ནང་འགལ་མེད་པར་འགལ་འདུར་འཁྲུལ་བའི་འཁྲུལ་བ་སེལ་བའི་རིགས་པའི་ཆར་ཆེན།

http://shugdenfacts.com/gadenjangtsemonastery/སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཤིན་ཏུ་སྨད་པར་འོས་པའི་ཕྱི་རྒྱལ་བ་ཁག་ཅིག་ནས་སྔར་༸གོང་ས་མཆོག་གིས་དོལ་རྒྱལ་གྱི་འཕྲིན་སྐུལ་མཛད་པ་ཁར་འཁྱེར་ཏེ་ཐ་ཆད་ཀྱི་སྐུར་འདེབས་ཞུས་དོན། ༸གོང་ས་མཆོག་ནས་དེ་སྔ་དོལ་རྒྱལ་སངས་རྒྱས་སུ་འདོད་ལ། ད་ལྟ་མི་འདོད་པས་སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཅི་སྟེ་སྤྱན་རས་གཟིགས་སམ། སངས་རྒྱས་དངོས་ཡིན་ན། བཞེད་པ་སྔ་ཕྱི་འགལ་བས་སངས་རྒྱས་སུ་མི་འདོད་པར་སྨྲ་བ་ལ། ཆོས་མཐུན་གྱི་ལན་འདི་ལྟར་བྱའོ། །

དེ་ལྟར་མགོན་པོ་གང་ཉིད་ལྷ་དང་བཅས་པའི་འཇིག་རྟེན་ཡོངས་ཀྱིས་འདྲེན་པ་དམ་པ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་དངོས་ཡིན་ཡང། གདུལ་དཀའ་གདུལ་ཕྱིར་ཐབས་མཁས་ཀྱི་སྒོ་ནས་ཐ་མལ་གྱི་ཚུལ་མ་བཟུང་བར་རང་ཅག་སོ་སྐྱེ་ལས་མཐའ་ཅན་ལ་སངས་རྒྱས་ཀྱི་སྐུ་དངོས་ལོངས་སྤྱོད་པའི་སྐལ་བ་མེད་པས་ན། ཇི་སྐད་དུ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བླ་མཆོད་བདེ་སྟོང་དབྱེར་མེད་དུ།

བདེ་གཤེགས་སྐུ་གསུམ་རྒྱན་གྱི་འཁོར་ལོ་ནི། །ཐབས་མཁས་སྒྱུ་འཕྲུལ་དྲ་བའི་འཇོ་སྒེག་ལས། །
ཐ་མལ་ཚུལ་གྱིས་འགྲོ་བ་འདྲེན་མཛད་པའི། །སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་ཐ་མལ་གྱི་ཚུལ་བཟུང་བ་འདི་ཁོ་ནའི་དྲིན་ལས་ད་ལྟ་རང་ཅག་རྣམས་ཀྱིས་མགོན་པོ་གང་ཉིད་ཀྱི་སྐུ་མཇལ་གསུང་གི་བདུད་རྩི་ཉམས་སུ་མྱོང་རྒྱུ་ཡོད་པ་ནི་ཤིན་ཏུ་ནས་སྐལ་བ་བཟང་ངོ་། །དེ་ཡང་མགོན་པོ་གང་ཉིད་སྤྱིར་ཁམས་གསུམ་གྱི་སེམས་ཅན་སྤྱི་དང་། བྱེ་བྲག་ཏུ་འཛམ་བུ་གླིང་པའི་སྐྱེ་འགྲོ་རྣམས། ཁྱད་པར་རང་ཅག་བོད་འབངས་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་དུ་བྱོན་བཞིན་ཡོད་པ་ནི་མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དང། རང་ཅག་སྐལ་ལྡན་རྣམས་ཀྱི་བསོད་ནམས་གཉིས་ཚོགས་པའི་མཐུས་ཡིན་མོད། དེ་ལྟ་ན་ཡང་ལེགས་ཉེས་བླང་དོར་གྱི་གནས་ལ་སྒོ་ཀུན་ནས་རྨོངས། སྡིག་ལྟུང་གི་ཕུང་པོ་ཤིན་ཏུ་ལྕི་ཞིང་། ཚད་ལྡན་གྱི་བླ་མའི་མགོན་སྐྱབས་དང་བྲལ་བའི་ནུབ་ཕྱོགས་པའི་ནང་པར་རློམ་པ་དང། ཁྱད་པར་རི་བོ་དགེ་ལྡན་པར་ཁས་འཆེ་བའི་དམ་ཉམས་འགའ་ཞིག། མགོན་པོ་གང་གི་རྨད་བྱུང་མཛད་བཟང་ལ་ལོངས་སྤྱོད་རྒྱུའི་སྐལ་བ་དང་བྲལ་བ་ཙམ་དུ་མ་ཟད། ཇི་ལྟར་བདག་ཅག་གི་སྟོན་པའི་མཛད་པར། ལེགས་པའི་སྐར་མས་བཟང་པོའི་ཕྱོགས་གཅིག་ཀྱང་མ་མཐོང་བ་དང། ལྷས་བྱིན་གྱིས་སྟོན་པར་འགྲན་བཟོད་པ་དང་སྒོ་ཀུན་ནས་མཚུངས་པར་སྒྲོ་སྐུར་གྱི་འཆལ་གཏམ་སྣ་ཚོགས་སྨྲ་བ་ནི། ༸རྒྱལ་བ་བྱམས་མགོན་གྱིས་མངོན་རྟོགས་རྒྱན་སྐབས་བརྒྱད་པར།

ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང། །ས་བོན་མི་རུང་མི་འཁྲུངས་ལྟར། །
སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང། །སྐལ་བ་མེད་པས་བཟང་མི་མྱོང། །ཞེས་གསུངས་པ་ལྟར་གྱི་སྐལ་བ་དམན་པ་ཙམ་དུ་མ་ཟད་འོག་ནས་འོག་ཏུ་ལྟུང་བའི་རྒྱུ་ཁོ་ནའོ། །  དེའི་ཕྱིར་རྗེ་བདག་ཉིད་ཆེན་པོས་ཐོག་མཐའ་བར་གསུམ་དུ་དགེ་བའི་སྨོན་ལམ་ལས།

