ཆོས་དད་རང་དབང་དང་མང་གཙོ།

ཕྱི་ལོ་ ༡༩༨༠ ཟླ་ ༦ ཚེས་ ༢༥ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་དང༌། འབྲས་སྤྲུངས༌། ས་སྐྱ། རྙིང་མ་བཞིའི་མཁན་བླ་ལས་སྣེས་གཙོས་དགེ་འདུན་བགྲེས་གྲས་ཁག་གཅིག་བཞུགས་མོལ་ཚོགས་འདུའི་ཐོག་དོལ་རྒྱལ་སྐོར་སྩལ་བའི་ལམ་སྟོན་བཀའ་སློབ།

      ཡང་གང་ཟག་སྒེར་སོ་སོའི་ངོས་ནས་ཐུན་མོང་མ་ཡིན་པའི་ལས་འབྲེལ་ཡོད་པ་དང༌། སོ་སོའི་ཉམས་མྱོང་གི་ཐོག་ནས་འཕྲོད་ལམ་ཡོད་པ་དང༌། བླ་མས་དགོས་པ་རྒྱུ་མཚན་ཆེན་པོ་གཟིགས་ཏེ་བསྟེན་གསོལ་བྱ་དགོས་བཀའ་གནང་བ་དེ་འདྲ་ཡིན་ན་ནི། ཆོས་བྱེད་རྒྱུ་རང་དབང་ཡིན་ཕྱིན། ཆོས་ག་རེ་བྱེད་དང་མ་བྱེད་སོ་སོའི་རང་དབང་རེད། སྲུང་མ་ག་རེ་བསྟེན་དང་མ་བསྟེན་སོ་སོའི་རང་དབང་ཡིན་པས་སུས་ཀྱང་ཆོག་དང་མ་ཆོག་བཤད་ཐུབ་ཀྱི་མ་རེད། སོ་སོའི་རང་དབང་རེད། འོན་ཀྱང་ད་ལྟ་བཤད་མ་ཐག་པ་བཞིན་ལྷ་མོ་དང་རྒྱལ་པོ་སྐུ་ལྔ་གཙོ་བོ་བྱེད་མཁན་ཞིག་ཡིན་ན་མ་འགྲིགས་པ་ཡོད་པའི་གནས་ཚུལ་འདི་ལྟར་ཡིན། དེར་བརྟེན་དགོན་པ་གྲྭ་ཚང་ལྟ་བུ་སྤྱི་པ་དེ་ཚོའི་ཐོག་ནས་གཟབ་གཟབ་བྱེད་ཐུབ་ན་ཡག་པོ་རེད་བསམ་གྱི་འདུག གནས་ཚུལ་ཡག་པོ་མ་ཤེས་ན་ཁག་མེད། ང་རང་ཡིན་ཀྱང་འགོ་ལོག་རྩེད་གྲབས་བྱས་པ་རེད། རྒྱལ་ཆེན་གྱི་འཕྲིན་བསྐུལ་ཧུར་ཐག་བཏོན་པ་ཡིན། སྲོག་གཏད་ཞུ་རྒྱུ་ཡང་ྋསྐྱབས་རྗེ་རིན་པོ་ཆེར་ྋསྙན་སེང་ཞུས་ཟིན། རྗེས་སུ་གནས་ཚུལ་ཞིག་གཞི་ནས་ཚོར་ཏེ། དེ་ནི་གཏན་གཏན་མ་བྱས་ན་ཡག་པོ་མི་འདུག་བསམ་ནས་ཟན་བརྟག་བསྒྲིལ་བ་དང༌། རང་གིས་མོ་བརྒྱབ། ངེས་པ་རྙེད་པ་བྱུང་ནས་ཕྱི་ལོ་ ༡༩༧༥ ལོ་ནས་མཚམས་འཇོག་གཙང་མ་བྱས་པ་ཡིན། འཚུབ་ལྷོངས་ཡིན་ནམ་སྙམ་པ་རྨི་ལམ་ལོག་པ་ཙམ་ཡང་མ་བྱུང༌།

ཕྱི་ལོ་ ༡༩༨༦ ཟླ་ ༣ ཚེས་ ༣ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བླ་མ་མཆོད་པའི་བཀའ་ཁྲིད་སྐབས་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།

   བོད་ནས་ཡོང་བ་ཁྱེད་རང་ཚོས་འདིར་གང་ལྟར་བརྟག་དཔྱད་མ་བྱས་པར་རི་བོ་དགེ་ལུགས་པའི་ཆོས་སྐྱོང་རེད་ཟེར་ནས་གཡམ་རྒྱུགས་བྱས་པ་ཡིན་ན་བོད་བསྟན་སྲིད་སྤྱིའི་ཆ་ནས་ཡག་པོ་མེད། དེ་ལ་ཏན་ཏན་གཅིག་འདུག དེ་ཡིན་པའི་རྒྱུ་མཚན་རྙོག་པོ་མང་པོ་མི་ཤེས་ཀྱང༌། ད་ལྟ་བརྗོད་པ་བཞིན་དྲེགས་པའི་རིགས་དེ་ཐུན་མོང་གདུལ་བྱའི་སྣང་ངོ་ལ་ག་རེ་ཤར་བ་དེ་གཞིར་བཞག་ཐོག་ནས་བསྟེན་དགོས། གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་དེ་ང་ཚོའི་སྤྱོད་ཡུལ་མ་རེད། ང་རང་ཚོའི་རྒྱུད་ལ་ཐབས་ཤེས་ཀྱི་རྟོགས་པ་རིམ་པས་སྐྱེས་ནས་གསང་བ་བསམ་གྱིས་མི་ཁྱབ་པའི་དོན་དེ་མངོན་དུ་བྱེད་ཐུབ་པ་ཞིག་དང༌། སྤྱོད་ཐུབ་པ་ཞིག་དང༌། སྤྱོད་ནུས་པ་ཞིག་ཏུ་སོ་སོའི་རྒྱུད་ཚོད་སླེབས་སོང་ན་གནས་ཚུལ་ཐ་དད་རེད། དེ་འདྲའི་གསང་བ་བསམ་གྱིས་མི་ཁྱབ་པའི་གནད་དོན་དེ་རང་གི་སྤྱོད་ཡུལ་དུ་གྱུར་མ་ཐུབ་པའི་རིང་ལ་ང་ཚོས་ཐུན་མོང་གདུལ་བྱའི་སྣང་ངོའི་གྲགས་ཚོད་དེའི་རྗེས་སུ་འབྲངས་ནས་འགྲོ་དགོས།

