉེན་རེད། ཁོང་རྣམ་གཉིས་ཀྱིས་དྲེགས་པ་བྲན་ཏུ་བཀོལ་གནང་བ་ལས། སྐྱབས་ཡུལ་དུ་བརྩིས་ཏེ་ཉ་ཉུང་མཉམ་སྲེས་རྩ་བ་ནས་གནང་མེད། དེ་ངས་གསལ་པོ་ཤེས་ཀྱི་ཡོད།
ཕྱི་ལོ་ ༢༠༠༡ ཟླ་ ༨ ཚེས་ ༢ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འཕགས་ཡུལ་ལྷོ་ཕྱོགས་སེ་ར་ཆོས་སྒར་དུ་གསུང་ཆོས་བཀའ་དྲིན་སྩོལ་སྐབས་སེར་སྨད་གྲྭ་ཚང་གི་སྐོར་བཀའ་རྩད་གྲུབ་རྗེས་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
དོལ་རྒྱལ་བསྟེན་མཁན་ཁག་གཅིག་གིས། ངས་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་གུས་པ་བྱེད་ཀྱི་མེད་པ་དང༌། བཤེས་གཉེན་བསྟེན་ཚུལ་ལོག་ཚུལ་བརྗོད་ཀྱི་ཡོད་སྐད་འདུག དེ་ནི་སྙིང་རྗེའི་ཡུལ་ཡིན། མི་ཤེས་རྨོངས་པའི་དབང་གིས་བཤད་པ་ཞིག་རེད། ང་རང་ལོ་ ༦ ལ་སླེབས་པ་ནས་མཐར་ྋསྐྱབས་རྗེ་རིན་པོ་ཆེ་དགོངས་པ་མ་རྫོགས་བར་འབྲེལ་བ་ཡོད། ྋསྐྱབས་རྗེ་རིན་པོ་ཆེ་ངའི་བླ་མ་ཡིན། ང་ལ་བཀའ་དྲིན་བསམ་གྱི་མི་ཁྱབ་པའི་ཆེན་པོ་གནང་ཡོད་ལ། ྋསྐྱབས་རྗེ་རིན་པོ་ཆེའི་དགོངས་པ་ལ་ག་རེ་ཡོད་མེད་དེ་ང་ལ་རྒྱུས་མངའ་ཆེ་ཤོས་ཡོད་ལ། ངའི་བསམ་བློ་གཏོང་སྟངས་དང་ལངས་ཕྱོགས་ག་རེ་ཡིན་མིན་ཡང་ྋསྐྱབས་རྗེ་རིན་པོ་ཆེར་ཐུགས་རྒྱུས་ཆ་ཚང་ཡོད་པ་ཡིན། སྐྱོན་བརྗོད་བྱེད་མཁན་མང་ཆེ་བ་ནི་ྋསྐྱབས་རྗེ་རིན་པོ་ཆེའི་ཞལ་མཇལ་གསུང་ཐོས་མྱོང་བ་དེ་འདྲ་མ་རེད། ཁོང་ཚོ་གཞན་གྱི་བེད་སྤྱོད་མགོ་སྐོར་འོག་ཚུད་ནས་འདྲ་མིན་གང་བྱུང་བཤད་དེ་སྨྱོ་མཆོངས་རྒྱག་གི་ཡོད་པ་རེད།
ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢ ཉིན་གཟིམ་ཆུང་མཇལ་འཕྲད་ཁང་དུ་སེར་སྨད་སྤོམ་ར་དགེ་བཤེས་ཐུབ་བསྟན་བསམ་འཕེལ་དགོན་པར་བསྐྱར་དུ་སྒྲིག་ཞུགས་ཆོག་པ་དང༌། དེར་རྒྱབ་གཉེར་བྱེད་མཁན་རྡ་ས་ལི་ཐང་སྐྱིད་སྡུག་གི་ཚོགས་གཙོ་བཀྲ་ཤིས་ཚེ་རིང༌། སྦེལ་ཀོབ་ལི་ཐང་མི་ཚན་འཐུས་མི་བློ་བཟང་ཕུན་ཚོགས་དང༌། ཐུབ་བསྟན་འཛིན་པ། ཌེ་ར་ཌུན་སྨིན་གླིང་དུ་སྡོད་པ་འབྲུག་བཀྲ། བསྐྱར་ཞུགས་ཆོག་པ་ཞུ་མཁན་དགེ་བཤེས་བློ་བཟང་འཇིགས་མེད་བཅས་ལ་བཀའ་སློབ་སྩལ་དོན།