ཐུབ་པའི་དགོངས་པའི་དོན་ལས་ཕྱིར་ཕྱོགས་པའི། །རྟག་ཆད་ལྟ་བ་སྟོན་པར་བྱེད་པ་པོ། །

མི་དགེ་བཤེས་གཉེན་སྡིག་པའི་གྲོགས་རྣམས་ཀྱི། །དབང་དུ་ནམ་ཡང་འགྲོ་བར་མ་གྱུར་ཅིག །ཅེས་ཇི་ལྟར་སྨོན་ལམ་མཛད་པ་ལྟར་རང་གཞན་ཀུན་ནས་ཀྱང་རྒྱུན་དུ་ཡང་ཡང་སྨོན་ལམ་འདི་ལྟར་འདེབས་པ་ནི་གནད་ཀྱི་དམ་པའོ། །

སྐབས་དོན་གླེང་བ་ལ།
དེ་ཡང་སྤྱི་ནོར༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་ཕྲ་མོའི་སྐབས་དོལ་རྒྱལ་གྱི་སྐོར་ལ་རྒྱུས་མངའ་མེད་ཅིང་དེ་ལྟར་འབྲེལ་ཡོད་ཁག་གིས་ཞུས་ངོ་དང་བསྟུན་ནས་འཕྲིན་སྐུལ་གྱི་ནང་དོན་སྐབས་དེར་གྲོ་མོ་དུང་དཀར་མགོན་དུ་ཆིབས་ཞབས་སུ་བཅར་བའི་དེའི་སྐབས་ཀྱི་མཚན་ཞབས་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནས་འབུལ་གནང་མཛད་ནས་༸རྒྱལ་བའི་མཚན་ཐོག་ནས་དོལ་རྒྱལ་གྱི་འཕྲིན་སྐུལ་མཛད་པ་ཞིག་ཡོད་པ་དེ་༸རྒྱལ་དབང་རང་ཉིད་ཀྱི་གསུང་དངོས་མིན་ཡང་དེ་ཡིན་པའི་དབང་དུ་བྱས་ཀྱང། ཕྱིར་ནན་གྱིས་དཔྱད་པ་མཛད་འབྲས་ཐུགས་ཐག་ཆོད་པའི་དགོངས་གཞི་ནི་དོལ་རྒྱལ་དེ་ཉིད་བསྟན་པ་དང་འགྲོ་བ་ཀུན་ལ་འཚེ་བ་ཅན་གྱི་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོར་ངོས་འཛིན་མཛད་པ་རང་གཞན་ཀུན་གྱིས་མཁྱེན་གསལ་ལྟར་རོ། །

དེ་ཡང་ཇི་ལྟར་༸རྗེ་བདག་ཉིད་ཆེན་པོའི་ཐོག་མར་ལྟ་བའི་དཔྱད་པ་མ་རྫོགས་གོང་གི་གསུང་དང། ཕྱིས་ལྟ་བའི་དཔྱད་པ་རྫོགས་རྗེས་ཀྱི་གསུང་གཉིས་ལས། རྗེའི་རྗེས་འབྲང་མཁས་པ་རྣམས་ཀྱིས་ཕྱི་མ་གཙོ་བོར་བྱེད་པ་བཞིན། ༸རྒྱལ་དབང་འདིས་ཀྱང་སྐུ་ན་ཕྲ་མོ་བཅུ་དྲུག་སྐབས་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནས་ཕུལ་བའི་བརྗོད་དོན་དང་འབྲེལ་གཞན་ངོ་དང་བསྟུན་ཏེ་དོལ་རྒྱལ་གྱི་འཕྲིན་སྐུལ་མཛད་མོད་ཀྱང། ཕྱིས་ ༡༩༧༨ ཙམ་ནས་ད་ལྟའི་བར་དོལ་རྒྱལ་གྱི་སྐོར་ཐུགས་ཐག་ཆོད་པའི་བཀའ་སློབ་ཀྱི་དགོངས་དོན་རྣམས་གཙོ་བོ་ཡིན་པས། དོལ་རྒྱལ་སྐོར་ཞིབ་ཕྲ་མ་མཁྱེན་པའི་སྐབས་དང་མཁྱེན་པའི་སྐབས་ཀྱི་གསུང་གཉིས་ལས་ཕྱི་མ་གཙོ་བོར་འཛིན་དགོས་པའོ། །

གཞན་ཡང་སློབ་དཔོན་དབྱིག་གཉེན་གྱིས།
ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །
ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །

ཞེས་སྔར་ཐེག་ཆེན་སངས་རྒྱས་ཀྱི་བཀར་མི་འདོད་ཅིང་དེ་འགོག་པར་མཛད་ཀྱང། དགོངས་པའི་དཔྱད་པ་རྫོགས་མཐར་འགྱོད་བཤགས་ཀྱིས་ཐེག་པ་ཆེན་པོར་རང་ཉིད་ཞུགས་ཤིང། དེའི་བསྟན་བཅོས་མང་དག་ཀྱང་མཛད་པས་ན་སློབ་དཔོན་གྱི་རྗེས་འབྲང་ཐེག་ཆེན་པ་རྣམས་ཀྱིས་སློབ་དཔོན་གྱི་གསུང་ལུགས་སྔ་མ་རྣམས་ཁུངས་སུ་བྱས་ཏེ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་མི་འདོད་པའམ་སློབ་དཔོན་གྱི་སྔར་གྱི་མཛད་པར་བསྙད་དེ་སློབ་དཔོན་ལ་སྐུར་བ་མི་འདེབས་པ་ལྟར་རྣམ་དཔྱོད་དང་ལྡན་པ་ཡིན་ན་མ་བརྟག་མ་དཔྱད་གོང་གི་གསུང་དང་བརྟགས་ཤིང་དཔྱད་པའི་གྲུབ་དོན་གྱི་རང་ལུགས་ལས། ཕྱི་མ་གཙོ་བོར་བཟུང་བ་ལ་འགལ་བ་ཅི་ཞིག་ཡོད།