   དེའི་ཐོག་ནས་བཤད་ན། རྒྱལ་ཆེན་ཤུགས་ལྡན་དང་པོའི་ཡོང་ཁུངས་བཤད་ཡོང་དུས། ྋགོང་ས་ལྔ་པ་ཆེན་པོ་དང་མ་འགྲིགས་པར་རྒྱལ་ཆེན་ཤུགས་ལྡན་བྱུང་བ་མ་གཏོགས། ྋགོང་ས་ལྔ་པ་ཆེན་པོ་དང་འགྲིགས་དྲགས་ནས་རྒྱལ་ཆེན་ཤུགས་ལྡན་བྱུང་བ་ཞིག་མ་རེད། ྋགོང་ས་ལྔ་པ་ཆེན་པོས་དགའ་ལྡན་ཕོ་བྲང་དང་པོ་འཛུགས་མཁན་དེ་ཡིན། འདི་འདྲའི་ཐོག་ནས་དཔེར་ན་ད་ལྟའང་བོད་ནང་བོད་མི་མང་པོ་ཞིག་གིས་ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་ང་ལ་རེ་ལྟོས་ཆེན་པོ་བྱེད་ཀྱི་ཡོད། ངས་འཇོན་གྱི་ཡོད་པ་མ་རེད། དངོས་གནས་ངས་དེ་རིང་ཁ་སང་བོད་སྤྱི་པའི་དོན་དག་གི་གནས་ཚུལ་གཉན་འཕྲང་ཅན་དང༌། འགག་དོག་པོ་འགན་ཆེན་པོ་འདི་འདྲ་ཞིག་ཁྱོགས་མཁན་མི་གཅིག་ཆགས་མེད། ཡིན་ན་ཡང་སོ་སོའི་ཚེ་སྔོན་མའི་ལས་དང་སྨོན་ལམ་དང༌། བོད་སྤྱི་པའི་ཐུན་མོང་མ་ཡིན་པའི་ང་རང་ཚོའི་ལས་འབྲེལ་གྱི་ཐོག་ནས་ང་ཨ་མདོའི་ཕྲུ་གུ་ལུང་པ་རྒྱུས་མེད་ཁུག་ཀྱོག་གཅིག་ནས་ྋརྒྱལ་བ་རིན་པོ་ཆེའི་ཡང་སྲིད་གྲས་ལ་སླེབས་པ་རེད། ང་རང་སོ་སོའི་སྒེར་གྱི་ཉམས་ལེན་གྱི་གནས་སྟངས་ག་རེ་ཡིན་རུང་མིན་རུང༌། སྤྱིའི་ཐོག་ནས་ང་ྋརྒྱལ་བ་རིན་པོ་ཆེའི་ཁྲི་དེའི་སྒང་ལ་བསྡད་ཡོད་པ་དང༌། ྋགོང་ས་ལྔ་པ་ཆེན་པོའི་ཁྲི་དེའི་སྒང་ལ་བསྡད་དེ་ྋགོང་ས་ལྔ་པ་ཆེན་པོའི་མཇུག་མཐུད་ཀྱི་ཡོད་པ་རེད། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང༌། གཟིམ་ཁང་གོང་དགའ་ལྡན་ཕོ་བྲང་དང་མ་འགྲིགས་པའི་གླེང་གཞི་འདིའི་ཐོག་ནས་བྱུང་བ་ཡིན་དུས་ཕྱི་ནང་རྟེན་འབྲེལ་གྱི་གནད་ཀྱིས་མ་འགྲིགས་པ་གཅིག་ཡོང་གི་ཡོད་ས་རེད། ངས་ཟུར་དུ་རྒྱལ་ཆེན་ཤུགས་ལྡན་ལ་ཡག་ཤག་ཉེས་ཤག་བཤད་དགོས་དོན་གང་ཡང་མེད། ང་རང་ལ་ཆ་བཞག་ནའང་རྒྱལ་ཆེན་ཤུགས་ལྡན་ལ་འབྲེལ་བ་བྱུང་ཡོད། ཡིན་ནའང་དུས་ཕྱིས་བསྟན་སྲིད་སྤྱིའི་གནས་ཚུལ་གཅིག་ལ་ཐུག་ཡོང་དུས་མ་བདེ་བ་གཅིག་ཆགས་ཡོང་གི་འདུག བསྟན་སྲིད་སྤྱི་ཙམ་མ་ཟད་པའི་རི་བོ་དགེ་ལྡན་པའི་གནས་ཚུལ་ལ་ཆ་བཞག་ཀྱང་དམ་ཅན་ཆོས་རྒྱལ་གྱི་ཐོག་ནས་ཕྲན་བུ་འགྲིགས་ཀྱི་མེད་པ་འདྲ། དེར་བརྟེན་ང་རང་ཚོ་ཐ་མལ་པའི་ཐུན་མོང་གདུལ་བྱའི་སྣང་ངོའི་འགྲོ་སྟངས་གཞི་ལ་བཞག་པའི་ཐོག་ནས་བྱེད་སྟངས་ཤེས་པ་ཞིག་དགོས་ཀྱི་ཡོད།

     རི་བོ་དགེ་ལུགས་པས་ཐ་སྙད་ཚད་གྲུབ་ཟེར་བ་དེ་གལ་ཆེན་པོ་བརྩི་བ་རེད། ཐ་སྙད་ཚད་གྲུབ་ཟེར་བ་དེ་སེམས་ཅན་ལས་དང་པོ་བའི་སྣང་ཚུལ་གྱི་བློ་དེ་གལ་ཆེན་རྩི་གི་ཡོད། རྩི་དགོས་པའི་རྒྱུ་མཚན་དེ་ལས་རྒྱུ་འབྲས་ཀྱི་བླང་དོར་གྱི་དོན་ལ་གཏུགས་ནས་གསུངས་ཡོད། རྫོགས་ཆེན་གྱི་ལྟ་བ་བཤད་ཡོང་རྒྱུ་དེ་འབྲས་བུའི་དུས་ཀྱི་སྐོར་གཙོ་བོ་བྱས་ནས་གསུང་གི་ཡོད། ས་སྐྱའི་གསལ་སྟོང་ཟུང་འཇུག་གི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་གསུང་རྒྱུ་དེ་ལམ་གྱི་གནས་སྐབས་ཀྱི་རྣལ་འབྱོར་པའི་ཉམས་ལེན་གྱི་སྟོབས་ཀྱིས་འཆར་ཚུལ་གཙོ་བོར་གསུངས་ཡོད། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་རི་བོ་དགེ་ལྡན་པས་ཐ་སྙད་ཚད་གྲུབ་འཇོག་རྒྱུ་དེ་ང་རང་ཚོ་ཐ་མལ་པའི་སེམས་ཅན་གྱི་གནས་སྐབས་ཀྱི་བློ་ལ་འཆར་ཚུལ་རྣམས་གཙོ་བོ་བྱས་ནས་གསུངས་ཡོད། དེ་འདྲའི་གསུང་རྒྱུན་གཅིག་ཡོད་པ་དེ་ལ་ཕྲན་ཙམ་བསམ་བློ་གཏོང་ས་ཞིག་ཡོད། གང་ལྟར་དེ་འདྲའི་གནས་ཚུལ་རྣམས་ང་ཚོས་ཤེས་དགོས་པ་ཞིག་རེད་འདུག ཤེས་སོང་ངམ། མི་སྒེར་སོ་སོའི་གནས་ཚུལ་ཐ་དད་རེད། ཆོས་བྱེད་དང་མི་བྱེད་སོ་སོ་རང་དབང་རེད། དེར་བརྟེན་སྲུང་མ་ག་འདྲ་བསྟེན་དང་མ་བསྟེན། ཡི་དམ་གང་འདྲ་བསྟེན་དང་མ་བསྟེན་ཟེར་རྒྱུ་དེ་སོ་སོའི་རང་དབང་ཡིན་པ་ལས། དེར་སུ་གཅིག་གིས་རྙོག་ཁྲ་བཤད་མཁན་མེད། བོད་སྤྱི་པའི་དོན་དག་དང༌། བོད་བསྟན་སྲིད་ཀྱི་དོན་དག་ལ་ཐུག་ཡོང་དུས། དཔལ་ལྡན་ལྷ་མོ་གཙོ་བོ་ཡིན། དེ་དང་འབྲེལ་བའི་རྒྱལ་པོ་སྐུ་ལྔ། བསྟན་མ་བཅུ་གཉིས་དེ་ཚོ་གཙོ་བོ་ཡིན། རི་བོ་དགེ་ལུགས་པ་སྤྱི་ལ་ཐུག་ཡོང་དུས་གཙོ་བོ་དམ་ཅན་ཆོས་རྒྱལ་དང༌། མགོན་པོ། དེའི་ནང་ནས་གཙོ་བོ་དམ་ཅན་ཆོས་རྒྱལ་རེད། དེ་ཡང་ཤེས་དགོས་པ་རེད།

ཕྱི་ལོ་ ༡༩༨༦ ཟླ་ ༡༢ ཚེས་ ༢༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་དགའ་ལྡན་དང༌། འབྲས་སྤུངས་དགེ་འདུན་གཙོ་གྱུར་གྱི་སེར་སྐྱ་མི་མང་ཉིས་སྟོང་བརྒལ་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དབང་ཆེན་སྩལ་སྐབས་དོལ་རྒྱལ་བསྟེན་ཕྱོགས་སྐོར་ལ་དམིགས་བསལ་སྩལ་བའི་བཀའ་སློབ།