ཡོངས་འཛིན་རིན་པོ་ཆེ་དང་དོལ་རྒྱལ་རྩ་བ་ནས་འབྲེལ་བ་མེད། ངས་དོལ་རྒྱལ་མཚམས་འཇོག་བྱས་རྗེས་༸ཡོངས་འཛིན་རིན་པོ་ཆེར་ཞུ་སྐབས་དེ་ནི་འགྲིགས་པ་རེད། བློ་ཧ་ཅང་བདེ་པོ་བྱུང་གསུང་གི་འདུག ༸སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་སྐུ་མདུན་ནས་ཡོངས་འཛིན་རིན་པོ་ཆེ་ཉིད་ཀྱིས་བཀའ་ཆོས་མང་པོ་གསན་ཡོད་ཀྱང་སྟབས་ལེགས་པ་ཞིག་ལ་སྲོག་གཏད་གནང་བ་དང་སྐབས་འཁེལ་མ་སོང༌། གལ་སྲིད་སྐབས་དེ་དུས་སྲོག་གཏད་གནང་བ་ཡིན་ན། དེ་ལ་ཕྱིན་ན་མི་འགྲིག་པ་དང་མ་ཕྱིན་ནའང་མི་འགྲིག་པ་ལྟ་བུ་ཆགས་ཏེ་ཧ་ཅང་ཁག་པོ་ཡོང་བ་འདུག ཡིན་ནའང་དོལ་རྒྱལ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་ལྗགས་ལུང་དེ་ཕལ་ཆེར་གནང་བ་མིན་ནམ་དེ་མིན་དོལ་རྒྱལ་དང་འབྲེལ་བ་ཡེ་ནས་མེད་གསུང་གི་འདུག ངས་དོལ་རྒྱལ་བསྟེན་རྒྱུ་མཚམས་འཇོག་བྱས་པའི་ཉིན་དེར་ཡོངས་འཛིན་རིན་པོ་ཆེས་གནས་ཚུལ་གསར་པ་མང་པོ་གསུང་བྱུང༌། དེ་བར་དུ་ང་གཡང་ལ་མཆོང་གི་ཡོད་ཀྱང་ཡོངས་འཛིན་རིན་པོ་ཆེས་གང་ཡང་གསུངས་མེད། དཔེར་ན་ཡོངས་འཛིན་རིན་པོ་ཆེས་ཐེངས་གཅིག་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ལ་བཀའ་འདྲི་ཞིག་ཞུས་གནང་བ་སྟེ་དུས་རྒྱུན་འབྲས་སྤུངས་ཀྱི་བླ་རྒན་ཚོའི་གསུང་རྒྱུན་ལ། ཤུགས་ལྡན་བསྟེན་ན་གནས་ཆུང་འཁོན་གྱི་ཡོད་ཅེས་བཤད་སྲོལ་ཞིག་འདུག་པ་འདི་བདེན་པ་ཡིན་ནམ་མིན་ཞེས་བཀའ་དྲི་ཞུ་སྐབས། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དྲག་པོའི་སྐུར་བསྐུལ་མཁན་དེ་གནས་ཆུང་རེད། དེར་བརྟེན་དེ་འདྲ་རྩ་བ་ནས་ཡོང་ཤེས་ཀྱི་མ་རེད་ཅེས་གསུང་འདུག དུས་རྒྱུན་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་བཀའ་དྲི་དོགས་དཔྱོད་གང་འདྲ་ཞིག་གནང་ཡང་བཀའ་ལན་ཕེབས་སྐབས་ཡོངས་འཛིན་རིན་པོ་ཆེའི་དགོངས་པར་དེ་ལྟར་ལོས་ཡིན་སྙམ་པ་ཞིག་ཡོང་གི་ཡོད། འོན་ཀྱང་དེ་ཉིན་གྱི་བཀའ་ལན་དེ་གང་འདྲ་ཡིན་ནམ་དགོངས་པ་ལས་ཐུགས་དོགས་སེལ་མ་སོང་ཞེས་གསུང་གི་འདུག