དེ་བཞིན་དུ་བོད་གངས་ཅན་གྱི་གྲུབ་ཐོབ་ཀྱི་རྒྱལ་པོ་༸རྗེ་བཙུན་མི་ལས་སྐུ་ཚེ་སྟོད་དུ་མཐུ་སྦྱངས་ཏེ་དགྲ་བཏུལ་བའི་མཛད་པ་མཛད་ཀྱང། ཕྱིས་དེར་འགྱོད་བཤགས་ཀྱིས་ཆོས་གཤའ་མ་བྱས་འབྲས་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱས་པ་ཡོངས་གྲགས་ལྟར་ཡིན། དེ་ལྟ་ན་ཡང་རྗེ་མི་ལའི་རྗེས་འབྲང་ཚད་ལྡན་རྣམས་ཀྱི་ནང་རྗེ་ཉིད་ཀྱི་སྐུ་ཚེའི་སྟོད་ཀྱི་གཞོན་ནུའི་མཛད་པ་རྒྱུ་མཚན་དུ་བྱས་ནས་སྐུར་བ་འདེབས་མཁན་དུས་ད་ལྟའི་བར་ཤེས་ལྡན་གཅིག་ཀྱང་བྱུང་མེད་དོ། །

དེ་བཞིན་སློབ་དཔོན་དཔའ་བོ་ཡང་ཐོག་མར་སངས་རྒྱས་ཀྱི་བཀའ་མི་འཐད་ཅིང་དེ་ཚད་མ་མིན་པར་བསྒྲུབ་འདོད་ནས་སངས་རྒྱས་སོགས་ཐམས་ཅད་ལ་སྐུར་བ་བཏབ་ཀྱང་ཕྱིས་སློབ་དཔོན་འཕགས་པ་ལྷས་རྩོད་པས་ཕམ་པར་མཛད་པ་ན་རིམ་གྱིས་སངས་རྒྱས་ཀྱི་བསྟན་པར་ཞུགས་ཤིང་མཐར་སངས་རྒྱས་ཀྱི་འཁྲུངས་རབས་ཀྱི་མཛད་པ་དང་རྗེས་སུ་མཐུན་པར་སློབ་དཔོན་རང་ཉིད་ཀྱི་ལུས་གང་པོ་སྟག་ལ་སྦྱིན་པར་མཛད་པ་སོགས་སྐུ་ཚེའི་མཛད་པ་བསམ་གྱིས་མི་ཁྱབ་པ་བྱུང་བ་དེ་ལྟར་ཡང། སློབ་དཔོན་གྱིས་སྔར་གྱི་ནང་པར་སྐུར་བ་བཏབ་པ་རྒྱུ་མཚན་དུ་བྱས་ཏེ་ནང་པ་ཚད་མ་མིན་པར་བསྒྲུབ་འདོད་པའམ། དེ་རྒྱུ་མཚན་དུ་བྱས་ཏེ་སློབ་དཔོན་ལ་སྐུར་བ་འདེབས་མཁན་གྱི་རང་ཅག་ནང་པའི་ཁྲོད་ན་ཤེས་ལྡན་སུ་ཡང་མེད་དོ།།

གོང་གི་དེ་དག་དང་མཚུངས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་གཞོན་ནུ་ན་སོ་ཕྲ་མོའི་དུས་རང་གི་ཉེ་གནས་སུ་ཡོད་པའི་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་དང་དེའི་སྐབས་ཀྱི་ཁོར་ཡུག་གི་རྐྱེན་པས་དོལ་རྒྱལ་དང་འབྲེལ་བ་བྱུང་རུང། ཕྱིས་ལོ་མང་བརྟག་དཔྱད་རིམ་པར་གནང་འབྲས་དོལ་རྒྱལ་བསྟེན་པ་ནི་ཕན་ལས་གནོད་པ་ཆེ་བར་གཟིགས་ཏེ་ཐོག་མར་རང་གིས་སྤང་བླང་ཚུལ་བཞིན་བྱས། རྗེས་སུ་གཞན་ལ་ལམ་སྟོན་མཛད་པའི་མཛད་བཟང་ལ་སྐུར་བ་འདེབས་མཁན་གྱི་ཤེས་ལྡན་སུ་ཞིག་ཡོད།

དེས་ན་རང་ཅག་རྣམས་ནས་ཀྱང་སེམས་ཅན་གྱི་ལས་དང་སྐལ་བ་དང་འཚམ་པའི་༸རྒྱལ་བའི་ཐབས་མཁས་ཀྱི་མཛད་པ་མི་འདྲ་བ་དུ་མ་མཛད་ཅིང་ཡོད་པ་ནི། ཇི་སྐད་དུ་འཕགས་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས།

སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ན་འགྲོ་བ་འཁྱམ་འགྱུར་བ། །
དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་། ། རིགས་པ་བརྒྱ་ཕྲག་གིས་ནི་འཛུད་པར་མཛད། །ཅེས་གསུངས་པ་ལྟར་རང་གི་དད་པ་སྤེལ་བའི་རྒྱུ་མཚན་དུ་བསམ་པ་ལས་ཁྱེད་ཅག་ཅོལ་ཆུང་དམ་ཉམས་རྣམས་ལྟར་དུས་ནམ་ཡང་སྐུར་བ་བཏབ་ནས་ངན་སོང་གི་རྒྱུ་ཁོ་ན་འཚོལ་བའི་ངལ་བ་མི་བྱེད་དོ། །