    ང་ཆུང་ཆུང་སྐབས་ལ་རྩེད་མོ་རྩེ་རོགས་གཅིག་ཡོད། དེས་ཁ་ཆེ་ཕ་ལུ་ཟེར་བ་དེ་བཤད་ཀྱི་ཡོད། དེའི་ཚིག་དེ་དྲན་བྱུང༌། ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། །ཉན་དང་མི་ཉན་སོ་སོའི་ལག་པ་རེད། །ཅེས་བཤད་ཀྱི་ཡོད། ངའི་འདི་ཡིན་ལུགས་མིན་ལུགས་དང༌། ཉམས་མྱོང་བསགས་པའི་ཐོག་ནས་དྲི་མ་ཞིག་ཁ། དྲི་མ་ཁ་བ་དེ་མགོ་སྟོད་མ་བཤད་ན་དགའ་བསམ་སྟེ་བཞག་པ་ཡིན། དེ་ནས་ཉེ་བའི་རྐྱེན་གཅིག་གི་སྒོ་ནས་བརྗོད་དགོས་པའི་གནས་ཚུལ་ཞིག་ཆགས། དེ་ཆགས་དུས་ངས་གནས་ཚུལ་འདི་ལ་བརྟག་དཔྱད་མང་པོ་བྱས། ཉམས་མྱོང་བསགས་པའི་ཐོག་ནས་གནས་ཚུལ་མཐོང་བ་དེ་མ་བཤད་ན་ང་ནོར་བ་རེད། ཤེས་བཞིན་དུ་དགག་ན་མ་འགྲིགས་པ་ཡིན་དུས་ངས་ལྷག་བསམ་རྣམ་དག་བྱས་ཏེ་གནས་ཚུལ་ཡིན་ལུགས་མིན་ལུགས་བརྗོད་པ་རེད། འོན་ཀྱང་ཉན་དང་མ་ཉན་སོ་སོའི་ལག་པ་ཡིན་པ་ལས། ངས་འདིར་བཙན་པོ་དབང་ཡོད་བྱས་པས་ལ་དག་གི་མ་རེད། ཡིན་ནའང་འཇིག་རྟེན་ཁ་དཔེ་ལ། བློས་སྒང་ཚང་བཀལ་ན་སྒང་ཚང་དང༌། ཕྱེད་ཀ་བཀལ་ན་ཕྱེད་ཀ །ཞེས་ཟེར་བ་ལྟར་ཁ་ཤས་ཀྱིས་འགག་ལ་ཐུག་ན་ྋརྒྱལ་བ་རིན་པོ་ཆེ་དང༌། ནམ་རྒྱུན་ྋརྒྱལ་བ་རིན་པོ་ཆེས་བཤད་པ་དེ་རྣ་བའི་རྒྱབ་ལ་བསྐུར་མཁན་དེ་འདྲ་ཁ་ཤས་ཡོང་གི་འདུག མི་སུ་ཡིན་རུང་མིག་གཉིས་ཀྱིས་བལྟས། རྣ་བ་གཉིས་བེད་སྤྱོད་བྱ་རྒྱུ་ཡོད་དུས་གནས་ཚུལ་ཤེས་ཀྱི་རེད་པ། དེར་བརྟེན་ཚང་མས་ཧུར་ཐག་བྱེད་དགོས། ད་དུང་ཡིན་ནའང་ཚང་མས་བློ་སྦུག་དོག་པོ་དང༌། བསམ་བློ་བྱབ་ཆུང་དང༌། བསམ་བློ་ཅོལ་ཆུང་གཏོང་མི་རུང༌། བསམ་བློ་རྒྱ་ཆེ་སར་གཏོང་དགོས། ང་ཚོ་བོད་སྤྱི་པའི་དོན་ལ་འགག་དོག་པོ་འདི་འདྲ་ཞིག་ལ་སླེབས་ཡོད། དེར་བརྟེན་ཚང་མས་ད་ལྟ་ཕན་ལ་ཧུར་ཐག་བྱས་པ་རེད། ད་དུང་ཡིན་ནའང་ཧུར་ཐག་བྱེད་རོགས་ཟེར་རྒྱུ་ཡིན། དེ་རིང་ངས་འདིར་གནས་ཚུལ་འདི་བཤད་དང་མི་བཤད་ཀྱང་མོ་རྒྱབ་པ་ཡིན། སྐབས་སུ་བབ་ཡོད་དང་མེད་བརྟག་དཔྱད་བྱེད་ཀྱིན་བྱེད་ཀྱིན་བཤད་འོས་དང་མི་འོས་བརྟག་དཔྱད་བྱས་པར། བཤད་ན་བཟང་བ་བབས་སོང་བས་བརྗོད་པ་ཡིན། ཁ་སང་བྱང་རྩེའི་མཁན་པོས། གསང་བ་འདུས་པའི་སྐུ་ཐང་དང༌། འཇིགས་བྱེད་སྐུ་ཐང་གི་མཐའ་གྲལ་ལ་རྒྱལ་ཆེན་གྱི་སྐུ་གཅིག་ཡོད་པ་དེ་ཕར་བསུབ་པ་ཡིན་ཟེར་བྱུང༌། དེ་ཡག་པོ་བྱུང་འདུག དེའི་ནང་ལ་ཕོག་ཐུག་ལྟ་བུ་ཞིག་ཡོང་གི་འདུག་ཅེས་བཀའ་སྩལ།།   །།

ཕྱི་ལོ་ ༡༩༨༧ ཟླ་ ༤ ཚེས་ ༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་ཀྱི་མཇུག་ཏུ་ཆོས་ཞུ་བ་སྤྱི་དང༌། ལྷག་པར་ཕྱི་རྒྱལ་ནུབ་ཕྱོགས་པ་རྣམས་དང༌། བོད་ནས་གསར་འབྱོར་བ་རྣམས་ལ་ཆེད་དམིགས་ཀྱིས་ཆོས་སྲིད་ཀྱི་བཀའ་སློབ་ཟབ་མོ་སྩལ་བའི་ཁྲོད་ནས་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།

     བོད་ནས་ཡོང་བ་ཁྱེད་རང་ཚོས་ཕྲན་བུ་གནས་ཚུལ་ཤེས་ཀྱི་རེད། ང་རང་ཚོས་དངོས་གནས་ནང་པ་སངས་རྒྱས་པའི་རྩ་བ་སོ་སོའི་སྔས་བཅོལ་ས་དེ་སངས་རྒྱས་དཀོན་མཆོག་དང༌། ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་ཅེས་སྐྱབས་གསུམ་ཡིན་པ་དང༌། དེ་དང་འབྲེལ་བའི་ལས་འབྲས་སྲུང་ནས་འགྲོ་རྒྱུ་ལས་ལྷས་གནོད་འདུག ཀླུས་གནོད་འདུག་ཟེར་ནས་འདྲ་མིན་བརྗོད་རྒྱུ་འདིས་ང་ཚོ་ནང་པའི་ཆོས་ཀྱི་ཞག་རྩི་དེ་བརླག་འགྲོ་གི་ཡོད། དེར་བརྟེན་སྲུང་མ་གང་བྱུང་མང་བྱུང་དང༌། ཆོས་སྐྱོང་གང་བྱུང་མང་བྱུང་བསྟེན་རྒྱུ་ལྟ་བུ་དེ་ཚོའི་གྲས་ཡག་པོ་མ་རེད། གང་ལྟར་ཡང་སྙིང་ཕྱིས་སུ་གནས་ཚུལ་འདྲ་མིན་དེ་འདྲ་ཕྲན་བུ་ཡོང་གི་འདུག རྒྱ་གར་ནང་ལ་ཡིན་ནའང་བྱུང་བ་རེད། བོད་ནང་ལ་ཡིན་ནའང་དེ་དེ་བཞིན་གནས་ཚུལ་ཡོང་གི་ཡོད་བཟོ་འདུག དེ་ཚོ་ཤེས་དགོས་པ་རེད། ཞིབ་ཕྲ་ཁྱེད་རང་ཚོས་ཟུར་དུ་རྩད་བཅད་ན་ཤེས་ཀྱི་རེད། རྩ་བ་ང་རང་ཚོས་བོད་སྤྱི་པའི་དོན་དག་ལ་བསམ་བློ་གཏོང་སྐབས་ཆེ་ས་ནས་བསམ་བློ་གཏོང་དགོས། ཆེ་ས་ནས་བསམ་བློ་བཏང་ཡོང་དུས། ྋགོང་ས་ྋལྔ་པ་ཆེན་པོས་བཙུགས་པའི་དགའ་ལྡན་ཕོ་བྲང་པ་ཟེར་རྒྱུ་དེ་དེང་སང་དམངས་གཙོའི་སྒང་ལ་འགྲོ་གི་ཡོད། བསྒྱུར་བཅོས་ཕྱིན་ཚར་བ་རེད། གང་ལྟར་གྲལ་རིམ་ཐོག་ནས་དབང་བསྒྱུར་བ་ལྟ་བུ་དང༌། རྒྱལ་པོའམ་སྐུ་དྲག་གིས་དབང་བསྒྱུར་བ་ལྟ་བུ་དེ་ཚོ་སྔ་མ་ནས་ཡོལ་ཚར་བ་རེད། དེང་སང་ང་ཚོ་ཁ་ཞེ་གཉིས་མེད་ཀྱིས་མང་གཙོའི་ཐོག་ལ་འགྲོ་གི་ཡོད། མ་འོངས་པར་ཡང་བརྒྱ་ཆ་བརྒྱ་ཐམ་པ་མང་གཙོའི་ཐོག་འགྲོ་རྒྱུ་ལས་བཀས་བཀོད་རྒྱུད་འཛིན་དང༌། གྲལ་རིམ་གྱི་ལམ་ལུགས་རྩ་བ་ཉིད་ནས་བྱེད་འདོད་མེད་ལ། བྱེད་འདོད་ཡོད་ན་ཡང་ཡོང་ཐབས་རྩ་བ་ནས་མེད། འཛམ་གླིང་ལ་འགྱུར་བ་ཚུར་ཡོང་དུས་ང་ཚོ་ཕར་འགྲོ་གིན་བསྡད་ན་ཡོང་ཐབས་རྩ་བ་ནས་མེད།

