དགའ་ལྡན་ཕོ་བྲང་དང་དོལ་རྒྱལ་གྱི་སྐོར།

ཕྱི་ལོ་ ༢༠༠༥ ཟླ ༨ ཚེས་ ༡༦ ཉིན་ལྡི་ལི་བསམ་ཡས་གླིང་གཞིས་སྒར་དུ་བོད་ནས་གསར་འབྱོར་ཁག་གཅིག་མཇལ་ཁའི་ཐོག་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།

   ྋགོང་ས་ལྔ་པ་ཆེན་པོས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གང་འདྲ་ཞིག་ལ་ངོས་འཛིན་གནང་ཡོད་དམ་ཞེ་ན།སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་ཞེས་གསུངས་ཡོད། དེས་ན་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཀྱང་དམ་བསྒྲགས་གནང་ཡོད། དེ་སྔ་བོད་དུ་འབྲས་སྤུངས་སྔགས་ཁང་དུ་ཕེབས་སྐབས་དེར་སྔོན་ནས་དོལ་རྒྱལ་གྱི་འདྲ་བརྙན་ཞིག་ཡོད་པ་དེ་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པས་དམ་བསྒྲགས་གནང་རྗེས་སྐུ་བརྙན་དེ་ཕྱིར་འདོན་དགོས་ཞེས་བཀའ་ཕེབས་པའི་སྐོར་གྱི་ལོ་རྒྱུས་གྲྭ་པ་རྒན་པ་ཚོར་ཤོད་རྒྱུ་ཡོད། གང་ལྟར་སྐུ་གོང་མས་དམ་བསྒྲགས་གནང་ཡོད་པ་དང༌། ལྷག་པར་ྋསྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་དོལ་རྒྱལ་གྱི་ཐོག་ནས་ཐུགས་སྣང་མ་གཏད་པ་བྱུང་སྟེ་བཀའ་ནན་ཕེབས་པ་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་རྣམ་ཐར་བོད་དུ་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་དྲུང་ཡིག་ཞབས་ཞུ་བ་བློ་བཟང་རྡོ་རྗེས་ཕྱོགས་བསྒྲིགས་བྱས་པའི་རྣམ་ཐར་སྟོད་སྨད་གཉིས་ཡོད་པ་དེའི་ནང་ཧ་ཅང་གསལ་པོ་ཡོད། དེས་ན་གནས་ཚུལ་དེ་ལྟར་ཡིན།

   གང་ལྟར་ངས་དོལ་རྒྱལ་བསྟེན་པ་ནོར་ཡོད་པ་དང༌། ངས་དོལ་རྒྱལ་དམ་བསྒྲགས་བྱས་པ་དེ་ནོར་མེད།ྋགོང་ས་ལྔ་པ་ཆེན་པོས་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོར་ངོས་འཛིན་གནང་བ་དེ་ངས་བསྟེན་པ་དང༌། ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་དོལ་རྒྱལ་བསྟེན་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་གྱི་རེད་ཅེས་གསུངས་པ་དེ་ངས་བསྟེན་པ་ཡིན། ངས་བསྟེན་པ་དེ་ནོར་ཡོད། འདུལ་བ་ལས་ཉེས་པ་ལ་ཉེས་པ་མཐོང་ངམ་ཞེས་པར། མཐོང་ལགས་ཞེས་བརྗོད་པ་ལྟར་ངས་ཉེས་པ་ལ་ཉེས་པ་མཐོང་ནས་བཞག་པ་ཡིན། བཞག་པ་ཙམ་མིན་པར་བོད་ཀྱི་བསྟན་སྲིད་སྤྱི་དང༌། དགའ་ལྡན་ཕོ་བྲང་ཐོག་མར་འཛུགས་མཁན་ྋགོང་ས་ལྔ་པ་ཆེན་པོ་རེད། ྋགོང་ས་ལྔ་པ་ཆེན་པོ་དང་དམ་སེལ་ཡོད་པ་དང༌། དགའ་ལྡན་ཕོ་བྲང་ལ་མི་དགའ་བ་ཡོད་པ་ཞིག་བསྟེན་པའི་སྲུང་མ་ཧ་ལས་པ་ཞིག་ཡིན་ཞེས་བརྗོད་ན། དེ་ནི་དགའ་ལྡན་ཕོ་བྲང་གི་བསྟན་སྲིད་ལ་གནོད་པ་ལས་ཕན་ཐོགས་མེད། རྒྱུ་མཚན་དེ་ལྟར་ལ་བརྟེན་ནས་ངས་དམ་བསྒྲགས་བྱས་པ་ཡིན། དེ་ནི་དོན་ཚན་གཅིག་ཡིན།