དེ་ཡང་སངས་རྒྱས་དངོས་ཡིན་ཀྱང་ཐ་མལ་བའི་ཚུལ་བཟུང་ཕྱིན་མི་ཤེས་པའི་ཚུལ་དང་། ན་བའི་ཚུལ་དང་། རྒ་བའི་ཚུལ་ལ་སོགས་པ་སྣ་ཚོགས་སྟོན་པ་དམ་པ་ཀུན་མཚུངས་པས་དེས་བདག་ཅག་གི་༸རྒྱལ་དབང་འདི་ཉིད་སྤྱན་རས་གཟིགས་དངོས་མིན་པ་ག་ལ་འགྲུབ།

དེ་ཡང་ཁོ་བོ་ནི་སྤྱིར་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་སངས་རྒྱས་དངོས་མིན་ཞེས་སྐུར་བ་མི་འདེབས་ཀྱང་ཁྱེད་རྨོངས་ཞེན་པ་ལྟར་བདག་ཅག་གི་བསྟན་པའི་བདག་པོ་སྟོན་པ་ཤཱཀྱ་ཐུབ་པ་དངོས་ཡིན་ཞེས་སྨྲ་བའི་ཧམ་སེམས་ཀྱང་མི་བྱེད། འོན་ཀྱང་ཁྱེད་ཀྱིས་༸སྐྱབས་རྗེ་རིན་པོ་ཆེ་སངས་རྒྱས་སུ་འདོད་པ་དང་། སངས་རྒྱས་ལ་ཐ་མལ་པའི་ཚུལ་བཟུང་རྒྱུ་མེད་པར་འདོད་པ་ལ་ནང་འགལ་གྱི་ཐལ་བ་འཕེན་པར་འདོད་པས་༸སྐྱབས་རྗེ་རིན་པོ་ཆེའི་ཞལ་སློབ་ཚད་ལྡན་རྣམས་ཐུགས་མ་རངས་བ་མ་མཛོད་ཅིག། བདག་ཀྱང་༸སྐྱབས་རྗེ་དམ་པའི་སློབ་བརྒྱུད་དུ་གཏོགས་པ་ཡིན་ཞིང་མ་དད་པ་མེད་པར་མ་ཟད། གང་ཉིད་ཀྱི་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཕན་པའི་མཛད་བཟང་གཞན་རྣམས་ལ་སྙིང་ནས་ཡི་རང་ཡང། འདིར་དམ་ཉམས་པ་ཚར་གཅོད་པའི་དགོས་པ་ཡོད་པས་རེ་ཞིག་རྗེ་ཉིད་ཆོས་ཅན་དུ་བཟུང་བ་ལ་གནང་བ་སྩལ་དུ་གསོལ།

དེ་ཡང་གལ་ཏེ་སངས་རྒྱས་ལ་མི་ཤེས་པའི་ཚུལ་བཟུང་རྒྱུ་མེད་ན་ཁྱེད་ཅག་གིས་དྲིལ་བསྒྲགས་བྱས་པའི་ཤིས་ཤོག་ནང་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པར་ཐག་བཅད་ནས་འདུག་པས་འགལ་འདུའི་ཕུང་པོ་ཅན་གྱི་ཁྱེད་ཅག་ལ་ཐལ་ཕྲེང་གི་ཆར་པ་འདི་ལྟར་འབེབ་ཏེ། དེ་ཡང་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་བསྟེན་པ་ན་དོལ་རྒྱལ་བྲན་དུ་བཀོལ་ནས་བསྟེན་ནམ། དོལ་རྒྱལ་ལ་སྐྱབས་སུ་སོང་ནས་བསྟེན། དང་པོ་ལྟར་ན་ཁྱོད་ཚོས་དོལ་རྒྱལ་ཡི་དམ་དུ་དངོས་སུ་ཁས་བླངས་པས་ན། ཡི་དམ་བྲན་དུ་བཀོལ་བའི་ལུགས་གསར་འདིས་ཁྱེད་ཚོ་ནང་པ་མིན་པ་རང་གིས་ངང་གིས་གྲུབ་སྟེ། སངས་རྒྱས་པར་ཡི་དམ་བྲན་དུ་བཀོལ་མཁན་གཅིག་ཀྱང་མེད་པའི་ཕྱིར། ཡང་བྲན་དུ་བཀོལ་བ་མིན་གྱི་སྐྱབས་སུ་སོང་བའི་སྒོ་ནས་བསྟེན་ནོ་ཞེ་ན་ནི་མི་འཐད་དེ། སངས་རྒྱས་ཟིན་ནས་སྐྱབས་སུ་གཞན་ལ་སྐྱབས་འཚོལ་མི་དགོས་ཤིང། ཐ་མལ་པའི་ཚུལ་བཟུང་རྒྱུ་མེད་པའང་ཁས་བླངས་ལ་སོང་བའི་ཕྱིར།

ཡང་རྗེ་འདི་པ་ཆོས་ཅན། སློབ་གཉེར་སོགས་གང་ཡང་མི་གནང་བར་ཆོས་ཀུན་མཁྱེན་པ་ཐལ། ཐོག་མར་འཁྲུངས་དུས་ནས་སངས་རྒྱས་ཀྱི་སྤྲུལ་པར་ཁྱེད་རྣམས་འདོད་ཅིང། སངས་རྒྱས་ཡིན་ཕྱིན་ཐ་མལ་བའི་ཚུལ་བཟུང་རྒྱུ་དང་། མི་ཤེས་པའི་ཚུལ་བཟུང་རྒྱུ་མེད་པ་ཁྱེད་རང་རྣམས་ཀྱིས་འདོད་པའི་ཕྱིར་ཏེ། སྤྱི་ནོར་༸གོང་ས་༸རྒྱལ་བའི་དབང་པོ་གང་ཉིད་བདག་ཅག་གིས་སངས་རྒྱས་སུ་འདོད་པ་ལ་ཐུགས་ལ་འཁྲུལ་བ་མངའ་བའི་ནང་འགལ་བསྟན་པ་དེའི་ཕྱིར། བསྐལ་པ་མཐའི་བར་དུ་ལན་མེད་དོ། །