     ཡིན་ན་ཡང་ད་ལྟ་ྋརྒྱལ་བ་རིན་པོ་ཆེས་བོད་སྤྱི་པའི་དོན་དག་འགན་འཁྱེར་བཞིན་ཡོད་པར་བརྟེན། ྋརྒྱལ་བ་རིམ་བྱོན་ཚོས་བོད་སྤྱི་པའི་དོན་ལ་འགན་འཁྱེར་བའི་དུས་ཚོད་གཅིག་གི་རིང་ལ། ག་རེ་བྱས་ཀྱང་ྋགོང་ས་ྋལྔ་པ་ཆེན་པོས་བཙུགས་པའི་དགའ་ལྡན་ཕོ་བྲང་ལ་འབྲེལ་བ་ཞིག་ཆགས་ཀྱི་ཡོད། དེ་འདྲ་ཡིན་དུས་དགའ་ལྡན་ཕོ་བྲང་དང་མ་འགྲིགས་པའི་གླེང་གཞི་ཅན་འདྲ་མིན་དེ་ཚོ་ཕར་ཙམ་དེ་ནས་གཅིག་བཤད། ཚུར་ཙམ་དེ་ནས་གཅིག་བཤད་བྱས་ན་ཡག་པོ་མེད། གྱོང་སུ་ལ་རག་མ་རག་དེ་རིམ་པས་རིམ་པས་ཤེས་ཡོང་གི་རེད། མཇུག་ཏུ་འགྱོད་པ་སྐྱེ་རྒྱུ་གཅིག་བྱུང་ན་ཡག་པོ་མེད། ཚང་མ་ཡག་པོ་བྱས་ཏེ་སེམས་ལ་ངེས་པ་བྱེད་དགོས། གལ་ཆེ་སར་བསམ་བློ་གཏོང་དགོས་པ་ལས་གལ་ཆུང་སར་མགོ་འཁོར་རྒྱུ་མེད། ངའི་བླ་མའི་གཅིག་ཡིན། ཡས་ཡིན། མས་ཡིན་ཟེར་ས་བསྡད་མེད། བོད་མི་ས་ཡ་དྲུག་ཡོངས་རྫོགས་ཁ་སྦུབ་ལོག་ནས་བསྡད་པའི་དུས་ཚོད་གཅིག་ལ་ཐུག་ཡོད་པ་ལས་དགོན་པ་རེ་རེ་གཉིས་རེའི་སྐད་ཆ་དང༌། བླ་མ་རེ་གཉིས་ཀྱི་སྐད་ཆ་མ་རེད། ཤེས་སོང་ངམ། བོད་མི་ས་ཡ་དྲུག་ཡོངས་རྫོགས་ཁ་སྦུབ་ལོག་ནས་བསྡད་པའི་དུས་ཚོད་གཅིག་གི་སྐབས་ལ། ྋརྒྱལ་བ་རིན་པོ་ཆེས་ྋརྒྱལ་བ་ལྔ་པའི་སྐབས་ཡོད་པའི་ལམ་སྲོལ་འཛིན་བཞིན་ཡོད་པ་འདི་ལ་བསམ་བློ་གཏོང་དགོས། ཁྱེད་རང་ཚོས་ཆོས་རྒྱུད་སོ་སོའི་ཕྱག་ལེན་ཡིན་མདོག་གི་ཐོག་ནས་ངས་བཤད་པ་འདི་ཚོ་ལ་ངས་རང་དགར་གཏམ་བཤད་བྱས་པ་ལྟ་བུ་དང༌། ཡང་ན་ངས་འོལ་ཚོད་བཤད་པ་ལྟ་བུར་ཁ་ཤས་ཀྱིས་གོ་བ་མི་ལེན་པའི་ངེས་པ་མེད། འོན་ཀྱང་དེ་ཚོར་བློ་གཟུ་བོར་གནས་པའི་ཐོག་ནས་ཁྱེད་རང་ཚོས་རིམ་པས་བརྟག་དཔྱད་གྱིས་དང༌། ལོ་རྒྱུས་མང་པོ་ཞིག་ལྟོས་དང༌། ཚུར་ཕྱོགས་ཀྱི་ལོ་རྒྱུས་ཉན། ཕར་ཕྱོགས་ཀྱི་ལོ་རྒྱུས་ཉན། ཞིབ་འཇུག་མང་པོ་བྱས་ཏེ་བརྟག་དཔྱད་བྱས་ན། རིམ་པས་རིམ་པས་ཤེས་ཡོང་གི་རེད། གང་ལྟར་དེ་ཚོའི་ཐོག་ལ་གཟབ་གཟབ་མ་བྱས་ན་ཡག་པོ་མི་འདུག ཤེས་སོང་ངམ་ཞེས་བཀའ་སྩལ། །

 ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཁུལ་དུ་ཡོད་པའི་བླ་སྤྲུལ་རྣམ་པ་དང༌། དགེ་བཤེས། ཉེ་འཁོར་གྲྭ་ཚང་གི་འཐུས་མི། གྲྭ་བཙུན་གཙོ་བོར་གྱུར་པའི་ཐོག་བཀའ་སྤྱི་དང་སྲི་ཞུའི་ལས་བྱེད་ཁོངས་གཏོགས་དང༌། ཚོགས་པ་ཁག་གི་རྒྱུན་ལས་འཐུས་མི། གཞན་ཡང་སེར་སྐྱ་མི་མང་ཁག་གཅིག་བཅས་ལ་དོལ་རྒྱལ་ལམ། རྒྱལ་ཆེན་ཤུགས་ལྡན་གྱི་སྐོར་ལ་ལོ་རྒྱུས་ཀྱི་ཡིག་ཆའི་ཁུངས་སྐྱེལ་དང་བཅས་སྤང་བླང་བྱེད་སྒོའི་བཀའ་སློབ་གསལ་བཤད་ཤིན་ཏུ་གལ་ཆེ་བ་ཞིག་སྩལ་བའི་བཀའ་སློབ།

     དེ་འདྲའི་གནས་ཚུལ་གྱི་འོག་ནས་ཐོག་མར་ངོས་ནས་གནས་སྟངས་འདི་འདྲ་ཞིག་ལ་བཞག་པ་ཡིན་ཡང༌། བར་སྐབས་ནས་ཚོད་རྩིས་བྱས་ཏེ་གནས་ཚུལ་ཡོང་བའི་སྐབས་ལ། ཁ་སང་ངས་ཁ་ཁར་བསྡད་ན་སྐད་ཆ་ཉུང་ལ། རྣ་ཅོག་འཇམ་པ་ཡག་པོ་འདུག་ཀྱང༌། ཡིན་ནའང་ཆོས་དང༌། ཆབ་སྲིད་གཉིས་ཀའི་ཐོག་གང་ལྟར་གནད་འགག་ཅིག་ཆགས་ཀྱི་ཡོད་དུས་འདིའི་སྐོར་ལ་ཤོད་པའི་བབས་འོས་ངོས་ལ་ཡོད་པ་ལས་གཞན་སུ་གཅིག་གིས་ཤོད་ཐུབ་མཁན་མེད། ཧ་ཅང་ཁག་པོ་ཡིན། དེའི་བབ་འོས་ངོས་ཀྱི་སྒང་ལ་སླེབས་ཡོད། ྋརྒྱལ་བ་རིན་པོ་ཆེ་ཆོས་སྲིད་གཉིས་ཀྱི་འགོ་ཁྲིད་རེད་བརྗོད་ཀྱི་ཡོད་པ་རེད་ལ། ཆོས་སྲིད་གཉིས་ཀྱི་འགོ་ཁྲིད་ཡིན་ནམ་མིན་ནམ་གང་ལྟར་ལྷ་ཡི་འཇིག་རྟེན་གྱི་ཡུལ་ལའང་མགོ་ཏོག་ཙམ་བརྒྱུས། མི་ཡི་འཇིག་རྟེན་གྱི་ཡུལ་ལའང་མགོ་ཏོག་ཙམ་བརྒྱུས་ཏེ་བསྡད་མཁན་འདི་ང་ཆགས་ཡོད། དེར་བརྟེན་ལྷ་ཡི་འཇིག་རྟེན་ནང་ཕན་གནོད་གང་འདྲ་ཡོང་གི་ཡོད་མེད་ངོས་ནས་ཕྲན་བུ་ཤེས་པ་འདི་མཐོང་བ་མངོན་གྱུར་མ་ཡིན་ཀྱང་ཉམས་མྱོང་དང༌། གནས་ཚུལ་མང་པོ་ཞིག་རྩད་བཅད་ནས་ཡོང་དུས་ཕྲན་བུ་ཚོད་དཔག་དང༌། རིགས་པས་རྗེས་དཔག་བྱེད་ཐུབ་ཀྱི་འདུག དེ་འདྲ་ཡིན་དུས་ངོས་ནས་མཐོང་གིན་མཐོང་གིན་ལ་བློས་བཏང་ནས་བསྡད་པ་ཡིན་ན་དེ་ནི་ང་རང་གིས་ལན་པ་རེད་སྙམ་པ་དྲན་གྱི་འདུག ངས་བརྗོད་ནས་མ་ཉན་ན་ངོས་ལ་ཁག་གང་ཡང་མེད།