   དཔེར་ན། ངས་ལོ་རྒྱུས་ཤིག་བཤད་ན། སྤྲོ་བདེ་ཁང་གསར་ཞེས་དོལ་རྒྱལ་གྱི་ལྕོག་དེ་ལྷ་སར་ཡོད། ངས་ཤེས་པའི་སྤོམ་པོ་རའི་གྲྭ་པ་ཞིག་ཡོད ཁོང་རང་ཆུང་ངུའི་སྐབས་སྤྲོ་བདེ་ཁང་གསར་གྱི་དཀོན་གཉེར་བྱེད་མཁན་སྤོམ་པོ་རའི་བླ་རྒན་ཞིག་ཡོད་ཅིང༌(དེའི་མིང་ལ་སྨིན་གླི་བྱང་ཆུབ་རྒྱལ་མཚན་ཟེར།) བླ་རྒན་དེས་སྐབས་དེར་ཆབ་སྲིད་ཀྱི་གནས་ཚུལ་ཤེས་ཀྱི་མེད། བླ་རྒན་དེས་བརྗོད་པ་ལ། གསོལ་ཁ་དམིགས་བསལ་ཞིག་གི་སྐབས་སུ་ཡིན་པ་འདྲ་འདུག རྒྱལ་ཆེན་ཤུགས་ལྡན་ཕེབས་ཟིན་པའི་རྗེས་བཙན་ཁང་གི་སྒོ་འགྲམ་དུ་ཕར་སོང་སྟེ་རྟེན་མདུང་གཅིག་གཡུགས་ནས་དགའ་ལྡན་ཕོ་བྲང་གི་མགོ་ལ་འདི་འཁྱེར་ཞེས་པའི་ཚིག་དེ་བརྗོད་ནས་རྟེན་མདུང་དེ་མར་གཡུགས་ཏེ་ས་ལ་བརྡབས་པའི་རྗེས་ཤུལ་མཐོང་རྒྱུ་ཡོད་ཅེས་བརྗོད་པའི་ལོ་རྒྱུས་ཤིག་འདུག་ཅེས་བརྗོད་འབྱུང། དེས་ན་དགའ་ལྡན་ཕོ་བྲང་དང་མ་འགྲིགས་པ་ཞིག་ཡོད་པ་དང༌། དེས་རྐྱེན་པས་སྤྲོ་བདེ་ཁང་གསར་ལ་དོལ་རྒྱལ་སྐུ་ཕེབས་ཟིན་རྗེས་རྟག་ཏུ་ཡིན་མིན་མི་ཤེས་ཀྱང༌། སྐབས་ཤིག་ལ་རྟེན་མདུང་མར་གཡུག་ནས་དགའ་ལྡན་ཕོ་བྲང་གི་མགོ་ལ་འདི་འཁྱེར་ཟེར་བ་ཞིག་ཡོང་གི་ཡོད་ས་རེད། དེ་ལྟར་བྱེད་ཀྱི་རེད་ཅེས་སྤོམ་པོ་རའི་དཀོན་གཉེར་བླ་རྒན་ཞིག་ཡོད་པ་དེས་བརྗོད་ཀྱི་ཡོད་ཟེར་གྱི་འདུག གྲྭ་པ་བླ་རྒན་དེ་ད་ལྟ་ལོ་བདུན་ཅུ་བརྒྱད་ཅུའི་ནང་དུ་སླེབས་ཡོད། ཁོང་རང་ཆུང་ཆུང་སྐབས་བླ་རྒན་གྱིས་དེ་ལྟར་བརྗོད་མྱོང་ཞེས་ཁོ་རང་གི་ཁ་ནས་བརྗོད་ཀྱི་འདུག དེས་ན་དགའ་ལྡན་ཕོ་བྲང་དང་མ་འགྲིགས་པའི་གནས་ཚུལ་ཡོད་པ་གསལ་པོ་རེད་འདུག