གཞན་ཡང་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཐར་དགོངས་པ་རྫོགས་དུས་བསྙུང་གཞི་གང་ཡང་མ་བཞེས་པ་དང་། ན་སོ་བཅུ་དྲུག་ཅན་གྱི་གཞོན་ནུའི་ལང་ཚོ་ཅན་གྱི་མདངས་ཁོ་ན་བཟུང་སྟེ་སྐུ་ཚེའི་མཛད་པ་མཐར་སོན་པར་ཐལ། སངས་རྒྱས་དངོས་ལ་ན་བ་དང་རྒ་བའི་ཚུལ་བཟུང་རྒྱུ་མེད་ཅིང་། ཐ་མལ་པའི་ཚུལ་ཡང་བཟུང་རྒྱུ་མེད་པ་དོན་གྱིས་ཁས་བླངས། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཉིད་བཅོམ་ལྡན་འདས་ཀྱི་ཡང་སྤྲུལ་ཡིན་པ་གཉིས་ཀ་ཁྱེད་ཅག་གིས་འདོད་པའི་ཕྱིར། འདི་ལ་འདོད་ལན་ཐེབས་ན་མངོན་སུམ་དུ་བསྙོན་པ་ཁོ་ནའོ། །

དེ་ལྟར་མིན་པར་ཇི་ལྟར་ཐ་མལ་བ་ལ་ན་རྒྱུ་དང་ཚ་རྒྱུ་རྨོངས་རྒྱུ་སོགས་ཡོད་པ་ལྟར་༸སྐྱབས་རྗེ་རིན་པོ་ཆེ་ཡང་དེའི་ཚུལ་བཟུང་བས་མཐར་བསྙུང་གཞི་བཞེས་ནས་དགོངས་པ་རྫོགས་པ་དང་། བགྲེས་པའི་ཚུལ་བཞེས་པ་ཡང་མི་འགལ་ན་བདག་ཅག་གི་གཙུག་གི་ནོར་བུ་༸སྐྱབས་མགོན་༸རྒྱལ་བའི་དབང་པོར་ཡང་སྒོ་ཀུན་ནས་མཚུངས་སོ། །

དེ་བཞིན་རྗེ་རིན་པོ་ཆེའི་སྐུ་ཚེའི་མཛད་པའི་ནང་དུ་ཡང་བསྙུང་བའི་ཚུལ་དང་། རྗེ་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་ལས་ལྟ་ཁྲིད་གསན་སྐབས་ཇི་བཞིན་མི་གོ་བའི་ཚུལ་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཞུས་པ་རྗེ་ཉིད་ཀྱི་ཐུགས་སྲས་མཁས་གྲུབ་རིན་པོ་ཆེས་མཛད་པའི་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ནང་ཤིན་ཏུ་གསལ་བས། དེས་ན་རྗེ་རིན་པོ་ཆེ་ཡང་ཆོས་ཅན། ཁྱེད་ཅག་རྣམས་ལྟར་ན་རྗེ་བཙུན་འཇམ་དཔལ་དབྱངས་ལས་ལྟ་ཁྲིད་གསན་མི་དགོས་པ་དང་། ལྟ་བའི་ཚུལ་ཇི་བཞིན་མི་གོ་བར་ཞུས་པ་དེ་དེ་ལྟར་མིན་པར་ཐལ། རྗེ་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་དངོས་ཡིན་པའི་ཕྱིར་དང་། རྗེ་བཙུན་སངས་རྒྱས་ཟིན་པ་ལ་ཐ་མལ་པའི་ཚུལ་བཟུང་རྒྱུ་མེད་པའི་ཕྱིར།

དེ་བཞིན་མཐར་དགོངས་པ་རྫོགས་དུས་སུ་བསྙུང་གཞི་བཞེས་པའི་ཚུལ་བཟུང་བ་དེ་ཡང་མི་འཐད་པ་ཐལ། རྗེ་རིན་པོ་ཆེ་རྗེ་བཙུན་འཇམ་དཔལ་དབྱངས་དངོས་ཡིན་པ་ཁྱེད་རྣམས་ཀྱང་འདོད་ཅིང་། རྗེ་བཙུན་འཇམ་དཔལ་དབྱངས་སངས་རྒྱས་དངོས་ཡིན་པ་རང་གཞན་གཉིས་ཀས་འདོད་ཅིང་། སངས་རྒྱས་ལ་ཐ་མལ་བའི་ཚུལ་བཟུང་རྒྱུ་མེད་པ་ཁྱེད་ཅག་གི་ལུགས་ཡིན་པ་དེའི་ཕྱིར། གལ་ཏེ་འདོད་ན་མཁས་གྲུབ་རིན་པོ་ཆེས་རྣམ་ཐར་དད་པའི་འཇུག་ངོགས་ནང་རྫུན་ཆེན་པོ་གསུངས་པར་ཐལ་ལོ། །

གཞན་ཡང་སངས་རྒྱས་ཀྱིས་གདུལ་བྱའི་སྐལ་བ་དང་འཚམས་པར་དེ་དག་ཀུན་འདུལ་བའི་ཐབས་མ་བསྟེན་པའི་ཉེས་པ་དང་། ཡང་ན་སངས་རྒྱས་ཀྱིས་དེ་མ་མཁྱེན་པའི་ཉེས་པ། སྐྱེ་བ་སྤྲུལ་སྐུ་སོགས་ཀྱང་མི་འཐད་པར་འགྱུར་བའི་འགལ་བའི་འཁུར་ཆེན་འདི་དག་འཁྱེར་ཞིག།

གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་དང་པོར་གཟུགས་ནས་བྱང་ཕྱོགས་སོ་བདུན་བར་གྱི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པར་བཀའ་བསྩལ། འཁོར་ལོ་བར་པར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་བཀའ་སྩལ་བས་བཅོམ་ལྡན་འདས་ཀྱང་ཆོས་ཅན། སངས་རྒྱས་དངོས་མིན་པ་ཐལ། རང་ཚིག་སྔ་ཕྱི་འགལ་བའི་ཕྱིར། གལ་ཏེ་གདུལ་བྱ་འདུལ་བའི་དགོས་པ་ཡོད་པས་མི་འགལ་ཟེར་ན། འོ་ན་དགོས་པའི་དབང་གིས་དེ་ལྟར་མཛད་པ་ཅི་ཡང་སྟོན་སྲིད་པར་ཐལ། འདོད་ན། ངེད་ཀྱི་རྗེ་བཙུན་བླ་མ་དམ་པ་འདི་ལ་ཡང་སྒོ་ཀུན་ནས་མཚུངས་སོ། །

གཞན་དོལ་རྒྱལ་ཡང་ཆོས་ཅན། སྤྱིར་འདྲེ་ངན་ཡིན་མོད་ཀྱི། ཁྱེད་ཅག་གིས་སངས་རྒྱས་ཡིན་ཞེས་སྨྲ་བ་དེ་ཡང་མི་འཐད་པར་ཐལ། སྔར་ས་སྐྱའི་བདག་ཆེན་གྱི་མདུན་དུ་ང་དགེ་ལྡན་པའི་དམ་སྲི་ཡིན་ཞེས་ཁས་བླངས་པ་དོལ་རྒྱལ་གྱི་སྲོག་གཏད་ཀྱི་སྔོན་འགྲོའི་ཁ་སྐོང་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་མཛད་པ་དེའི་ནང་དོན་ལྟར་དང་། རྗེས་སུ་དགེ་ལྡན་པའི་ཆོས་སྲུང་ཡིན་ཞེས་དོལ་རྒྱལ་རང་གིས་སྨྲ་བཞིན་ཡོད་པ་གཉིས་འགལ་བའི་ཕྱིར་དང། ཡང་ན་དེ་རྫུན་ཡིན་ན་དོལ་རྒྱལ་གྱིས་རྫུན་སྨྲས་པར་འགྱུར་བས་སངས་རྒྱས་ལ་ངག་གི་ཉེས་པ་མ་སྤངས་པར་འགྱུར་ཏེ། ཐ་མལ་བའི་ཚུལ་བཟུང་རྒྱུ་མེད་པ་ཁྱེད་ཅག་གིས་དོན་གྱིས་ཁས་བླངས་ལ་སོང་བས། དེས་ན་རྫུན་སྨྲ་བའི་སངས་རྒྱས་ཡོད་པས་སངས་རྒྱས་ལ་སྐྱོན་ཐམས་ཅད་སྤངས་མི་དགོས་པ་སོགས་ཀྱི་འགལ་བའི་འཁུར་ཆེན་འདི་དག་འཁྱེར་ཞིག ཡང་ན་དམ་སྲི་དང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གཞི་མཐུན་འདོད་པ་བཞད་གད་ཀྱི་གནས་ཁོ་ན་འདི་རང་ལུགས་སུ་ཟུངས་ཤིག

ཡང་དོལ་རྒྱལ་རྗེས་འབྲང་པ་རྣམས་ཀྱིས་ཀྱང་སྤྲུལ་སྐུ་གྲགས་རྒྱན་རྗེ་བཙུན་འཇམ་དཔལ་དབྱངས་དངོས་ཡིན་ཞེས་སྨྲ་བ་དང། གྲགས་རྒྱན་དར་རྫོང་རྒྱབ་ཏེ་བཀྲོངས་པ་གཉིས་ཀྱང་ཁྱེད་རྣམས་ཀྱི་རིགས་པ་འདིས་ནང་འགལ་གྱི་འཁུར་ཆེན་དུ་འགྱུར་ཏེ། གྲགས་རྒྱན་ཆོས་ཅན། སངས་རྒྱས་དངོས་མིན་པར་ཐལ། དར་རྫོང་རྒྱབ་ནས་བཀྲོངས་པའི་ཕྱིར། ཁྱབ་སྟེ། དར་རྫོང་གིས་སངས་རྒྱས་དངོས་ཀྱི་སྐུ་ལ་གནོད་པ་བྱེད་མི་ནུས། སངས་རྒྱས་ལ་ཐ་མལ་པའི་ཚུལ་བཟུང་རྒྱུ་མེད་པའི་ཕྱིར།

གཞན་ཡང། གྲགས་རྒྱན་དགོངས་པ་རྫོགས་པའི་ཚུལ་ལུགས་སྣ་ཚོགས་སྨྲ་བའི་༸སྐྱབས་རྗེ་རྣམ་པ་གཉིས་གཙོ་བོར་གྱུར་པའི་ཁྱེད་རྣམས་ཀྱི་སྤྱི་བོར་ལེན་པའི་བླ་མ་ཀུན་ཡང་ཆོས་ཅན། སངས་རྒྱས་དངོས་མིན་པ་ཐལ། དོལ་རྒྱལ་གྱི་གནས་ཚུལ་ཇི་བཞིན་མི་མཁྱེན་ནས་གྲགས་རྒྱན་བཀྲོངས་སྣ་ཚོགས་པར་སྨྲས་པའི་ཕྱིར་དང། མི་མཁྱེན་པའི་ཚུལ་བཟུང་རྒྱུ་མེད་པས་ཐུགས་ལ་འཁྲུལ་བ་མངའ་བ་དོན་གྱིས་གྲུབ་པའི་ཕྱིར་ཏེ། ཁྱེད་རྣམས་ལྟར་ན་གྲགས་རྒྱན་སངས་རྒྱས་ཡིན་ན་དོན་ལ་བདུད་བཞིའི་གཡུལ་ལས་རྒྱལ་བས་འདས་གྲོངས་ཀྱི་རྭ་བ་ལས་བརྒལ་ཟིན་ལ། དེ་དག་གིས་ནི་གྲགས་རྒྱན་༸གོང་ས་ལྔ་པ་ཆེན་པོའི་ཞབས་འབྲིང་པས་སྐུ་བཀྲོངས་པར་སྨྲས་པའི་ཕྱིར།