   ངོས་ནས་ཆོས་དང་ཆབ་སྲིད་གཉིས་ཀའི་ཐོག་དགེ་དང་སྐྱོན་ག་རེ་ཡོད་པ་དེ་ངོས་ནས་གསལ་པོ་བྱས་ཏེ་བཤད། བཤད་ནས་ཉན་དང་མི་ཉན་འདི་ཁ་ཆེ་ཕ་ལུའི་བསླབ་བྱའི་ནང༌།

ཁ་ཆེ་ཕ་ལུས་སྙིང་གཏམ་བཤད་ཡོད་དོ། །ཉན་དང་མི་ཉན་སོ་སོའི་ལག་པ་རེད། །

ཅེས་བཤད་ཡོད་པ་ནང་བཞིན་ཉན་དང་མི་ཉན་སོ་སོའི་ལག་པ་རེད་མ་གཏོགས་ངས་དབང་ཤེད་དང༌། བཙན་བཀའ་གཏོང་རྒྱུ་གང་ཡང་མེད། དེར་བརྟེན་ཁ་སྔོན་ངོས་ནས་ནན་པོ་བྱས་ཏེ་བརྗོད་པའི་གནས་ཚུལ་དེ་ལྟར་ཡིན།

ཕྱི་ལོ་ ༢༠༠༠ ཟླ་ ༡༢ ཚེས་ ༦ ཉིན་བཞུགས་སྒར་དྷ་རམ་ས་ལར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་མགོན་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ྋཞབས་སོར་བཀའ་དྲིན་བསྐྱངས་ཏེ་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
ཁྱེད་རྣམ་པས་གསན་ཡོད་ཤག ཆོས་དད་རང་མོས་དང་འགལ་བའི་སྐོར་ཞིག་ཟེར་གྱི་ཡོད། དེ་ལ་ང་རང་གི་ཉམས་མྱོང་ཞིག་ཞུས་ན། ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་བྱང་ཆུབ་སེམས་ཀྱི་བསྟོད་པ་ལ་ང་རང་དད་པ་རང་དབང་མེད་པར་སྐྱེས་ཏེ་ཁུ་ནུ་བླ་རིན་པོ་ཆེའི་དྲུང་ནས་བྱང་ཆུབ་སེམས་བསྟོད་ཀྱི་བཤད་ལུང་ཞུས་པ་དང༌། དེ་བཞིན་གཞུང་ཆེན་བཅུ་གསུམ་གྱི་གྲས་གཞུང་འགའི་བཤད་ལུང་ྋཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་སོགས་ནས་ཞུས་པ་དེའི་འཕྲོས་རྣམས་ཁུ་ནུ་བླ་མ་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་ཡིན། སྐབས་དེར་རྙིང་རྒྱུད་སྒྱུ་འཕྲུལ་གསང་བ་སྙིང་པོའི་བཤད་ལུང་ཁོང་གི་དྲུང་ནས་ཞུ་འདོད་བྱུང་བ་ལྟར། ཡོངས་འཛིན་གླིང་རིན་པོ་ཆེ་ལ་བཀའ་འདྲི་ཞུས་པ་ཡིན། གླིང་རིན་པོ་ཆེས་འདི་མ་གསན་ན་ཡག་གི་རེད། སྐད་ཆ་མང་པོ་ཡོད་པས་ཡག་པོ་མེད་ཅེས་གསུངས་བྱུང༌། གླིང་རིན་པོ་ཆེ་ཐུགས་ཆུང་ཆུང་ཡིན་སྟབས་དོལ་རྒྱལ་གྱིས་གནོད་གླེང་ཡོང་དོགས་དགོངས་ཚོད་རེད། རྒྱུད་གསང་བ་སྙིང་པོ་ནི་བུ་སྟོན་ཐམས་ཅད་མཁྱེན་པས་ཞུ་དག་གནང་བའི་བཀའ་འགྱུར་གྱི་རྒྱུད་པོ་ ༼ཛ༽ ༼ཝ༽ ༼ཞ༽ གསུམ་གྱི་ནང་ཡོད་ཅིང༌། རྙིང་མ་བཀའ་མ་ཚད་ལྡན་ལ་རྩི་གི་ཡོད། ཚད་ལྡན་ལ་བརྩིས་པའི་རྒྱུད་གསང་བ་སྙིང་པོའི་བཤད་ལུང་ངས་ཞུ་འདོད་བྱེད་པའི་སྐབས་ལ། ཡོངས་འཛིན་རིན་པོ་ཆེས་འདི་སྐད་ཆ་མང་པོ་ཡོད་པ་རེད་གསུངས་པ་འདི་དོལ་རྒྱལ་ལ་དོགས་ཟོན་གནང་ཚོད་ལ་དེའི་རྐྱེན་གྱིས་ངེད་རང་རྒྱུད་གསང་བ་སྙིང་པོ་ཞུ་འདོད་ཡོད་ཀྱང་ཞུ་བའི་རང་དབང་མ་བྱུང༌། ཆོས་དད་རང་མོས་ཀྱི་ཐོབ་ཐང་དོལ་རྒྱལ་གྱིས་འཕྲོགས་པ་རེད། ཤེས་སོང་ངམ།

       དེ་ནས་ངས་དོལ་རྒྱལ་བསྟེན་དང་མ་བསྟེན་བརྟག་དཔྱད་རིམ་པར་བྱས་པ་དང༌། མཐར་ཟན་བརྟག་བསྒྲིལ་ཏེ་མཚམས་འཇོག་བྱས། དེ་འབྲེལ་རིས་མེད་ཀྱི་ཆོས་འབྲེལ་ཞུ་རྒྱུ་དང༌། སྐབས་སུ་བབས་པ་ཕུར་པའི་དབང་ཞུ་རྒྱུའི་སྐོར་ཟན་བརྟག་བསྒྲིལ་ནས་བརྟག་དཔྱད་བྱེད་སྐབས་ཞུ་རྒྱུ་བཟང་བ་ཕེབས་བྱུང༌། འདི་སྐོར་ཁྱེད་རང་ཚོ་མང་པོས་གོ་ཐོས་བྱུང་ཡོད་ཤག་ཡིན། ད་ལམ་འགྲེལ་བཤད་ཅིག་བྱས་ན། ཟན་བརྟག་སྒྲིལ་སྐབས་གལ་ཆེན་པོར་བརྩིས་ནས་བོད་གངས་ཅན་ལྗོངས་ཀྱི་ལྷག་པའི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་ཀྱི་སྣང་བརྙན་ཁྱད་འཕགས་ྋརྒྱལ་བ་ལྔ་པ་ཆེན་པོར་གསང་བ་རྒྱ་ཅན་གྱི་ཆོས་སྐོར་མང་པོ་ཞིག་དག་སྣང་བྱུང་བའི་འཕགས་པ་མཆེད་གཉིས་ཀྱི་གྲས་ཇོ་བོ་ཝ་ཏི་བཟང་པོ་སྐྱིད་གྲོང་ཇོ་བོ་འདི་རྟེན་གྱི་གཙོ་བོ་བྱས། འདིའི་མདུན་ལ་དཔལ་ལྡན་ལྷ་མོའི་སྐུ་ཐང་ྋརྒྱལ་བ་དགེ་འདུན་རྒྱ་མཚོའི་ཐུགས་དམ་གྱི་རྟེན། དེ་ནས་བཟུང་ྋརྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་རྩ་ཆེར་རྩི་གནང་གི་ཡོད། ྋགོང་ས་ྋལྔ་པ་ཆེན་པོ་ཕྱིའི་ལྗགས་དབུགས་ཆད་ཟིན་པའི་དུས་སུ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕྱག་འཚལ་ཞུས་ནས་ད་ལྟ་ཕོ་བྲང་དམར་པོ་བརྩིགས་འཕྲོར་ལུས་ཡོད་པ་དང༌། དེ་དང་དེ་འདྲ་བའི་བྱ་བ་མང་པོ་ཞིག་ལུས་ཡོད་པས། ཁྱེད་རང་དགོངས་པ་རྫོགས་ན་ད་གང་འདྲ་བྱེད་དགོས་ཞེས་སྨྲེ་སྔགས་ཀྱི་འོ་དོད་འབོད་པའི་སྐབས་སུ་ྋརྒྱལ་བ་ལྔ་པ་ཆེན་པོ་སླར་ལྗགས་དབུགས་གསོས་ཏེ་སྡེ་སྲིད་ལ་བྱ་བ་ཆུང་རྩག་དེ་ཚོ་ཁྱེད་རང་གི་བློའི་རྣམ་དཔྱོད་ཀྱིས་ཐག་གཅོད། ཆེ་བ་རྣམས་དཔལ་ལྡན་ལྷ་མོའི་སྐུ་ཐང་གསུང་བྱོན་མ་འདིའི་དྲུང་དུ་ཟན་བརྟག་བསྒྲིལ་ནས་ཐག་གཅོད་བྱེད་ཅེས་གསུངས་པ་དེ་ལྟར་ཐུགས་གཙིགས་ཆེན་པོ་གནང་གི་ཡོད་པ་དེ་གདན་འདྲེན་ཞུས། གནང་ཆུང་ཆོས་སྐྱོང་ཡང་སྤྱན་འདྲེན་ཐོག གལ་ཆེས་ཤོས་ཡོངས་འཛིན་གླིང་རིན་པོ་ཆེ་གདན་འདྲེན་ཞུས་ཡོད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་སྐབས་དེར་དྷ་རམ་ས་ལར་བཞུགས་མེད་ཅིང་ཡོད་ན་གདན་འདྲེན་ཞུ་རྒྱུ་ཡིན། ཁོང་རྣམ་པའི་སྐུ་མདུན་ལ་ཟན་བརྟག་ཞུས་པ་ཡིན།