ཕྱི་ལོ་ ༢༠༠༠ ཟླ་ ༣ ཚེས་ ༡༥ ཉིན་མོན་གྷོ་འདོད་རྒུ་གླིང་གཞིས་སྒར་དུ་ཁུལ་དེའི་སེར་སྐྱ་མི་མང་ཡོངས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་བརྟན་བཞུགས་བསྟར་འབུལ་སྐབས་དོལ་རྒྱལ་སྐོར་སྩལ་བའི་བཀའ་སློབ།

   ངོས་ནས་དམ་བསྒྲགས་བྱས་པ་འདི་ང་མི་གཅིག་གིས་བསམ་བཏང་དྲན་སྐྱེས་བྱས་པ་ཞིག་མིན་པར། ྋགོང་ས་ལྔ་པ་ཆེན་པོའི་སྐབས་ཀྱང་དེ་སྐོར་དམ་བསྒྲགས་ཆེན་པོ་གནང་སྟེ། མདོར་ན། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཡང་སྨོན་ལམ་ལོག་པའི་དམ་སྲིར་ངོས་འཛིན་གནང་བའི་སྐོར་ྋརྒྱལ་བ་ལྔ་པའི་གསུང་འབུམ་ནང་ཧ་ཅང་གསལ་པོ་འདུག དེའི་རྒྱབ་གནོན་དུ་གོང་ཞུས་ཕུར་ལྕོག་ངག་དབང་བྱམས་པ་སོགས་དགེ་ལྡན་གྱི་རིང་ལུགས་རྐྱང་པ་ཉམས་བཞེས་གནང་མཁན་དེ་དག་ནས་དོལ་རྒྱལ་གྱི་ཐོག་དམ་བསྒྲགས་གནང་བ་དེ་དག་ང་ཚོས་ཤེས་དགོས་པ་ཡིན། གང་ལྟར་དགའ་ལྡན་ཕོ་བྲང་དང་རྟེན་འབྲེལ་འཕྱུགས་ཏེ་སྨོན་ལམ་ལོག་པའི་དམ་སྲིར་གྱུར་པ་ཞིག་ཡིན་དུས། ྋརྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང༌། དགའ་ལྡན་ཕོ་བྲང་གཞུང་གི་ཐོག་ལ་བཀྲ་མི་ཤིས་པའི་གནས་ཚུལ་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་ཡིན། སྐུ་མདུན་སྐུ་གོང་མས་ཀྱང་དམ་བསྒྲགས་གནང་ཡོད།