བཀྲོངས་ཚུལ་གྱི་འདོད་པ་ལ་བླ་མ་དེ་རྣམས་ཀྱི་དབར་ཡང་མི་མཐུན་པ་མང་བས་སྤྱིར་ནི་ཡིད་བརྟན་དཀའ་ལ། ཁྱད་པར་ཡོངས་སུ་གྲགས་པའི་འདོོད་པ་ནི་༸ནང་སོ་ནོར་བུ་དང་༸གོང་ས་ལྔ་པ་ཆེན་པོའི་ཞབས་འབྲིང་པས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ལ་མཚོན་གྲིས་ཇི་ཙམ་བསྣུན་ཡང་རྨ་ཙམ་ཡང་མ་བཞེས་པས་ན། མཐར་དར་རྫོང་རྒྱབ་ནས་བཀྲོངས་པར་འདོད་པ་དེ་ཡིན་ལ། དེ་ལྟར་སྨྲས་པ་ལ་ཡང་འདི་ལྟར་དོགས་ཏེ། གྲིས་བསྣུན་ཡང་རྨ་ཙམ་ཡང་མི་བཞེས་པའི་རྟོགས་པ་འབྱུང་བཞི་ལ་རང་དབང་ཐོབ་པ་ལྟ་བུ་ཡོད་ན་དར་རྫོང་རྒྱབ་ནའང་ཇི་ལྟར་བཀྲོངས་སྲིད་དེ། གྲིས་བསྣུན་ཡང་མ་འདས་པ་དང་མཚུངས་པའི་ཕྱིར། གཞན་ཡང་དེ་ལྟར་ལོ་རྒྱུས་ཀྱི་ཁུངས་དེ་དུས་ཀྱི་ཡིག་ཆ་གང་ཡང་མེད་པར་བྱུང་རྒྱལ་དུ་སྨྲས་པ་དེ་ཡང་མི་འཐད་དེ། གྲགས་རྒྱན་གྲོངས་ཁར་༸གོང་ས་ལྔ་པ་ཆེན་པོས་མགོན་པོའི་རྗེས་གནང་མཛད་ཀྱང་། མ་ཕན་པར་མཐར་གདོན་ཞིག་གིས་རྒྱུད་བརླམས་ཏེ་འདས་གྲོངས་སུ་སོང་པ་༸གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ནང་ཤིན་ཏུ་གསལ་བས་འདི་ཁོ་ན་ཡིད་ཆེས་པའི་གནས་སོ། །

གཞན་ཡང་བླ་མ་དེ་རྣམས་ཀྱིས་གྲགས་རྒྱན་དགོངས་པ་རྫོགས་སྟངས་སྣ་ཚོགས་སྨྲས་ཀྱང། དོན་ལ་གྲགས་རྒྱན་དགོངས་པ་རྫོགས་པ་སྨྲས་པས། དེ་དག་དང་གྲགས་རྒྱན་སངས་རྒྱས་སུ་འདོད་པ་གཉིས་ཁྱེད་ཅག་གི་ལུགས་ལ་ནང་འགལ་དུ་དོན་གྱིས་གྲུབ་པས། དེས་བླ་མ་དེ་དག་ཀུན་གྱི་ཐུགས་ལ་འཁྲུལ་བ་མངའ་བ་ཡང་འགྲུབ་པས། དེས་ན་༸སྐྱབས་རྗེ་ཡབ་སྲས་རྣམ་པ་གཉིས་ཀྱང་ཆོས་ཅན། ཁྱེད་ཅག་གིས་སངས་རྒྱས་དངོས་སུ་འདོད་པ་དེ་ཡང་མི་འཐད་པར་ཐལ། ཐུགས་ལ་འཁྲུལ་བ་མངའ་བའི་ཕྱིར་ཏེ། གྲགས་རྒྱན་སངས་རྒྱས་སུ་འདོད་བཞིན་གཞན་གྱིས་ངན་བྱུས་ཀྱིས་སྐུ་བཀྲོངས་པར་གསུངས་པའི་ཕྱིར། ཁྱབ་པ་ཁས་བླངས་ལ་སོང།

འདིས་དམ་ཉམས་པ་བྱམས་པ་བློ་བཟང་གིས་བྱིས་པའི་རིགས་ལམ་གྱིས་༸སྐྱབས་མགོན་༸རྒྱལ་བའི་དབང་པོར་སྐུར་བ་འདེབས་པའི་དོན་ཡང་ཐལ་བར་བརླག་པའོ། །

དེ་བཞིན་༸སྐྱབས་རྗེ་བདེ་ཆེན་སྙིང་པོའང་ཆོས་ཅན། སྤྱིར་ཧེ་རུ་ཀ་དངོས་ཡིན་དུ་ཆོག་ཀྱང་། ཁྱེད་ཅག་ལྟར་ན་ཧེ་རུ་ཀ་དངོས་ཀྱང་མིན་པར་ཐལ། ༸རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་སྤྱན་སྔར་དོལ་རྒྱལ་འཇིག་རྟེན་དྲེགས་པར་ཁས་བླངས་ཏེ་དེ་བསྟེན་ཚུལ་ནོར་བ་སྐྱབས་འགྲོའི་བསླབ་བྱ་དང་འགལ་བར་འགྱོད་བཤགས་བྱས། ཕྱིན་ཆད་མི་བསྟེན་པའི་དམ་བཅའ་ཡང་བྱས། འོན་ཀྱང། རང་གི་གསུང་རྩོམ་དུ་དོལ་རྒྱལ་འཇམ་དབྱངས་དྲག་ཏུ་ཁྲོས་པར་གསུངས་ཤིང། ༸རྒྱལ་དབང་བཅུ་གསུམ་པ་དགོངས་པ་རྫོགས་རྗེས་དོལ་རྒྱལ་ཁྱབ་བརྡལ་རྒྱ་ཆེ་མཛད་ཅིང་། རང་གིས་སྔར་༸རྒྱལ་དབང་བཅུ་གསུམ་པའི་དྲུང་དུ་ཁས་ལེན་བྱས་པ་ལས་བརྒལ་ཏེ་བླ་མའི་བཀར་ཁྱད་གསོད་མཛད་པ་གཉིས་འགལ་བའི་ཕྱིར།