     ྋཡོངས་འཛིན་རིན་པོ་ཆེ་ནི་དུས་འདི་ནས་བཟུང་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་ངའི་སྐྱབས་གནས་ཞུ་ས་ཡིན་པ་དང༌། ཝ་ཏི་བཟང་པོ་ནི་བོད་ཁ་བ་གངས་ཅན་གྱི་ལྷ་སྐལ་ཡིན། དཔལ་ལྡན་ལྷ་མོ་ནི་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ནས་བཟུང་སྲུང་མའི་གཙོ་བོ་དང༌། ཕལ་ཆེར་ྋརྒྱལ་བ་རིན་པོ་ཆེའི་ཨ་མ་ལྟ་བུ་ཡིན། གནས་ཆུང་རྡོ་རྗེ་གྲགས་ལྡན་ནི་དགའ་ལྡན་ཕོ་བྲང་གི་སྲུང་མ་དམར་ནག་གཉིས་ནང་གི་གཅིག་ཡིན་པ་བཅས་འདི་རྣམས་གཙོ་བོ་ཡིན་པས། དེ་རིང་ངས་དོན་གནད་གལ་ཆེ་ཞིག་ཐག་གཅོད་བྱེད་པའི་ཆེད་དུ་ཁྱེད་རྣམ་པའི་སྐུ་མདུན་དུ་ཟན་བརྟག་སྒྲིལ་གྱི་ཡིན་ཞུས་པ་ཡིན། དེ་དག་ལ་བསམ་བློ་ཞིག་བཏང་ན། ཡོངས་འཛིན་རིན་པོ་ཆེ་གཅིག་པུ་ལ་བློས་མ་བཀལ་བ་དང༌། ལྷ་མོ་དང་གནས་ཆུང་ལ་ཡང་ཆ་མ་བཞག་པར་རྩ་གསུམ་ཀུན་ཚང་བའི་མདུན་ལ་ཟན་བརྟག་བསྒྲིལ་བ་ལྟ་བུ་ཡིན། སྐབས་སུ་བབས་པ་ཕུར་པ་དང༌། རྙིང་མའི་ཆོས་སྐོར་ཞུ་རྒྱུ་ཕེབས་པ་ལྟར་གཏན་འཁེལ་བྱས་པ་ཡིན། དེ་ནས་བཟུང་ཕུར་པའི་དབང་དང༌། རིམ་པས་རྙིང་མའི་ཆོས་སྐོར་མང་པོ་ཞུས་ཏེ་ང་ལ་ཆོས་དད་རང་མོས་ཐོབ་བྱུང༌། ཆོས་དད་རང་མོས་ཀྱི་འགལ་རྐྱེན་དམ་བསྒྲགས་བྱེད་པ་ནི་ཆོས་དད་རང་མོས་སྲུང་སྐྱོབ་ཀྱི་ཆ་རྐྱེན་དུ་འགྲོ་བ་ཡིན། ང་རང་ཚོའི་དབུ་ཚད་ཀྱི་གཞུང་ནང་དགག་པ་གཉིས་ཀྱིས་རྣལ་མ་སྟོན་པ་ཞེས་པ་འདི། ཆོས་དད་རང་མོས་འགོག་མཁན་དེ་དགག་དུས་ཆོས་དད་རང་དབང་སྐྱོབ་པ་ཡིན།

       ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༡ ཚེས་ ༡༡ ཉིན་རྒྱ་གར་ལྷོ་ཕྱོགས་སེ་ར་ཆོས་སྒར་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་འབྲེལ་གནང་སྐབས་རྒྱ་གར་ལྷོ་ཕྱོགས་རིས་མེད་ཆོས་སྡེ་ཁག་གི་མཁན་པོ་ལས་ཟུར་དང༌། བླ་སྤྲུལ། དགེ་འདུན་འདུས་པ་རྒྱ་མཚོ། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་དང༌། ནང་སྲིད་དྲུང་ཆེ། མངའ་ཁུལ་དེའི་ས་གནས་འགོ་འཛིན་སོགས་འགན་ཁུར་བ་དང༌། སྤྱི་སྒེར་ཚོགས་སྡེ་ཁག སེར་སྐྱ་མི་མང་བཅས་ལ་དོལ་རྒྱལ་སྐོར་བཀའ་སློབ་སྩལ་བ།

     ངོས་ནས་ྋགོང་ས་ལྔ་པ་ཆེན་པོའི་གསུང་ཁག་ལ་ཆ་འཇོག་བྱེད་ཀྱི་ཡོད། དོལ་རྒྱལ་གྱི་དཀའ་རྙོག་ཐོག་མ་ཐོན་སྐབས་ངོས་ནས་མྱོང་བའི་དཔྱད་པ་བྱས། ཟན་བརྟག་བསྒྲིལ། མོ་བརྒྱབ་པ་སོགས་བརྟག་དཔྱད་རིམ་པ་བྱས་ཏེ་ཐག་གཅོད་བྱས་པ་ཡིན། ལྷག་པར་དུ་གོང་གསལ་གྱི་ལོ་རྒྱུས་ཡིག་ཆ་ཁག་རྙེད་རྗེས་ཡིད་ཆེས་བརྟན་པོ་བྱུང་སྟེ་ཐག་གཅོད་བྱས་པ་ཁག་འགྲིགས་སྙམ་པ་དང༌། ྋགོང་ས་ལྔ་པ་ཆེན་པོའི་དགོངས་པ་བསྒྲུབས་འདུག་སྙམ་སྟེ་བློ་བདེ་པོ་བྱས་ཏེ་བསྡད་ཡོད། ངོས་ནས་ྋགོང་ས་ལྔ་པ་ཆེན་པོའི་མཛད་འཕྲིན་གྱི་འཕྲོ་བསྐྱངས་པར་བརྟེན་སྐབས་སོ་སོར་ྋགོང་ས་ལྔ་པ་ཆེན་པོ་དགྱེས་པའི་མཚན་མ་ཡང་ཡང་བྱུང༌། གང་ལྟར་ངོས་ནས་ཐག་གཅོད་བྱས་པ་དེ་དག་བསྲེགས་བཅད་བརྡར་གསུམ་དང༌། ལོ་རྒྱུས་ཀྱི་ཁུངས་དང་བཅས་ཏེ་ཐག་གཅོད་བྱས་པ་ལས། རྙིང་མ་བའི་ངོ་ལ་བལྟས་ཏེ་ཐག་གཅོད་བྱས་པ་མིན་ལ། ཆབ་སྲིད་འཁྲབ་སྟེ་ཐག་གཅོད་བྱས་པ་ཡང་མིན། ཐག་གཅོད་བྱེད་པའི་བརྒྱུད་རིམ་དེ་ལྟར་ཡིན། མ་ཤེས་རྨོངས་པའི་ལམ་དུ་འཕྱན་པ་རྣམས་ལ་ལམ་སྟོན་ཡིན། ཤེས་བཞིན་ཁྱད་གསོད་བྱེད་མཁན་ལ་བཤད་རྒྱུ་གང་ཡང་མེད། སྔོན་མ་ནས་བཤད་ཡོད། དགེ་སྐྱོན་གྱི་བླང་དོར་ལམ་སྟོན་བྱེད་རྒྱུ་ངོས་ལ་འོས་འགན་ཡོད། ཉན་དང་མི་ཉན་དོ་བདག་རང་ཉིད་ཀྱིས་བསམ་བློ་གཏོང་དགོས། དགེ་སྐྱོན་བཤད་པ་ཙམ་གྱིས་ཆོས་དད་རང་དབང་འཕྲོག་གི་མེད། དགེ་སྐྱོན་བཤད་པ་ཙམ་གྱིས་ཆོས་དད་རང་དབང་འཕྲོག་གི་ཡོད་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དངོས་སྨྲ་བར་དགག་པ་ཤུགས་ཆེ་གནང་ཡོད། འོན་ཀྱང་ཀླུ་སྒྲུབ་ཀྱིས་དངོས་སྨྲ་བའི་ཆོས་དད་རང་དབང་འཕྲོག་པ་མིན། རྗེ་རིན་པོ་ཆེས་དྲང་ངེས་ལེགས་བཤད་སྙིང་པོའི་དབུ་ནས་མཇུག་བར་གཞན་སྟོང་ལ་དགག་པ་ཤུགས་ཆེ་གནང་ཡོད། དེ་ནི་རྗེ་རིན་པོ་ཆེས་གཞན་སྟོང་གི་ཆོས་དད་རང་དབང་འཕྲོག་པ་མིན། ཡིན་མིན་གྱི་གནས་ལུགས་གསལ་བཤད་བྱས་པ་ནི་ཆོས་དད་རང་དབང་འཕྲོག་པ་ཞིག་གཏན་ནས་མིན།

ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༡༡ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་ཝཱ་རཱ་ཎ་སིའར་སྤྱོད་འཇུག་ཆེན་མོ་དང༌། སྒོམ་རིམ་བར་པའི་གསུང་ཆོས་བཀའ་དྲིན་སྩོལ་སྐབས་ཧི་མ་ལ་ཡའི་རི་རྒྱུད་ལ་དྭགས་ནས་མོན་བར་དང༌། འབྲུག་ཡུལ། དེ་བཞིན་བལ་ཡུལ་བཅས་ནས་ཆེད་གཉེར་གྱིས་ཕེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
     དེས་ན་ང་རང་ཚོས་ཤེས་ལ་མ་ཤེས་དང་ཧོལ་རྒྱུག་བྱས་ཏེ་དོལ་རྒྱལ་བསྟེན་ན་ཕན་ཐོགས་མེད། ཡང་སྒེར་སོ་སོའི་ངོས་ནས་བསམ་བཞིན་དུ་དོལ་རྒྱལ་བསྟེན་རྒྱུར་དགེ་མཚན་ཡོད་པ་ཞིག་མཐོང་སྟེ་བསྟེན་པ་ཡིན་ན་ཆོས་དད་རང་མོས་དང་སོ་སོའི་རང་དབང་རེད། སོ་སོས་ཤེས་བཞིན་དུ་དུག་ཟས་པ་ཡིན་ན་སོ་སོའི་རང་དབང་རེད་མ་གཏོགས་གང་ཡང་བརྗོད་རྒྱུ་མེད། བསྟེན་དང་མ་བསྟེན་སོ་སོའི་རང་དབང་རེད། ཡིན་ནའང་གནད་འགག་མ་ཤེས་པ་དང༌། མགོ་མ་ཚོས་པར་ཧོལ་རྒྱུག་ཏུ་ཕྱིན་ན་ཡག་པོ་མེད། ངོས་ཀྱིས་དེ་ཁྱེད་ཚོར་ཞོར་འཕྲོས་སུ་བརྗོད་ན་བསམ་བྱུང་ཞེས་བཀའ་སྩལ་ཏོ།། །།

ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡༣ ཉིན་མོན་ཡུལ་དུ་མཚོ་སྣ་རིན་པོ་ཆེའི་དགོན་པར་འབུམ་སྡེ་ལ་བསྟན་འཛིན་སྒང་སོགས་ཀྱི་མང་ཚོགས་རྣམས་ལ་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
ཁྱེད་རང་ཚོ་སྒེར་པ་སོ་སོའི་ནང་དུ་དོལ་རྒྱལ་བསྟེན་ནས་དངོས་གནས་ཕན་གྱི་ཡོད་པ་དང༌། ཕན་པའི་རང་བཞིན་ཅན་ཞིག་ཡིན་ན། དེ་ལ་ངོས་ནས་དགག་པ་བྱེད་དགོས་དོན་གང་ཡང་མེད། ཁ་ཤས་ནས་འདི་ལྟར་བརྗོད་ཀྱི་འདུག དོལ་རྒྱལ་གྱི་གཡང་སྒྲུབ་བྱས་ཏེ་གཡང་བུམ་ཉར་ན་ཚོང་ལམ་འགྲོ་ཡོང་གི་རེད་ཅེས་བརྗོད་ཀྱི་འདུག དེ་ནི་བྱབ་ཆུང་བ་རེད། ཤེས་སོང་ངམ། ང་ཚོ་ནང་པ་རེད། ང་ཚོའི་སྐྱབས་དང་མགོན་དང་དཔུང་གཉེན་ནི་བཅོམ་ལྡན་འདས་ཡིན་པ་ལས། དྲེགས་པ་ཞིག་ལ་བརྩི་བ་དེ་ནོར་བ་རེད། ལྷག་དོན་བསྟན་པ་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་གྱི་དྲེགས་པ་ཞིག་ལ་རང་ཉིད་ཀྱི་གློ་སྙིང་བྲང་གསུམ་གཏད་ན། རང་གི་སྐེ་ལ་རང་གིས་ཞགས་པས་བཅིངས་པ་ལྟ་བུ་ཞིག་ཡིན། དེ་ནི་ཡག་པོ་གཏན་ནས་མི་འདུག དེས་ན་ངོས་ནས་བོད་རྒྱ་ཆེའི་མི་མང་ལ་ཤ་ཚ་ནས་བཤད་ཀྱི་ཡོད་པ་ལས། ངས་རྙོག་དྲ་བཟོས་པ་ཞིག་རྩ་བ་ནས་མིན། དེ་ཡང་ང་འུ་ཐུག་ནས་བྱེད་ཀྱི་ཡོད་པ་ལས་དགའ་དྲགས་ནས་བྱེད་ཀྱི་མེད། ཐོག་མར་ངོས་རང་མཚམས་འཇོག་བྱས་ཟིན་པའི་རྗེས་སུ་ལམ་སང་གཞན་ལ་ཁྱབ་བསྒྲགས་བྱས་མེད།