     སྐུ་མདུན་སྐུ་གོང་མ་དགོངས་པ་རྫོགས་པའི་སྐབས་ལ་དགུ་རྫོགས་གནམ་གང་ལ་ཡིན་དཱ་ཞེས་དོལ་རྒྱལ་གྱི་ངོས་ནས་སྐུ་མདུན་སྐུ་གོང་མ་དགོངས་པ་རྫོགས་རྒྱུ་འདི་སྐད་གསང་མཐོན་པོས་སྒྲོག་པ་ཞིག་ཆགས་པ་འདི་གནས་ཚུལ་ཐབས་སྐྱོ་པོ་ཡིན། སྐུ་མདུན་སྐུ་གོང་མ་དགོངས་པ་རྫོགས་པ་འདི་བོད་ཀྱི་ལྷ་མི་ཡོངས་རྫོགས་མྱ་ངན་སེམས་སྡུག་བྱེད་པའི་གནས་ཚུལ་ཞིག་ཡིན་ཡང༌། དོལ་རྒྱལ་གྱིས་སྐད་གསང་མཐོན་པོས་སྒྲོག་པ་དེས་བཀྲ་མི་ཤིས་མཁན་ཞིག་ཡིན་པ་གསལ་པོ་ཡིན། དགའ་ལྡན་ཕོ་བྲང་དང་གཞུང་ལ་ཡིད་ཆེས་དང་མོས་པ་ཡོད་པ། བཀའ་དྲིན་དྲན་ཤེས་བྱེད་མཁན་གྱི་མི་ཞིག་ཡིན་ན། དེ་དག་ལ་བསམ་བློ་གཏོང་དགོས་པ་ཡིན། བར་སྐབས་དོལ་རྒྱལ་ཚོགས་པས་སྤེལ་བའི་ཡིག་ཆ་ཞིག་གི་ནང་གཞི་ནས་དགའ་ལྡན་ཕོ་བྲང་ལ་ཁ་མཆུ་འཛུགས་ཀྱི་ཡིན་ཞེས་བརྗོད་འདུག གནས་ཚུལ་དེ་དགའ་ལྡན་ཕོ་བྲང་གི་དུས་སུ་བྱུང་བ་བདེན་པ་རེད། ྋགོང་ས་ལྔ་པ་ཆེན་པོས་མདོར་ན་གཟིམ་ཁང་གོང་གི་བླ་བྲང་ས་ས་མལ་དང༌།རྡོ་རྡོ་མལ་དུ་བསྐྱལ་བའི་གནས་ཚུལ་བྱུང་བ་དེའི་ཐོག་ཁ་མཆུའམ་སྐྱོན་འཛུགས་བྱས་ན་འགྲིག་གི་རེད། ྋགོང་ས་ལྔ་པ་ཆེན་པོ་ནས་བཟུང་ྋརྒྱལ་དབང་རིན་བྱོན་དང་མ་འགྲིགས་པའི་གནས་ཚུལ་ཡོད་པ་དང༌། དེ་ནས་ཡར་དེད་ན་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ནས་བཟུང་ྋརྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་མ་འགྲིགས་པའི་གནས་ཚུལ་ཡོད་པ་ཡིན། ཁོ་རང་ལ་རྒྱུ་མཚན་ལྟར་སྣང་གི་ཁུངས་ཤིག་ཡོད་སྲིད།

     གང་ལྟར་གནས་ཚུལ་རྣམས་མཁྱེན་དགོས་པ་ཡིན། འདས་པའི་ལོ་རྒྱུས་དེ་ཚོའི་གྲས་ལ་བར་སྐབས་ནས་དོ་སྣང་ཉམས་ཞིབ་བྱས་ཡོད་ལ། ད་དུང་ཡང་ཉམས་ཞིབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། འདི་ནི་དངོས་བྱུང་གི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྐབས་འཁྱོག་བཤད་བྱས་ཏེ་མིན་པ་ཡིན་པ་དང༌། ཡིན་པ་མིན་པ་བཟོ་བ་ལྟ་བུ་བྱས་ན་མི་འགྲིགས། དངོས་དངོས་རྗེན་རྗེན་གྱི་གནས་ཚུལ་གང་ཡོད་པ་རྣམས་ལ་ཞིབ་འཇུག་བྱེད་དགོས། ལོ་རྒྱུས་ཀྱི་གནས་ཚུལ་ལ་རྒྱ་མིའི་སྐད་ཆ་ལྟར་སྙིགས་དོར་བཅུད་ལེན་བྱ་རྒྱུ་བསྡད་མེད། དངོས་ཡོད་གནས་ཚུལ་རང་སོར་འཇོག་དགོས། རྨོངས་ཞེན་ཕྱོགས་ལྷུང་གི་ལིང་ཏོག་གིས་མིག་བསྒྲིབས་ཏེ་དངོས་ཡོད་གནས་ཚུལ་མ་མཐོང་ན་ཐབས་སྐྱོ་པོ་ཡིན། གནས་ཚུལ་ལ་དོ་སྣང་ཉམས་ཞིབ་བྱས་ཏེ་ཆ་ཚང་གསལ་པོ་ཤེས་པའི་ཐོག་ནས་ྋརྒྱལ་བ་རིན་པོ་ཆེས་བཤད་པ་ལ་ངོ་རྒོལ་བྱས་པ་ཡིན་ན། དེ་ནི་སོ་སོའི་རང་དབང་ཡིན་པས་ང་ལ་ཁྱད་པར་གང་ཡང་མེད།

Related Articles

ལམ་སྟོན།