ཡང་དོལ་རྒྱལ་གྱིས་༸སྐྱབས་རྗེ་ཕ་བོང་ཁས་རྙིང་ཆོས་གསན་པར་མི་དགའ་བའི་ཆོ་འཕྲུལ་གྱིས་རྗེ་བདེ་ཆེན་སྙིང་པོའི་སྐུ་གཟུགས་ལ་བསྙུང་གཞི་དང་སྐུ་མདོག་ཀྱང་རྨུགས་ནག་ལྟ་བུར་སོང་བའི་གནོད་པ་བྱས་ལུགས་ཛེ་སྨད་རིན་པོ་ཆེས་ཕ་རྒོལ་བླ་མའི་ཞལ་གྱི་བདུད་རྩིར་གསུངས་འདུག་ན། ༸སྐྱབས་རྗེ་ཕ་བོང་ཁ་ཡང་ཆོས་ཅན། དཔལ་ཧེ་རུ་ཀར་ཁྱེད་ཅག་གིས་བསྒྲགས་པ་དེ་ཡང་མི་འཐད་པར་ཐལ། ཧེ་རུ་ཀ་སངས་རྒྱས་ཡིན་པ་ལ་ན་རྒྱུ། གཞན་གྱིས་ཆོ་འཕྲུལ་གྱིས་གནོད་པ་ཕོགས་ཚུལ། དང་པོའི་མཛད་པར་གསང་ཆེན་རྙིང་མ་མཛད་ལུགས། བར་དུ་དེ་དག་ནོར་བར་འཛིན་ཚུལ། ཐ་མར་དགོངས་པ་རྫོགས་དུས་སྙུང་གཞི་བཞེས་ཚུལ་སོགས་ཐ་མལ་པའི་ཚུལ་བཟུང་རྒྱུ་མེད་པའི་ཕྱིར།

ཡང་དོལ་རྒྱལ་གྱིས་༸སྐྱབས་རྗེ་ཕ་བོང་ཁར་གནོད་པ་བྱས་པ་དེ་ཡང་མིན་པར་ཐལ། སངས་རྒྱས་ནང་ཕན་ཚན་དེ་ལྟར་མི་མཛད། ཀུན་ལ་ཐ་མལ་པའི་ཚུལ་བཟུང་རྒྱུ་མེད་པ་ཁྱེད་ཅག་གྱི་ཁས་བླངས་ལ་སོང་བའི་ཕྱིར།
ཅི་སྟེ་༸སྐྱབས་རྗེ་རྣམ་གཉིས་ལ་དེ་ལྟར་མཛད་པ་མཛད་རྒྱུ་ཡོད། ༸སྐྱབས་མགོན་༸རྒྱལ་བའི་དབང་པོར་དེ་ལྟར་མི་རུང་སྙམ་ན། དེ་ནི་ཁྱེད་ཅག་གི་རྨོངས་ཞེན་ཁོ་ན་ལས་སངས་རྒྱས་ཟིན་ལ་དེ་ལྟ་བུའི་ཁྱད་པར་ཕྱེ་རྒྱུ་མེད་པའི་ཕྱིར་ཏེ།

མཛོད་རྩ་བ་ལས།
སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པས། །
མཉམ་པ་ཉིད་དེ་སྐུ་ཚེ་དང་། །རིགས་དང་སྐུ་བོང་ཚོད་ཀྱིས་མིན། ། ཞེས་གསུངས་པའི་ཕྱིར།

ལར་ནས་སྤྱིར་སངས་རྒྱས་ཀྱི་གསུང་དང་མཛད་པ་མི་འདྲ་བ་དུ་མ་ཡོད་པ་རྣམས་རང་གི་ཉམས་མྱོང་དང། ལུང་དང་རིགས་པ་སོགས་ཀྱི་སྒོ་ནས་དཔྱད་ནས་ལེགས་ཉེས་འབྱེད་དེ་སྤང་བླངས་འཇུག་ལྡོག་ཚུལ་བཞིན་དུ་བྱེད་དགོས་པ་ལས། རྨོངས་དད་དང་ལྐུགས་པ་ཨུ་ཚུགས་ཁོ་ནས་འཇུག་པ་ནི་རྣམ་དཔྱོད་ཤིན་ཏུ་ཞན་པའི་རྟགས་ཡང་དག་ཁོ་ནར་ཟད་དོ། །

འདི་ལས་ཀྱང་ཟབ་པའི་དོན་སྨྲ་རྒྱུ་ཤིན་ཏུ་མང་དག་ཡོད་མོད་ཀྱང་། གཅིག་ནས་ཁྱེད་ཅག་དམ་ཉམས་ཡིན་པ་དང། གཉིས་ནས་རྣམ་དཔྱོད་ཤིན་ཏུ་ཞན་པ། གསུམ་ནས་རང་ཞེན་ཤིན་ཏུ་ཆེ་བའི་བདག་འཛིན་གྱི་གོང་བུ་ལྟ་བུར་གྱུར་ནས་ཡོད་པས། གོང་དུ་བཤད་པ་འདི་དག་གིས་མ་གོ་ན། སྣོད་རུལ་བའི་དྲི་མ་ཅན་ཡིན་པས་གཞན་རྣམས་ཇི་ཙམ་བཤད་ཀྱང་མི་གོ་བར་འགྱུར་བས་འདིར་དེ་ཙམ་ལས་མི་སྤྲོའོ། །

Related Articles

ལམ་སྟོན།