   ང་རང་མཚམས་འཇོག་བྱས་ནས་ཁ་ཁུ་སིམ་མེར་བསྡད་པ་ཡིན། དེ་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་ལ་རྙོག་དྲ་ཞིག་བྱུང་སྟེ། ངོས་ལ་མོ་རྒྱག་རྒྱུ་ཞིག་བརྗོད་བྱུང༌། སྐབས་དེར་བྱང་རྩེ་གྲྭ་ཚང་གིས་བརྗོད་པར། བྱང་རྩེ་གྲྭ་ཚང་དུ་རྙོག་དྲ་མང་པོ་ཞིག་ཡོང་གི་ཡོད་སྟབས། ཁྲི་བྱང་རིན་པོ་ཆེར་སྙན་གསེང་དང་ཐུགས་དམ་ཞུས་པ་ཡིན། ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་ནས་བྱང་རྩེ་གྲྭ་ཚང་ལ་ལྷ་མོས་འཁོན་འདུག་ཅེས་གསུང་ཚུལ་བརྗོད་བྱུང༌། དེ་ལྟར་སྐད་ཆ་དྲི་གི་འདུག ང་གཞི་ནས་དོགས་པ་ཟ་བྱུང༌། ད་ནི་དོལ་རྒྱལ་བསྟེན་ན་ལྷ་མོ་འཁོན་གྱི་ཡོད་པ་དེ་ངོས་ནས་ཤེས་ཀྱི་ཡོད། དེར་བརྟེན་ཕལ་ཆེར་བྱང་རྩེ་གྲྭ་ཚང་གི་དོལ་རྒྱལ་ཤུགས་ཆེ་བསྟེན་པ་དང༌། སྲུང་མ་གཙོ་བོ་ནི་ལྷ་མོ་རེད། དེས་ན་ལྷ་མོ་འཁོན་པ་མིན་ནམ་སྙམ་སྟེ་ངོས་ནས་ཟན་བརྟག་བསྒྲིལ་བ་ཡིན། བྱང་རྩེ་གྲྭ་ཚང་ལ་བཀྲ་མི་ཤིས་པ་མང་པོ་ཡོང་བ་དེ་ལྷ་མོ་འཁོན་པའི་དབང་གིས་ཡིན་ནམ་ཞེས་ཟན་བརྟག་བསྒྲིལ་བར། ལྷ་མོ་འཁོན་པའི་དབང་གིས་ཡིན་ཞེས་བབས་བྱུང༌། ལྷ་མོ་འཁོན་པ་ཡིན་ན། དོལ་རྒྱལ་བསྟེན་པའི་དབང་གིས་ལྷ་མོ་འཁོན་པ་ཡིན་ནམ། ཡང་ན་རྒྱུ་མཚན་གཞན་དག་གི་ཐོག་ནས་ལྷ་མོ་འཁོན་པ་ཡིན་ཞེས་ཟན་བརྟག་བསྒྲིལ་བར། དོལ་རྒྱལ་བསྟེན་པའི་དབང་གིས་ལྷ་མོ་འཁོན་པ་ཡིན་ཞེས་བབས་བྱུང༌། དེ་ལྟར་ན་གནས་ཚུལ་དེ་བྱང་རྩེ་གྲྭ་ཚང་དུ་མ་བཤད་རང་བཤད་བྱུང༌། ཁྱེད་རང་ཚོས་བར་སྐབས་དོལ་རྒྱལ་ཤུགས་ཆེན་པོ་བསྟེན་ཡོད། ཁྱེད་རང་ཚོར་གྲ་མ་འགྲིགས་དང༌། བཀྲ་མི་ཤིས་པ་མང་པོ་ཡོང་བ་དེ་ནི་ལྷ་མོ་འཁོན་འདུག ལྷ་མོ་འཁོན་པའི་རྒྱུ་མཚན་ནི་དོལ་རྒྱལ་བསྟེན་པའི་དབང་གིས་བྱུང་འདུག་ཅེས་བྱང་རྩེ་གྲྭ་ཚང་ལ་མ་བཤད་རང་བཤད་རེད། དེ་རྗེས་རིམ་པས་ྋརྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བཀག་འགོག་བྱེད་ཀྱི་འདུག་ཅེས་ལྷ་མི་སྲུང་སྐྱོབ་ཚོགས་པ་ཟེར་བ་དེ་བཙུགས་པ་དང༌། དེ་ནས་རྡ་རམ་ས་ལར་མི་གསུམ་བསད་པ་དང༌། ད་ལོའི་ལོ་འདིའི་ནང་དགའ་ལྡན་གསེར་ཀོང་ཁང་ཚན་གྱི་འགོ་བྱེད་སར་དོལ་རྒྱལ་བསྟེན་མཁན་མི་གཉིས་ཡོང་སྟེ། གཅིག་གི་ལག་ཏུ་གྲི་འཁྱེར་བ་དང༌། ཅིག་ཤོས་དེའི་ལག་ཏུ་རྡོ་འཁྱེར་ནས་གང་ལྟར་གྲི་བརྒྱབ་པ་དང༌། མགོ་ལ་རྡོ་བཞུས་པ་སོགས་བྱས་སྟབས། ཁང་ཚན་གྱི་འགོ་བྱེད་དེ་སྨན་ཁང་དུ་འགྲོ་དགོས་བྱུང་ཡོད། དངོས་གནས་བྱས་ན་གསོད་རྩིས་རེད་འདུག དེ་ནི་སྐབས་དེའི་རྒྱ་གར་ཉེན་རྟོགས་པའི་ཡིག་ཆའི་ནང་དུ་ཡོད།

   རྡ་སར་མཚན་ཉིད་སློབ་དཔོན་གྱིས་མཚོན་པའི་མི་གསུམ་གསོད་སྐབས། རྡ་རམ་ས་ལའི་ཉེན་རྟོག་པས་གསོད་མཁན་དེ་དག་ལྡི་ལིའི་དོལ་རྒྱལ་ཚོགས་པ་ནས་ཡོང་བ་ཉེན་རྟོག་པས་གསལ་པོར་ཤེས་ཡོད། དེ་རྗེས་མི་དེ་རྣམས་ཁྲིམས་ལ་ཐུག་ཡོད། དེ་ལྟར་ཁོང་ཚོས་ཚོགས་པ་བཙུགས་ནས་གཞན་ལ་སྡིགས་ར་བསྐུལ་བ་སོགས་བྱེད་ཀྱི་ཡོད། ལྷག་པར་དེང་སྐབས་རྒྱ་མི་གུང་ཁྲན་གྱིས་དངུལ་སྤྲོད་ཀྱི་ཡོད། དེ་ནི་ཉེན་ཁ་ཆེན་པོ་ཡིན། ཐེ་ཝན་དང༌། སིངྒ་སྤུར། ཨ་མི་རི་ཀ་སོགས་སུ་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མི་སྣ་དང་འབྲེལ་བ་ཡོད་པ་ལྟ་བུ་འདུག གང་ལྟར་རྡོ་དོན་ཨི་ཊ་ལིར་ཡོད་པའི་གངས་ཅན་རིན་པོ་ཆེ་ལྟ་བུར་ཆ་བཞག་ན། རྒྱ་ནག་ཏུ་ཡང་ཡང་འགྲོ་གི་ཡོད། ལྷག་པར་རྒྱ་ནག་ཏུ་ཚོགས་འདུ་ཚོགས་པའི་སྐབས་ཁོ་རང་སྐུ་མགྲོན་གཙོ་བོ་བྱས་ཏེ་འགྲོ་གི་ཡོད། དེ་དག་ལ་ཕྲན་བུ་ཡིད་གཟབ་བྱེད་དགོས། དེ་ནི་ཁྱེད་རང་ཚོར་ཞོར་འཕྲོས་སུ་ཞུས་པ་ཡིན་ལ། ཁྱེད་རང་ཚོ་བློ་བདེ་བའི་ཁྱད་པར་ཡོད།

ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༨ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་འཇིག་རྟེན་ལས་འདས་པར་བསྟོད་པ་དང༌། བྱང་ཆུབ་ལམ་སྒྲོན། རྫོགས་ཆེན་སེམས་ཉིད་ངལ་གསོ། ལམ་རིམ་བསྡུས་དོན་བཅས་ཀྱི་བཀའ་ཁྲིད་སྩལ་ཞིང༌། ཐུགས་རྗེ་ཆེན་པོའི་བཀའ་དབང་སྩལ་ནོད་བཀའ་དྲིན་ཆེ་སྐབས་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།
དེས་ན་རྩ་བ་ཆོས་བྱེད་དང་མི་བྱེད་སོ་སོའི་རང་དབང་རེད། ལྷ་བསྟེན་གྱི་ཡིན་ནའང་འདྲ། འདྲེ་བསྟེན་གྱི་ཡིན་ནའང་འདྲ། དམ་སྲི་སོགས་གང་ཞིག་བསྟེན་མིན་རང་ཉིད་ཀྱི་ལག་ཏུ་རང་དབང་གཙང་མ་ཡོད། འོན་ཀྱང་གནས་ཚུལ་མ་ཤེས་པའི་ཐོག་ནས་བསྟེན་ན། གནས་ཚུལ་འདི་རེད་ཅེས་བརྗོད་དགོས་རྒྱུ་ངའི་ལས་འགན་རེད། དེས་ན་ངོས་ནས་བརྗོད་ཀྱི་ཡོད། བཤད་ནས་ཉན་དང་མི་ཉན་སོ་སོའི་བསམ་བློ་ཡིན། ཐོག་མ་ནས་ངོས་ཀྱི་ཉན་དང་མ་ཉན་སོ་སོའི་བསམ་བློ་རེད་ཅེས་བཤད་ཡོད། ཡིན་ལུགས་ཀྱི་གནས་ཚུལ་མང་པོ་ཞིག་ངོས་ནས་ཤེས་ཡོད། ཤེས་པ་དེ་མ་བཤད་ན་ངས་ནོར་བ་ཡིན། དེ་ངའི་ལས་འགན་རེད། བཤད་ན་མ་ཉན་ན་ཁྱེད་རང་སོ་སོ་སྡུག་གྱོང་ཡིན་པ་ལས་ང་ལ་ཁྱད་པར་གང་ཡང་མེད།

Related Articles

ལམ་སྟོན།